དགེ་རྒན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་ཕྱག་དཔེ་ཉར་ཚགས་ཁང་པེ་ཅིང་ནས་སྒོ་ཕྱེ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 05-29



            ཟླ་5པའི་ཚེས་25ཉིན། དགེ་རྒན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་ཕྱག་དཔེ་ཉར་ཚགས་ཁང་སྒོ་འབྱེད་པའི་མཛད་སྒོ་དེ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ནས་བསྡུས།  འཇར་སྡོད་བོད་རིགས་སྤུན་ཟླ།  མིང་དུ་གྲགས་པའི་བོད་རིག་པའི་ཆེད་མཁས་པ། འཇར་པན་ཏ་ཀུའུ་སློབ་གྲྭ་ཆེན་མོའི་མཚན་སྙན་སློབ་དཔོན་ཆེན་མོ།  འཇར་པན་ཁྲིན་ཐེན་ཧྲན་ནང་ཆོས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ།  ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་གདན་ཞུའི་ཞིབ་འཇུག་པ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་དང་ཁོང་གི་གཉེན་ཉེ་བཅས་མཛད་སྒོའི་སྟེང་གདན་འདྲེན་ཞུས། 
དགེ་རྒན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་ཕྱག་དཔེ་ཉར་ཚགས་ཁང་སྒོ་འབྱེད་པའི་མཛད་སྒོའི་ཡུལ་དངོས།
            2018ལོར།  དགེ་རྒན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་ཁོང་རང་ཉིད་ཀྱི་ལོ་མང་ཉར་ཚགས་བྱས་པའི་བོད་ཡིག་དང་ལེགས་སྦྱར་གྱི་ཡི་གེ།  འཇར་པན་གྱི་ཡི་གེ། དབྱིན་ཡིག་སོགས་ནས་བྲིས་པའི་བོད་རིག་པའི་ཞིབ་འཇུག་སྐོར་གྱི་ཕྱག་དཔེ་པོ་ཏི་5000ལྷག་རིན་མེད་དུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ལ་ཞལ་འདེབས་སུ་ཕུལ།  ཕྱག་དཔེའི་ནང་དོན་ལ་ཆོས་ལུགས་དང་མཚན་ཉིད་རིག་པ།  བརྡ་སྤྲོད།  ལོ་རྒྱུས་སོགས་འདུས་ཤིང་།  དེ་ལས་《བཀའ་འགྱུར》དང་《བསྟན་འགྱུར》《ཇོ་ནང་ཏཱ་ར་ན་ཐའི་གསུང་འབུམ》《བྱང་ཆུབ་ལམ་རིམ་ཆེན་མོ》《པདྨ་བཀའ་ཐང》སོགས་མང་པོ་ཞིག་ཤིང་དཔར་དང་ལག་བྲིས། གསེར་བྲིས་བཅས་ཡིན་པས།  ལོ་རྒྱུས་རིག་དངོས་དང་ཡིག་ཆའི་རིན་ཐང་ཧ་ཅང་ཆེན་པོ་ལྡན། དེ་ལས་གཞན་འཇར་པན་ཡི་གེའི་པར་གཞི་《ནང་པའི་ཞིང་ཁམས་ཀྱི་ལྟ་གྲུབ》དང་《གསང་སྔགས་རིག་པའི་ཞིབ་འཇུག》སོགས་ཕྱི་རྒྱལ་གྱི་བོད་རིག་པའི་པར་སྐྲུན་གྱི་དཔེ་དེབ་དང་།  དགེ་རྒན་ཆེན་མོ་ཁོང་གི་བོད་རིག་པའི་ཞིབ་འཇུག་གི་ཟིན་བྲིས། བཏང་ཡིག་ཕྱག་བསྟར་མ་དང་དུས་རབས་གོང་མའི་ལོ་རབས་དགུ་བཅུ་པར་བོད་ལ་རྟོག་ཞིབ་ཏུ་ཕྱིན་སྐབས་ཀྱི་བརྙན་རིས་རྒྱུ་ཆ་སོགས་ཀྱང་ཡོད་པས་རིན་ཐང་ཤིན་ཏུ་ཆེ།
            ཐེངས་འདིར་ཞལ་འདེབས་སུ་ཕུལ་བ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཞིབ་འཇུག་ལྟེ་གནས་བཙུགས་པ་ནས་བཟུང་ཕྱིར་སྡོད་བོད་མིས་ཞལ་འདེབས་ཕུལ་བ་དག་ལས་ཁ་གྲངས་ཆེས་མང་བ་དེ་ཆགས་ཡོད།   ཕྱག་དཔེ་འདི་དག་ཉར་ཚགས་དང་བཀོལ་སྤྱོད་ལེགས་པོ་ཐུབ་ཆེད་དང་།  ད་དུང་དེས་བོད་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཁྲོད་ནུས་པ་ལེགས་པོ་འདོན་ཐུབ་པ་བཅས་ཀྱི་ཆེད་དུ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་ཆེད་དུ་དགེ་རྒན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གི་མཚན་གྱིས་མིང་བཏགས་པའི་ཕྱག་དཔེ་ཉར་ཚགས་ཁང་ཞིག་བཙུགས་ཡོད།
            ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་དྲུང་ཡིག་གཞོན་པ་ཧོང་ཀྲི་ཧའེ་(གཡོན་གྱི་གཉིས་པ།)དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་དགྲ་འདུལ།(གཡས་ཀྱི་གཉིས་པ།) དགེ་རྒན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་(དཀྱིལ།)བཅས་ཀྱིས་དགེ་རྒན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གི་ཕྱག་དཔེ་ཉར་ཚགས་ཁང་གི་སྒོ་འབྱེད་མཛད་སྒོའི་དར་ཚོན་གཅོད་བཞིན་པ།
ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཧྲུའུ་ཅི་ཨན་ཆི་ཡའེ་(གཡོན།)ཡིས་དགེ་རྒན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་(དཀྱིལ།)ལ་《བཀའ་བསྟན་འགྱུར》ཕུལ་བ། 
ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་དགྲ་འདུལ་(གཡས།)གྱིས་དགེ་རྒན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་(དཀྱིལ།) ལ་ཕྱག་དཔེ་ཉར་ཚགས་ཀྱི་དཔང་ཡིག་ཕུལ་བ། 
དགེ་རྒན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་ཕྱག་དཔེ་ཉར་ཚགས་ཁང་སྒོ་འབྱེད་པའི་མཛད་སྒོའི་ཡུལ་དངོས། 
ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་དགྲ་འདུལ་གྱི་གསུང་བཤད་གནང་བཞིན་པ།
            སྒོ་འབྱེད་མཛད་སྒོའི་སྟེང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་དགྲ་འདུལ་གྱིས་གསུང་རྒྱུར།  མཁས་པ་ཞིག་ཡིན་པའི་ངོས་ནས། དགེ་རྒན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས་བོད་རིག་པའི་དཔྱད་གཞིའི་ཡིག་ཆ་བསྡུ་ཉར་དང་།  ལེགས་སྒྲིག  སྲུང་སྐྱོབ་བཅས་ཀྱི་ལས་ཀར་ཧ་ཅང་མཐོང་ཆེན་བྱེད།  དགེ་རྒན་ཆེན་མོ་ཁོང་གི་འཇར་པན་གྱི་སྡོད་ཤག་དང་གཞུང་སྒྲུབ་ཁང་དུ་ཆེས་མང་བ་ནི་པར་གཞི་མི་འདྲ་བ་དང་ཡིག་རིགས་མི་འདྲ་བའི་བོད་རིག་པའི་ཕྱག་དཔེ་རེད།  ཕྱག་དཔེ་འདི་དག་ནི་དགེ་རྒན་ཆེན་མོ་ཁོང་གིས་ཚེ་གང་འབད་འབད་འབུངས་འབུངས་དང་།  རྒྱུ་ནོར་འབོར་ཆེན་བཏང་ནས་བསྡུ་ཉར་བྱས་པ་ཞིག་ཡིན་ལ། དེ་ལས་བོད་ཡིག་གི་གནའ་དཔེ་རྩ་ཆེན་ཁ་ཤས་ཤིག་བོར་བརླག་བྱུང་བར་དོགས་ནས་རྒྱུན་དུ་ཁོང་གི་གམ་དུ་ཉར་བས་ད་གཟོད་ད་བར་ཉར་ཚགས་ཐུབ་པ་རེད། དུས་ད་ལྟ།  ཚེ་གང་དཔེ་དེབ་དང་འགྲོགས་ཅིང་།  དཔེ་དེབ་ནི་རང་གི་སྲོག་ལྟར་གཅེས་པའི་དགེ་རྒན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་དགུང་ལོ་བགྲེས་པས། ཁོང་གིས་ཚེ་གང་དཀའ་བ་སྤྱད་ནས་བསྡུ་ཉར་བྱས་པའི་ཕྱག་དཔེ་པོ་ཏི་ལྔ་སྟོང་ལ་ཉེ་བ་སྟེ།  བོད་འབྲེལ་ཕྱག་དཔེ་ཡིག་ཆ་རྩ་ཆེན་དང་། ཟིན་བྲིས། སྤྱིན་ཤོག་གི་རྒྱུ་ཆ་ཚང་མ་རིན་མེད་ངང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ལ་ཞལ་འདེབས་སུ་ཕུལ།  འདིས་ཕྱོགས་གཅིག་ནས་དགེ་རྒན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་བོད་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ། ཞིབ་འཇུག་བཅས་བྱས་པར་ཁས་ལེན་དང་ཡིད་ཆེས་བྱས་པ་མཚོན་ལ།  ཕྱོགས་གཞན་ཞིག་ནས་དགེ་རྒན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་མ་འོངས་པར་བོད་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ། ཞིབ་འཇུག་བཅས་ཀྱི་ཐད་ལ་ནུས་པ་གལ་ཆེན་འདོན་པར་རེ་བ་བཅངས་པའང་མཚོན་ཐུབ་ཟེར།
དགེ་རྒན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་(གཡས།)གིས་གསུང་བཤད་གནང་བཞིན་པ།
            དགེ་རྒན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་ཁོང་རང་ཉིད་དང་བོད་རིག་པ་ཞིབ་འཇུག་ལྟེ་གནས་བར་གྱི་ཡུན་རིང་བོའི་མཉམ་ལས་ཀྱི་འབྲེལ་བའི་སྐོར་གླེང་ནས།  ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་ཡུན་རིང་པོར་བོད་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ། ཞིབ་འཇུག་བཅས་ཀྱི་ཐད་ལ་བྱས་རྗེས་གལ་ཆེན་བཞག་པར་གདེངས་འཇོག་ཆེན་པོ་གནང་།
ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དཔེ་མཛོད་ཁང་གི་འགོ་འཛིན་བསམ་གཏན་ཚེ་རིང་(གཡོན།)གིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བཞིན་པ།
            ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དཔེ་མཛོད་ཁང་གི་འགོ་འཛིན་བསམ་གཏན་ཚེ་རིང་གིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་། ཁོས་བརྗོད་དོན།  དགེ་རྒན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ནི་མཁས་པ་ཞིག་ཡིན་པའི་ངོས་ནས།  ཁོང་ནི་རང་གི་མི་རིགས་ཀྱི་རིག་གནས་ལ་དགའ་ཞེན་ཆེ་བ་དང་། ཕྱག་དཔེ་ནི་རང་གི་སྲོག་ལྟར་གཅེས།  ཧིན་རྡུ་དང་འཇར་པན། ད་དུང་རྒྱལ་ཁབ་གཞན་དག་ལ་འགྲིམས་སྐབས་དང་བསྟུན་ནས།  ཡིག་རིགས་སྣ་ཚོགས་པ་དང་པར་གཞི་མི་འདྲ་བ་མང་པོའི་བོད་རིག་པའི་ཕྱག་དཔེ་རྩ་ཆེན་མང་པོ་བསྡུ་ཉར་བྱས་ཏེ།  སློབ་ཁྲིད་དང་ཞིབ་འཇུག་གི་བྱ་བའི་ཐད་ལ་བཀོལ།  ད་ལྟ།  དགེ་རྒན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་དགུང་ལོ་77ལ་སོན་ཡོད་ཅིང་།   ཁོས་ཁོང་རང་གིས་ཚེ་གང་ལ་བསྡུ་ཉར་དང་ལེགས་སྒྲིག་གནང་པའི་བོད་རིག་པའི་ཕྱག་དཔེ་རྩ་ཆེན་ཡོངས་རྫོགས་རིན་མེད་ངང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ལ་ཞལ་འདེབས་སུ་ཕུལ།  འདི་ནི་ཁོང་གིས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ལ་ཡིད་ཆེས་དང་།  སྐུལ་མ། རྒྱབ་སྐྱོར་ཆེན་པོ་བྱས་པ་ཞིག་རེད་ཟེར།
            མིག་སྔར།   དགེ་རྒན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་ཕྱག་དཔེ་ཉར་ཚགས་ཁང་བཙུགས་ཟིན་པ་དང་། ཁོང་གིས་གནང་བའི་ཕྱག་དཔེ་ཆ་ཚང་གི་དཀར་ཆག་བསྒྲིགས་ནས་དཔེ་སྒྲོམ་སྟེང་བསྟར་ཡོད་ལ། 《ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས་ཞལ་འདེབས་གནང་བའི་ཡིག་ཆའི་དཀར་ཆག》ཀྱང་རྩོམ་སྒྲིག་བྱས་ཚར།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1