རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱས་ཏེ་ཕྱུག་འགྱུར་གྱི་ཐབས་ལམ་བསྐྲུན།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-30


རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱས་ཏེ་ཕྱུག་འགྱུར་གྱི་ཐབས་ལམ་བསྐྲུན།

        དཀར་མཛེས་རྫོང་ཚྭ་རྩྭ་ཤང་རྡོ་ར་ར་འགོའི་བོད་རིག་གནས་སྲོལ་རྒྱུན་ལག་རྩལ་ཐོན་རྫས་བཟོ་སྐྲུན་མཉམ་ལས་ཁང་གི་འདམ་བཟོ་མཁན་པོ་ཚོའི་ལག་སོར་ནས་ཐོན་པའི་སྒྱུ་རྩལ་དང་མཛེས་ཉམས་ཆེ་བའི་གེ་སར་ལག་རྩལ་ཐོན་རྫས་ཀྱིས་མི་ཚོའི་ཡིད་དབང་རབ་ཏུ་འགུགས་བཞིན་ཡོད།

        དེ་སྔོན་གེ་སར་རྒྱལ་པོས་བདུད་བཏུལ་ནས་མི་དམངས་ལ་བདེ་སྐྱིད་སྐྲུན་སྐབས། ང་ཚོའི་ཤང་གི་ཁོངས་གཏོགས་སུ་སེམས་འགུལ་ཐེབས་པའི་གཏམ་རྒྱུད་མང་པོ་ཁྱབ་ཡོད། གེ་སར་རྒྱལ་པོའི་དཔའ་ཐུལ་ཚོས་ཕྱོགས་བཞིར་གཡུལ་ཆེན་འགྱེད་དེ་དཔའ་གཏམ་གནམ་སའི་བར་དུ་བཞག་ཡོད་པ་རེད། རྗེས་སུ་ང་ཚོའི་ཤང་དུ་ལག་ཤེས་བཟོ་རྩལ་པ་ཆེན་པོ་གཉིས་ཀྱིས་འདམ་སྐུ་དང་རི་མོའི་ཐོག་ནས་གེ་སར་གྱི་མཛད་རྗེས་རླབས་ཆེན་བཀོད་ཡོད། དེ་ནས་བཟུང་གེ་སར་རིག་གནས་གྲུབ་རྐྱེན་དུ་གྱུར་པའི་འདམ་སྐུ་དང་ཐང་གའི་ལག་ཤེས་བཟོ་རྩལ་དེ་མི་རབས་ནས་མི་རབས་བར་དུ་དར་བ་རེད།

        རྡོ་ར་ར་འགོའི་བོད་པའི་རིག་གནས་ཀྱི་སྲོལ་རྒྱུན་ལག་རྩལ་ཐོན་རྫས་བཟོ་སྐྲུན་མཉམ་ལས་ཁང་གི་འདམ་བཟོ་མཁན་པོ་པད་མ་འོད་ཟེར་གྱིས་དབུལ་སྐྱོར་གནད་སྨིན་གྱི་ལས་ཀའི་ཁྲོད་ཚྭ་རྩྭ་ཤང་གིས་གེ་སར་རིག་གནས་ཀྱི་ལག་ཤེས་བཟོ་རྩལ་རྒྱུད་འཛིན་བྱས་ནས། གེ་སར་རིག་གནས་ཀྱི་རྒྱུ་ཆ་ལྡན་པའི་ཐོན་རྫས་གསར་སྦོལ་བྱས་ཡོད། གེ་སར་རིག་གནས་ཀྱི་རྒྱུ་ཆ་ལྡན་པའི་ཐང་ག་དང་འདམ་སྐུ་ནི་ཚྭ་རྩྭ་ཤང་གི་ཆེས་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་ཡིན་པས་འགྲུལ་པ་ཚོས་ཧ་ཅང་དགའ་པོ་བྱེད་བཞིན་འདུག་ཅེས་བཤད།

        ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཚྭ་རྩྭ་ཤང་ནི་རང་ཁུལ་གྱི་ཆེས་དབུལ་ཕོངས་ས་ཁུལ་གྱི་ཡ་གྱལ་ཞིག་ཡིན། སྔོན་ཆད་མི་སེར་ཚོ་ལྟོ་གོས་གཉིས་འཛོམས་བྱུང་ཐུབ་མེད་པས་རིག་གནས་སྲུང་སྐྱོང་དང་རྒྱུད་འཛིན་བྱེད་པར་སེམས་ཤུགས་ཡོད་ཀྱང་བྱེད་ནུས་མེད་པ་རེད།

        རང་ཁུལ་གྱི་དབུལ་ཐར་འགག་སྒྲོལ་གྱི་ལས་ཀ་ཟབ་སྤེལ་གཏོང་བ་དང་སྦྲགས། རིག་གནས་འཕེལ་རྒྱས་གཏོང་བའི་ཁྲོད་ཀྱི་གོ་ས་མངོན་གསལ་ཆེ་ལ་ཕན་ནུས་ཀྱང་ཇེ་ཆེར་འགྲོ་བཞིན་ཡོད། ཡིན་ན་ཡང་ཚྭ་རྩྭ་ཤང་གི་སྲོལ་རྒྱུན་གྱི་མི་རིགས་ལག་ཤེས་བཟོ་རྩལ་རྒྱུད་འཛིན་བྱེད་པ་ནི་ཧ་ཅང་དཀའ་མོ་འདུག པད་མ་འོད་ཟེར་གྱིས་གསར་འགོད་པར་སྔོན་ཆད་ཚྭ་རྩྭ་ཤང་གི་ཐང་ག་འབྲི་མཁན་དང་འདམ་སྐུ་བཟོ་མཁན་རྣམས་གྲོང་མི་ཚོ་ཁང་གསར་དུ་སྤོ་སྐབས་ཁང་པའི་མཛེས་རྒྱན་གྱི་ཚུལ་དུ་གསར་བཟོ་བྱེད་བཞིན་ཡོད། མི་རིགས་ཀྱི་ལག་ཤེས་བཟོ་རྩལ་དེས་ལྟོ་གོས་གཉིས་འཛོམས་དང་གླ་དངུལ་ཡང་མང་པོ་མི་རག་པས། མི་རིགས་ཀྱི་རིག་གནས་རྒྱུད་འཛིན་བྱེད་པར་ཧ་ཅང་དཀའ་བ་རེད་ཅེས་བཤད།

        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་གོང་བུར་འགྲིལ་བའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དེ་དུས་ཚོད་ཀྱི་འགྱུར་ལྡོག་དང་བསྟུན་ནས་རྗེས་ལུས་ཀྱི་རྒྱུ་རུ་འགྱུར་མི་སྲིད་པ་རེད་ཅེས་ནན་གསུང་གནང་ཡོད། ང་ཚོ་ཚྭ་རྩྭ་ཤང་ལ་ཕུལ་བྱུང་གི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་འདི་འདྲ་ཡོད་པ་ནི་ང་ཚོའི་རྒྱུ་ནོར་ཡིན་པས། ང་ཚོས་ངེས་པར་དུ་སྲུང་སྐྱོང་ཡག་པོ་དང་རྒྱུད་འཛིན་ཡག་པོ་བྱས་ཏེ་རིག་གནས་ཐོན་ལས་འཕེལ་རྒྱས་ཡོང་བའི་ལམ་བུར་བསྐྱོད་ཐུབ་པ་དང་མི་དམངས་ལ་ཕན་བདེ་སྐྲུན་ཐུབ་བ་བྱ་དགོས་ཅེས་ཚྭ་རྩྭ་ཤང་ཏང་ཨུའི་ཧྲུའུ་ཅི་བློ་བཟང་རྒྱ་མཚོས་དེ་ལྟར་བཤད། སྲོལ་རྒྱུན་གྱི་མི་རིགས་ལག་ཤེས་བཟོ་རྩལ་རིག་གནས་སྲུང་སྐྱོང་བྱེད་ཆེད། 2018ལོར་ཚྭ་རྩྭ་ཤང་གིས་རྡོ་ར་ར་འགོ་བོད་རིག་གནས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཐོན་རྫས་གསར་བཟོ་མཉམ་ལས་ཁང་འཛུགས་གཉེར་བྱས་པ་དང་། མཉམ་ལས་ཁང་གིས་ལག་ཤེས་བཟོ་རྩལ་པའི་ཤེས་ཡོན་འདོན་སྤེལ་བྱེད་སའི་ལས་སྟེགས་བསྐྲུན་ནས། སྤུས་ལེགས་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་དེ་དག་ཡུལ་སྐོར་ཚོང་རར་འདོན་བཅུག་པ་དང་ཆབས་ཅིག གྲོང་མི་དེ་བས་མང་པོ་ཞིག་གིས་འདམ་སྐུ་དང་ཐང་ག་རི་མོའི་ལག་རྩལ་སློབ་སྦྱོང་དང་རྒྱུད་འཛིན་བྱེད་པར་སྣེ་ཁྲིད་བྱས་པ་རེད།

        ད་ལོའི་ལོ་སྟོད་ལ་རྡོ་ར་ར་འགོའི་བོད་རིག་གནས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྫས་མཉམ་ལས་ཁང་གིས་གེ་སར་རིག་གནས་ཀྱིས་རྒྱུ་ཆ་གཙོ་བོར་བྱས་པའི་ལག་ཤེས་ཐོན་རྫས32གསར་བཟོ་བྱས་པར་རྒྱ་ཆེ་བའི་འཛད་སྤྱོད་པ་དག་གིས་གདེང་འཇོག་ཡག་པོ་ཐོབ་པ་རེད།

        སྤྱི་ཟླ5པའི་ཚེས9ཉིན། ཟླ་ཐང་མ་རྩྭ་ཐང་དུ་ཡུལ་སྐོར་བྱེད་སར་འོངས་པའི་ཁྲུང་ཆིང་གི་འགྲུལ་པ་ལིའུ་ཧའེ་པོ་རྩྭ་ཐང་དེའི་མཛེས་ལྗོངས་དང་ཐུན་མིན་གྱི་བོད་པའི་རིག་གནས་ཀྱིས་ཡིད་དབང་རབ་ཏུ་འཕྲོག་ནས་ཕྱིར་ལོག་མི་འདོད་པ་རེད། ཁོ་རང་སྣང་མེད་དུ་ཚྭ་རྩྭ་ཤང་སྲིད་གཞུང་དུ་སླེབས་སྐབས་རྡོ་ར་ར་འགོའི་བོད་སྲོལ་རྒྱུན་རིག་གནས་ལག་རྩལ་ཐོན་རྫས་དག་ལ་སེམས་པ་ཤོར་ནས། མཛེས་སྡུག་ཡིག་དབང་འཕྲོག་པའི་མཐོ་སྒང་གི་ཡུལ་ལྗོངས་ལ་མྱོང་རོལ་བྱེད་ཅིང་། ལྷག་པར་དུ་ཡུལ་དེ་གའི་དམངས་སྲོལ་རིག་གནས་ལ་དོ་སྣང་བྱེད་བཞིན་ཡོད། གེ་སར་གྱི་རིག་གནས་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་འཛམ་གླིང་དུ་སྙན་གྲགས་ཁྱབ་པའི་ཕུལ་བྱུང་གི་བོད་པའི་རིག་གནས་ཤིག་ཡིན། དཀར་མཛེས་ཁུལ་གྱི་ས་ཆ་མང་པོར་གེ་སར་རིག་གནས་ཀྱི་རྗེས་ཤུལ་ཡོད་པས། རྫོང་ཁག་མང་པོས་གེ་སར་རིག་གནས་སྔོག་འདོན་དང་སྲུང་སྐྱོང་བྱེད་བཞིན་ཡོད། ཡིན་ན་ཡང་གེ་སར་རིག་གནས་ཀྱིས་བརྗོད་བྱ་གཙོ་བོ་བྱས་པའི་འདམ་སྐུ་དང་ཐང་གའི་ཐོན་རྫས་ཐེངས་དང་པོར་མཐོང་བ་ཡིན། ང་རང་གིས་འདམ་སྐུ་དང་ཐང་གའི་ཐོན་རྫས་འགའ་ཞིག་ཉོས་ནས་ཁྱིམ་དུ་བཤམ་རྒྱུ་ཡིན། རིག་གནས་ཀྱི་ཉམས་འགྱུར་ལྡན་པར་མ་ཟད་གྲོགས་པོ་ཚོར་གེ་སར་རིག་གནས་བཤད་ཆོག་པ་རེད་ཅེས་བཤད་ཞོར་དུ་ལིའུ་ཧའེ་པོ་ཡིས་བོད་པའི་སྲོལ་རྒྱུན་རིག་གནས་ལག་རྩལ་ཐོན་རྫས་མཉམ་ལས་ཁང་ལ་སྒོར3000ལྷག་གི་ལག་རྩལ་ཐོན་རྫས་ཉོ་སྒྲུབ་བྱས་པ་རེད།

        པདྨ་འོད་ཟེར་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་རྡོ་ར་ར་འགོའི་བོད་རིག་གནས་སྲོལ་རྒྱུན་ལག་རྩལ་སྤུས་ལེགས་ཐོན་རྫས་བཟོ་སྐྲུན་མཉམ་ལས་ཁང་གི་བཟོ་སྐྲུན་ཐད་ནས་དབྱེ་ན་ལག་བཟོ་རྐྱང་པ་དང་ལག་བཟོ་ཕྱེད་མ་གཉིས་ཡོད་ཅིང་། ལག་བཟོ་རྐྱང་པའི་སྤུས་ལེགས་ཐོན་རྫས་ནི་ས་གནས་དེ་གའི་འདམ་སེར་དང་སྨན་ཆུ་སྦྱར་ནས་ཟླ་བ་གསུམ་ཙམ་གྱི་དུས་ཡུན་ནང་སྤུས་ལེགས་ཐོན་རྫས་གྲུབ་ཐུབ་པས་དྲི་མ་ཞིམ་པོ་ལྡན་པ་རེད། ཡུལ་སྐོར་བ་དང་བོད་ཀྱི་ཚོང་པ་ཚོས་ཉར་ཚགས་བྱེད་དགའ་བས་མ་ཚད་རིན་ཐང་ཡང་ཆེན་པོ་ལྡན་པ་ཞིག་ཡིན། ལག་བཟོ་ཕྱེད་མའི་སྤུས་ལེགས་ཐོན་རྫས་ནི་གཙོ་བོ་རིག་གནས་བློ་སྦྱོང་ལྡན་པའི་ཡུལ་སྐོར་བ་ཚོས་རང་གིས་ཉར་ཚགས་བྱེད་པ་དང་ཡང་ན་གཉེན་ཉེ་གྲོགས་པོ་སོགས་མི་གཞན་དག་ལ་ལེགས་སྐྱེས་སུ་འབུལ་ཆོག་པས་དྲན་གསོའི་རིན་ཐང་ཡོད། ལག་བཟོའི་ཐོན་རྫས་བཙོངས་པའི་ཡོང་འབབ་དང་ཁེ་ཕན་ཚང་མ་ཚྭ་རྩྭ་ཤང་ཐུན་མོང་དཔལ་འབྱོར་གྱི་ནང་དུ་བཞག་པ་རེད་ཅེས་བཤད།

        སྲོལ་རྒྱུན་ལག་ཤེས་བཟོ་རྩལ་དར་སྤེལ་རྒྱུན་འཁྱོངས་བྱས་པ་དེས་དབུལ་ཕོངས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་གཏོང་ཐུབ་ལ་ཐུན་མོང་དཔལ་འབྱོར་རྒྱུན་མཐུད་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་རྒྱུན་འཛིན་དར་སྤེལ་ཡང་གཏོང་ཐུབ། པདྨ་འོད་ཟེར་གྱིས་གསར་འགོད་པར་ད་ཆ་མཉམ་ལས་ཁང་གིས་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་དུད་ཚང་གི་ཁྱིམ་མི་སློབ་མར་བསྡུས་ཏེ་ལག་རྩལ་སློབ་ཁྲིད་བྱས་པ་དང་ཆབས་ཅིག་འཚོ་བའི་གྲོན་དངུལ་ཡང་གཏོང་གིན་ཡོད་པ་རེད། མཉམ་ལས་ཁང་བཙུགས་རྗེས་ང་ཚོས་དྲྭ་ཐོག་བྲིན་འཚོང་གི་ཐབས་ལམ་རྒྱ་སྐྱེད་གཏོང་བཞིན་ཡོད་ལ་སློབ་མ་ཚོས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་ཁོང་དུ་ཆུད་རྗེས་ཡོང་འབབ་འཕར་སྣོན་ཡོང་བ་དང་ཁྲོམ་ར་རྒྱ་སྐྱེད་བཏང་བ། ཕྱུག་འགྱུར་མངོན་འགྱུར་ཡོང་བ་རེད་ཅེས་བཤད།

        བློ་བཟང་རྒྱ་མཚོས་ད་ལོའི་སྤྱི་ཟླ9པར་གེ་སར་གནམ་གྲུ་འབབ་ཐང་དུ་གནམ་གྲུ་ཤར་གཏོང་ཐུབ་རྒྱུ་ཡིན་པས་ཚྭ་རྩྭ་ཤང་གི་ལག་རྩལ་ཐོན་རྫས་ཀྱི་ཚོང་ཡུལ་དེ་བས་རྒྱ་ཆེན་པོར་ཡོང་ངེས་རེད། གོམ་སྟབས་རྗེས་མར་ང་ཚོས་རིག་གནས་ཡུལ་སྐོར་གྱི་ལམ་བུའི་ཐོག་བསྐྱོད་དགོས་ལ་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་སྲུང་སྐྱོང་བྱ་རྒྱུར་དམིགས་ནས་སྔོན་དུས་ཀྱི་གསར་སྤེལ་བཟོ་སྐྲུན་དང་ལག་རྩལ་ཐོན་རྫས་ཀྱི་ཕྱིར་ཚོང་ལམ་བུ་རྙེད་ཡོད། གྲོང་མི་ཚོར་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་ལས་སྣོན་དང་རྒྱུན་འཛིན། སྲུང་སྐྱོང་བཅས་བྱེད་པའི་སྤྲོ་སེམས་དང་དགའ་སྣང་འཕེལ་དུ་བཅུག་པས་མ་ཚད་ང་ཚོས་འབྲེལ་ཡོད་སྡེ་ཚན་ལ་བརྟེན་ནས་གེ་སར་རིག་གནས་ལག་ཤེས་བཟོ་རྩལ་དེ་གཟུགས་མེད་རིག་གནས་ཤུལ་བཞག་གི་ཁོངས་སུ་བཞག་ནས་མི་དེ་བས་མང་པོས་གེ་སར་རིག་གནས་ལ་རྒྱུས་ལོན་ཐུབ་པ་བྱ་རྒྱུའི་འཆར་གཞི་ཡོད་ཅེས་བཤད་པ་རེད།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1