དམག་སྡེ་བཅོ་བརྒྱད་པའི་བོད་སྐྱོད་ལམ་བུར་སླར་ཡང་བསྐྱོད་དེ་སི་ཁྲོན་གྱི་གསར་བརྗེའི་རིག་གནས་དར་སྤེལ་བཏང་བ་རེད།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 05-31


རི་མོ་ནི་བཞུགས་མོལ་ཚོགས་འདུའི་ཡུལ་དངོས་ཡིན།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་5པའི་ཚེས་28ཉིན། ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས་དང་།  སི་ཁྲོན་ཞིང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ། སི་ཁྲོན་ཞིང་ཨུད་བོད་ཁུལ་གཞུང་ལས་ཁང་། ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང་བཅས་ཀྱིས་གཙོ་གཉེར་བྱས་པའི་“བོད་ལྗོངས་སུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བར་དྲན་གསོ་ཞུ་བ་དང་དམག་སྡེ་བཅོ་བརྒྱད་པའི་བོད་སྐྱོད་ལམ་བུར་སླར་ཡང་བསྐྱོད་པའི”བཞུགས་མོལ་ཚོགས་འདུ་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་དུ་འཚོགས་ཤིང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འབྲེལ་ཡོད་འགོ་ཁྲིད་དང་། སི་ཁྲོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད། དམག་སྡེ་བཅོ་བརྒྱད་པའི་འཐབ་མོ་བ་རྒན་གྲས་དང་དེའི་རྗེས་རབས་པ། བོད་འབྲེལ་ཞིབ་འཇུག་ཁང་གི་ཆེད་མཁས་པ། སི་ཁྲོན་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས། བོད་ཁུལ་གྱི་འབྲེལ་ཡོད་ཁུལ་དང་རྫོང་གི་འགན་ཁུར་བློ་མཐུན། གསར་འགྱུར་སྨྱན་སྦྱོར་བཅས་ཁྱོན་བསྡོམས་མི་100ལྷག་ཐེངས་འདིའི་ཚོགས་འདུར་ཞུགས། སི་ཁྲོན་ཞིང་ཨུད་རྒྱུན་ལས་ཨུ་ཡོན་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཐེན་ཞང་ལི་ཡིས་ཚོགས་འདུར་གཙོ་སྐྱོང་གནང་བ་རེད།  
           ལོ་60ལྷག་གི་སྔ་རོལ་དུ། ཏང་ཀྲུང་དབྱང་དང་མའོ་ཀྲུའུ་ཞི་ཡི་བཀའ་བཀོད་འོག་སི་ཁྲོན་དུ་བཅའ་སྡོད་བྱེད་པའི་རི་ཐང་འཐབ་དམག་ཨང་གཉིས་པའི་དམག་སྡེ་བཅོ་བརྒྱད་པའི་དཔུང་ཁག་སོ་སོ་གཅིག་རྗེས་གཉིས་མཐུད་ངང་སི་ཁྲོན་བོད་ཁུལ་བརྒྱུད་ནས་བོད་ལྗོངས་སུ་བསྐྱོད་དེ་བོད་ལྗོངས་ཞི་བས་བཅིངས་འགྲོལ་གཏོང་བ་དང་མེས་རྒྱལ་སྐམ་ས་ཆེན་པོའི་གཅིག་གྱུར་གྱི་རླབས་ཆེན་བྱ་གཞག་ལེགས་འགྲུབ་ཡོང་བར་གསུབ་ཏུ་མེད་པའི་མཛད་རྗེས་བཞག་ཡོད།
རི་མོ་ནི་ཚོགས་ཞུགས་སྐུ་མགྲོན་གྱིས་དངོས་བཤུས་གློག་བརྙན་ལ་གཟིགས་པ་ཡིན།
           བཞུགས་མོལ་ཚོགས་འདུའི་ཡུལ་དངོས་སུ་ཚོགས་ཞུགས་སྐུ་མགྲོན་གྱིས“དམག་སྡེ་བཅོ་བརྒྱད་པ་བོད་བསྐྱོད་ལམ་བུའི་སྐབས་ཀྱི་སི་ཁྲོན”ཞེས་པའི་ཆེད་དོན་གློག་བརྙན་ལ་བལྟས་ཤིང་། དམག་སྡེ་བཅོ་བརྒྱད་པའི་བོད་བསྐྱོད་ལོ་རྒྱུས་དང་བོད་ཁུལ་གྱི་འཕོ་འགྱུར་ཆེན་པོར་དམིགས་ནས་གཏམ་བཤད་སྤེལ་རེས་བྱས་པ་རེད།
རི་མོ་ནི་སི་ཁྲོན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཏེང་ཞའོ་ཀང་གིས་བཞུགས་མོལ་ཚོགས་འདུའི་སྟེང་གསུང་བཤད་གནང་བ་ཡིན།
           སི་ཁྲོན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བློ་མཐུན་ཏེང་ཞའོ་ཀང་གིས། དམག་སྡེ་བཅོ་བརྒྱད་པའི་བོད་བསྐྱོད་ལམ་བུ་ནི་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་བྱེད་པའི་ལམ་བུ་ཞིག་རེད། ལོ་ངོ་60ལྷག་གི་རིང་ཁྲལ་པ་ཞིང་བྲན་རྣམས་ཀྱིས་རང་ཁྱིམ་རང་བདག་བྱས་ཏེ་ཏང་གི་འོད་སྟོང་སི་ཁྲོན་བོད་ཁུལ་གྱི་དུད་ཚང་ཁྲི་སྟོང་མང་པོར་འཕྲོས། ཉེན་ཁ་མང་པོ་བརྒྱུད་དེ་ལེ་དབར་སྟོང་ཕྲག་བདེ་ལ་བཀོད་ནས་སི་ཁྲོན་བོད་ཁུལ་གྱི་རྣམ་པར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། དབུལ་ཕོངས་དང་རྗེས་ལུས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་འཚོ་བའི་མངོན་འགྱུར་ལ་ཕྱོགས། སི་ཁྲོན་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་གོམ་སྟབས་གཅིག་གིས་ལོ་ངོ་སྟོང་ཕྲག་གི་འཕེལ་རྒྱས་ལས་འགོངས་ཤིང་། སྒོ་བཀག་ཉམས་རྒུད་ནས་རྒྱུན་འཛིན་དར་སྤེལ་གྱི་ལམ་ཁར་བསྐྱོད་པ་དང་། གཡོ་འགུལ་རྙོག་འཛིང་ཆེ་བ་ནས་ཞི་མཐུན་བརྟན་བརླིང་ལ་ཕྱོགས་པ་མ་ཟད། སི་ཁྲོན་བོད་ཁུལ་གྱིས་ཡུན་རིང་བདེ་སྐྱོང་ཕྱོགས་ཀྱི་རྒྱལ་ཁ་གསར་པ་ལེན་པར་ཧུར་ཐག་གིས་འབད་བརྩོན་བྱེད་བཞིན་པའི་སྒང་ཡིན་ཞེས་གསུངས་པ་རེད།
           ཏེང་ཞའོ་ཀང་གིས་བརྗོད་དོན། ལོ་ངོ་60ལྷག་རིང་སི་ཁྲོན་བོད་ཁུལ་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་ནི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་དབུ་ཁྲིད་དང་། རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན།  སི་ཁྲོན་ཞིང་ཨུད་ཀྱིས་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་མཐུན་སྒྲིལ་འབད་འཐབ་བྱས་ནས་བླངས་པའི་འབྲས་བུ་ཞིག་རེད། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག་དམག་སྡེ་བཅོ་བརྒྱད་པའི་དཔོན་དམག་གི་རྐང་རྗེས་དེད་ནས་འབད་འབུངས་བརྩོན་ལེན་དང་། བློ་གྲོས་རྩལ་འདོན་གྱིས་ཧྲུའུ་སྐྱོང་བོད་དར་དེ་སྐས་རིམ་གསར་པ་ཞིག་ཏུ་བསླེབ་རྒྱུར་སྐུལ་འདེད་གཏོང་བར་བྱས་རྗེས་ཆེན་པོ་འབུལ་ཞིང་། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་70འཁོར་བར་རྟེན་འབྲེལ་ཞུ་དགོས་ཞེས་གསུངས།
རི་མོ་ནི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་བློ་མཐུན་སྲི་ཐར་གྱིས་བཞུགས་མོལ་ཚོགས་འདུའི་ཕྱོགས་སྡོམ་གསུང་བཤད་གནང་བའི་ཚུལ་ཡིན། 
           ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་བློ་མཐུན་སྲི་ཐར་གྱིས་ཕྱོགས་སྡོམ་གསུང་བཤད་གནང་སྐབས། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70འཁོར་བ་དང་བོད་ལྗོངས་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་འཁོར་60འཁོར་བའི་ལོ་ཞིག་རེད། ཀྲུང་གོ་གསར་པ་དབུ་བརྙེས་མ་ཐག་ཏང་ཀྲུང་དབྱང་གིས་བོད་ལྗོངས་སུ་དཔུང་སྐྱོད་བྱེད་པའི་འཐབ་ཇུས་གལ་ཆེན་བཏོན་ཞིང་། དམག་དཔོན་ཆེན་མོ་ཀྲང་གོ་ཧྭ་དང་ཐེན་ཀོན་སན་གྱིས་དམག་སྡེ་བཅོ་བརྒྱད་པའི་སྣེ་ཁྲིད་དེ་བོད་ལྗོངས་བཅིངས་འགྲོལ་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པའི་ལོ་རྒྱུས་ཀྱི་འོས་འགན་ཕྲག་ཏུ་འཁུར་ཏེ་སི་ཁྲོན་ནས་བོད་ལྗོངས་སུ་རྒྱང་སྐྱོད་བྱས། དེ་ཡང་དམག་སྡེ་བཅོ་བརྒྱད་པ་བོད་ལྗོངས་སུ་བསྐྱོད་པ་ནི་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་། ཀྲུང་གོའི་མི་དམངས་ཀྱི་གསར་བརྗེའི་ལོ་རྒྱུས།  བོད་ལྗོངས་ས་གནས་ཀྱི་ཡར་ཐོན་ལོ་རྒྱུས་བཅས་ཚང་མར་དུས་རབས་ལས་འགོངས་པའི་དོན་སྙིང་ལྡན་ཡོད། དམག་སྡེ་བཅོ་བརྒྱད་པ་བོད་ལྗོངས་སུ་ཕེབས་པ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་མགོ་ཁྲིད་དེ་ཡར་ལངས་བཅིངས་འགྲོལ་གཏོང་བའི་རླབས་ཆེན་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། 
           དེ་སྔའི་བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུད་ཧྲུའུ་ཅི་དང་པོ་དང་དམག་སྡེ་བཅོ་བརྒྱད་པའི་ཧྲི་52པའི་ཆབ་སྲིད་ཨུད་ཡོན་གཞོན་པ་དབྱིན་ཧྥ་ཐང་གིས་བརྙན་ལམ་གྱི་ཐོག་ནས་གཏམ་བཤད་གནང་བ་དང་། དེ་སྔའི་བོད་ལྗོངས་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་གཞོན་པའམ་དམག་སྡེ་བཅོ་བརྒྱད་པའི་སྔོན་གཤེགས་དཔའ་བོ་ཀྲང་ཕུའུ་ལི། དེ་སྔའི་དམག་སྡེ་བཅོ་བརྒྱད་པའི་དམག་དཔོན་ཀྲང་གོ་ཧྭ་ཡི་བུ་མོ་ཀྲང་ཞའོ་ཁང་། དེ་སྔའི་དམག་སྡེ་བཅོ་བརྒྱད་པའི་ཆབ་སྲིད་ཨུ་ཡོན་ཐན་ཀོན་སན་གྱི་བུ་མོ་ཐན་ཆི་ཡུས་བཅས་སོ་སོ་ནས་ཀྱང་གཏམ་བཤད་གནང་ནས། དམག་སྡེ་བཅོ་བརྒྱད་པ་བོད་ལྗོངས་སུ་བསྐྱོད་པའི་འོད་སྟོང་འབར་བའི་ལོ་རྒྱུས་ལ་དྲན་གསོ་ཞུས་པ་རེད།  ཆེད་མཁས་པ་དང་ན་གཞོན་སློབ་མའི་འཐུས་མི་སོ་སོས་ཀྱང་གཏམ་བཤད་བྱས་ནས་དམག་སྡེ་བཅོ་བརྒྱད་པས་བོད་དུ་དཔུང་སྐྱོད་བྱས་པའི་བྱས་རྗེས་རླབས་ཆེན་རྣམས་ལ་རྗེས་དྲན་ཞུས་པ་རེད།  
དམག་སྡེ་བཅོ་བརྒྱད་པའི་བོད་སྐྱོད་ལམ་བུར་སླར་ཡང་བསྐྱོད་པའི་དར་སྩོལ་མཛད་སྒོ་རེད།
           དེ་ནས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་བློ་མཐུན་སྲི་ཐར་དང་སི་ཁྲོན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཏེང་ཞའོ་ཀང་གཉིས་ཀྱིས་དམག་སྡེ་བཅོ་བརྒྱད་པའི་རྗེས་རབས་པའི་འཐུས་ཚབ་པ་ཀྲང་ཞའོ་ཅུན་དང་ཐན་ཆི་ཡུས་ལ་དར་ཆ་གནང་བ་དང་། དེས་དམག་སྡེ་བཅོ་བརྒྱད་པའི་བོད་སྐྱོད་ལམ་བུའི་ཐོག་སླར་ཡང་བསྐྱོད་པའི་བྱེད་སྒོ་དངོས་སུ་འགོ་ཚུགས་པ་མཚོན་ཡོད།
           རྒྱུས་ལོན་བྱུང་བ་ལྟར་ན། ཟླ་5པའི་ཚེས་28ཉིན་ནས་ཟླ་6པའི་ཚེས་2ཉིན་བར་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་རྒན་གྲས་10ལྷག་ཙམ་དང་། དམག་སྡེ་བཅོ་བརྒྱད་པའི་རྗེས་རབས་པ་དང་སྨྱན་སྦྱོར་ལས་ཁུངས་10ལྷག་མཉམ་དུ་ལོའུ་ཏེང་དང་དར་མདོ། བྲག་མགོ། དཀར་མཛེས། སྡེ་དགེ་སོགས་བརྒྱུད་དེ་དམག་སྡེ་བཅོ་བརྒྱད་པའི་བོད་སྐྱོད་ལམ་བུར་སླར་ཡང་བསྐྱོད་རྒྱུ་རེད། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1