མཐོ་སྒང་ཁྱད་ལྡན་ཐོན་རྫས་ཀྱིས་ཕྱུག་འགྱུར་ལམ་བུ་བཏོད།

རྩོམ་སྒྲིག་པ།ཡོང་ཁུངས།ཚེ་རིང་ལྷ་མོ། སྤེལ་དུས། 05-31


      ཉེ་ཆར་གསར་འགོད་པ་འཛམ་ཐང་རྫོང་གི་འཛམ་ཐང་སྟོད་མ་ཡུལ་ཚོའི་རི་འཕོངས་སྡེ་བར་བཅར་འདྲིར་ཆས་ཤིང་དབུལ་ཕོངས་ཁྱིམ་ཚང་ཆོས་སྐྱབས་ཚང་དུ་སླེབས་དུས། ཁོས་བདེ་སྐྱིད་ལྡན་པའི་ད་སྐབས་ཀྱི་འཚོ་བའི་སྐོར་ནས་གླེང་མོལ་བྱས་བྱུང་། ད་སྐབས་ཀྱི་སྲིད་ཇུས་ཤིན་ཏུ་ཡག་པས། ང་ཚོ་མི་སེར་རྣམས་ཀྱིས་ཀྱང་རང་ཁྱིམ་གྱི་སྒོ་ཁ་ནས་ཡོང་འབབ་བཙལ་ཐུབ་ལ། སྤྱིར་ཞོག་ཁོག་འདེབས་འཛུགས་ཀྱི་ཐད་ནས་ང་ཚོར་ཉམས་མྱོང་ཡོད་ཅིང་། དེའི་ཁར་ད་སྐབས་རྒྱུ་རིགས་གསར་བ་ནང་འདྲེན་བྱས་ཡོད་པ་དང་། ཚན་རིག་གི་འདེབས་འཛུགས་བྱེད་ཐབས་སྤྱད་དང་སྤྱོད་བཞིན་ཡོད་པས། ཡོང་འབབ་སྔར་ལས་མཐོན་པོར་ཆགས་འདུག་ཟེར།
       རི་འཕོངས་སྡེ་བ་ནི་རི་ཁུལ་དུ་གཞིས་ཆགས་པས། ས་ཞིང་ཉུང་ལ་ཁ་ཐོར་དུ་གནས་པ་ཞིག་ཡིན་པས། གཞི་ཁྱོན་ཅན་གྱི་དཔལ་འབྱོར་སྤེལ་བར་མཐུན་རྐྱེན་མི་འཛོམས་པ་དེ་ནི་ས་ཁུལ་དེའི་ཞིང་ལས་ཐོན་ལས་འཕེལ་རྒྱས་ལ་འགྲོ་བའི་གེགས་ཆེན་པོ་ཞིག་ཏུ་གྱུར་འདུག དེ་བས་ཇི་ལྟར་བྱས་ཏེ་དམངས་ཚོགས་རྣམས་དབུལ་བྲལ་ཕྱུག་འགྱུར་བྱེད་པའི་བགྲོད་ལམ་དེ་ཇེ་ཡངས་ལ་གཏོང་བ་ནི། རི་འཕོངས་སྡེ་བའི་ཨུ་ཡོན་ཁང་གཉིས་དང་སྡེ་བཞུགས་ལས་ཀའི་རུ་ཁག་གིས་ལོ་འདི་འགར་བསམ་གཞིག་གང་མང་བྱེད་བཞིན་པའི་གནད་དོན་རེད།
      རྒྱུ་ནོར་བྱིན་པ་ལས་རྒྱུ་ནོར་འཚོལ་སྟངས་བསླབས་ན་དགའ་ཞེས་པའི་དཔེ་ལྟར། རི་འཕོངས་སྡེ་བས་ཞིང་འབྲོག་མང་ཚོགས་ཀྱིས་དབུལ་བྲལ་ཕྱུག་འགྱུར་གྱི་ནུས་པར་སྨན་པའི་གསོ་སྦྱོང་རབ་དང་རིམ་པ་སྤེལ་བའི་དུས་མཚུངས་སུ། ཐོན་ལས་རོགས་སྐྱོར་ལས་ཀའི་གནད་གཙོ་བོར་བཟུང་ཞིང་། རོགས་རམ་ཁོ་ནས་བྱེད་པ་ནས་བདག་གཞན་མཉམ་ལས་ཀྱི་གནས་བབ་ལེགས་པོ་ཞིག་བསྐྲུན་ཏེ། དམངས་ཚོགས་དབུལ་ཕོངས་ཀྱི་དབུལ་བྲལ་ཕྱུག་འགྱུར་ལ་ཡིད་ཆེས་ཀྱིས་བརྟས་སུ་བཅུག
        ཞིང་ཆེན་ནང་གི་རིགས་མཐུན་རོགས་སྐྱོར་གྱི་སྲིད་ཇུས་ཀྱིས་མཐུན་རྐྱེན་སྦྱར་བས། ན་ནིང་ཟླ4བར། སི་ཁྲོན་ཞིང་ཆེན་གྱི་མ་བུ་བདེ་སྲུང་ཁང་གིས་འཛམ་ཐང་སྟོད་མ་ཡུལ་ཚོ་རུ་ཉམས་ཞིབ་རང་བཞིན་གྱི་སྤྱིལ་བུ་ཆེན་པོ་ཞིག་བཙུགས་ཏེ། དཔལ་འབྱོར་རིན་ཐང་ཆེ་བའི་ཞིང་ལས་སྐྱེ་དངོས10ལྷག་ལ་ཚོད་ལྟའི་འདེབས་འཛུགས་བྱས། ལོ་གཅིག་གི་རྗེས་སུ། ཡུལ་དེ་རུ་ཞོག་ཁོག་འདེབས་འཛུགས་བྱེད་པར་ཤིན་ཏུ་འཚམས་པ་ཤེས་རྟོགས་བྱུང་བ་རེད། དེའི་ཁར་མང་ཚོགས་རྣམས་ལ་ཞོག་ཁོག་འདེབས་པའི་སྲོལ་རྒྱུན་ཡོད་ལ་ཉམས་མྱོང་གིས་ཕྱུག་པ་དང་། ཞོག་ཁོག་འདེབས་པ་དང་མང་ཚོགས་རྣམས་རི་མགོར་སྨན་རྩྭ་བརྐོ་རུ་འགྲོ་བ་ལ་ཡང་དུས་འདོམ་བྱུང་མེད་པས་ཤིན་ཏུ་སྟབས་བདེ་བ་རེད།
       རི་འཕོངས་སྡེ་བའི་ཉིན་མཚན་གྱི་དྲོད་གྲང་བར་ཁྱད་ཆེ་ཞིང་། ཉི་འོད་འཕྲོས་ཡུན་རིང་བས་ཞོག་ཁོག་སྐྱེ་བར་འཚམ་པ་རེད། ས་དེར་འབག་བཙོག་བྱས་མེད་ཅིང་གནོད་འབུ་ཡང་ཉུང་བ་དང་། ལུད་རྫས་ལ་ཡང་ཞིང་བ་རང་གི་སླད་མེད་ལུད་རྫས་སྤྱད་པས། དེ་ལས་ཐོན་སྐྱེད་བྱས་པའི་ཁྱད་ལྡན་ཞོག་ཁོག་ནི་ངེས་པ་དོན་གྱི་ལྗང་མདོག་དང་སྐྱེ་ལྡན་གྱི་ཞིང་ལས་ཐོན་རྫས་ཡིན་པ་རེད། དུས་མཚུངས་སུ་ཞོག་ཁོག་ནི་ཉར་ཚགས་བྱེད་ཡུན་རིང་བ་དང་སྐྱེལ་འདྲེན་ལ་ཡང་སྟབས་བདེ་བས། ཁྱད་ལྡན་ཞོག་ཁོག་གི་འདེབས་འཛུགས་ཁྱབ་གདལ་དུ་བཏང་བ་དེས་རིན་སྤུངས་སྡེ་བའི་མང་ཚོགས་རྣམས་དབུལ་བྲལ་ཕྱུག་འགྱུར་བྱེད་པ་ལ་ལམ་བུ་གསར་བ་ཞིག་བཏོད་པ་རེད།
         དབུལ་ཕོངས་ཀྱི་རྩ་བ་གཅོད་དགོས་ན་ཐོན་ལས་འཕེལ་རྒྱས་ལ་བརྟེན་དགོས། སྡེ་དམངས་རྣམས་ལ་ཞོག་ཁོག་འདེབས་འཛུགས་ཀྱི་སྲོལ་རྒྱུན་ཡོད་པར་མ་ཟད། འདེབས་འཛུགས་ལག་རྩལ་སླ་མོ་ཡིན་པས་སློབ་བདེ་ལ། རིན་ཐང་བྲལ་བའི་ཉམས་མྱོང་མང་པོ་བསགས་ཡོད་པ་རེད། རྒྱུས་ལོན་པ་ལྟར་ན། ན་ནིང་རི་འཕོངས་སྡེ་བར་ཞོག་ཁོག་རྒྱ་མ3000ལྷག་འདེབས་འཛུགས་བྱས་ཤིང་། ཡོང་འབབ་ཀྱང་ཤིན་ཏུ་མང་།
      སྡེ་བར་ཐུན་མོང་དཔལ་འབྱོར་ཡོད་ན། སྡེ་དམངས་ཀུན་ལ་ཕན་ཐོགས་ཡོད་སྲིད་ཅེས་པ་ལྟར། རི་འཕོངས་སྡེ་བས་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་ཉིན་རེ་བཞིན་དུ་སྟོབས་རྒྱས་པ་ནས་བཟུང་སྡེ་དམངས་ཀྱི་ས་ཞིང་ལ་རེས་བསྐོར་ཏེ་ས་ཞིང་མུའུ་100ལྷག་ལ་ཞོག་ཁོག་འདེབས་འཛུགས་བྱས། རྫོང་ནོར་སྲིད་ཀྱི་རོགས་སྐྱོར་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་ལ་བཏང་བའི་མ་དངུལ། སི་ཁྲོན་ཞིང་ཆེན་གྱི་མ་བུ་བདེ་སྲུང་ཁང་གིས་བཏང་བའི་མ་དངུལ་བཅས་མཉམ་དུ་སྡེ་བ་ཐུན་མོང་གི་མ་རྐང་དུ་བཞག་ཡོད་པ་རེད། དེ་ལྟར་ཞོག་ཁོག་འདེབས་འཛུགས་ཀྱི་ཡོང་འབབ་དང་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་ཆ་སྙོམས་ལྟར་བརྩིས་ན། ཉིན་རེར་མི་རེར་སྒོར100ཡི་ཡོང་འབབ་ཡོད་པ་རེད།
       ད་སྐབས། ཞོག་ཁོག་འདེབས་འཛུགས་རྟེན་གཞི་རུ་ལས་ཀ་རྒྱུན་ལས་བྱེད་པའི་དབུལ་ཕོངས་ཁྱིམ་ཚང་གི་མི12ཡོད་པ་རེད། ཁོ་ཚོས་ལོ་རེར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར3000འཕར་སྣོན་བྱས་ཡོད་ཅེས་རི་འཕོངས་སྡེ་བའི་ཧྲུའུ་ཅི་དང་པོ་ཀྲའོ་ཧྥུ་ཝེ་ཡིས་གསར་འགོད་པར་བཤད། འདེབས་འཛུགས་ཁྱིམ་ཚང་གི་ལག་རྩལ་གྱི་དཀའ་གནད་ཐག་གཅོད་བྱེད་སླད། ཁོས་ཆེད་མཁས་ལག་རྩལ་བ་དང་གྲོས་བསྡུར་མང་དུ་བྱས་པ་དང་། ཞིང་ནང་དུ་སོང་སྟེ་འདེབས་འཛུགས་ལག་རྩལ་ཐད་ལ་ནད་བསྟུན་སྨན་ཐོ་བྲིས་པར་མ་ཟད། ཁོ་རང་གི་ཆེད་ལས་ཀྱི་དགེ་མཚན་སྤྱད་དེ། ཞོག་ཁོག་འདེབས་ཆས་ལ་ལེགས་བཅོས་བྱས་ཏེ། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཚན་རིག་དང་མཐུན་པའི་འདེབས་འཛུགས་ཀྱི་ལམ་དུ་བསྐྱོད་པ་རེད།
      ཚན་རིག་དང་མཐུན་པའི་འདེབས་འཛུགས་དང་ནུས་ལྡན་དོ་དམ་བརྒྱུད་དེ། རི་འཕོངས་སྡེ་བའི་ཁྱད་ལྡན་ཞོག་ཁོག་གི་ཐོན་འབོར་ཇེ་མང་དང་ཕན་འབྲས་ཇེ་བཟང་དུ་འགྲོ་བའི་རེ་བ་ཆེན་པོ་ཡོད་པ་རེད། རྒྱུས་ལོན་པ་ལྟར་ན། ད་ལོར། རི་འཕོངས་སྡེ་བའི་ཁྱད་ལྡན་ཞོག་ཁོག་འདེབས་འཛུགས་ཀྱི་རྣམ་གྲངས་ལོའི་ཁེ་སྤོགས་ཚོད་རྩིས་བྱས་པ་ལྟར་ན་སྒོར་ཁྲི་42.3ཡོད་རྒྱུ་རེད། མིག་སྔར། སྡེ་བ་དེར་གློག་རྡུལ་ཚོང་དོན་སྟེགས་བུ་བཙུགས་ཟིན་པས། ཁྱད་ལྡན་ཞོག་ཁོག་དྲ་ཐོག་ནས་ཕྱིར་འཚོང་བྱེད་པར་སྐུལ་འདེད་བཏང་སྟེ། མང་ཚོགས་རྣམས་ཀྱི་ཞོག་ཁོག་ཕྱིར་འཚོང་གི་གནད་དོན་ལ་ཐག་གཅོད་གང་ལེགས་བྱས།
        ཞོག་ཁོག་འདེབས་འཛུགས་ཀྱི་ཉམས་མྱོང་རྙིང་བ་ཡིས་རི་འཕོངས་སྡེ་བའི་མང་ཚོགས་ལ་ཕྱུག་འགྱུར་གྱི་རེ་བ་གསར་བ་བསྩལ་བ་རེད། ལྗང་མདོག་དང་སྐྱེ་ལྡན་ཅན་གྱི་མཐོ་སྒང་གི་ཁྱད་ཆོས་ཀྱིས་ཕྱུག་པའི་ཞོག་ཁོག་གི་ཚོང་རྟགས་རིམ་བཞིན་འཛུགས་བཞིན་ཡོད་ལ། མི་དམངས་མང་ཚོགས་ལ་སྣེ་ཁྲིད་དེ་དབུལ་བྲལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་གི་ལམ་དུ་བསྐྱོད་དང་སྐྱོད་བཞིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1