གཙོ་ངོས།>> ཞིབ་འཇུག>>ལོ་རྒྱུས།

ཚེ་བརྟན་རྡོ་རྗེ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༥ཚེས་༣༡ཉིན།

༄༅།། ཙོང་ཁ་རྒྱལ་རབས་ཞེས་པའི་མིང་དོན་སྦྱོར་ཚུལ་རགས་དཔྱད།

ཚེ་བརྟན་རྡོ་རྗེ།
[ནང་དོན་གནད་བསྡུས།] དུས་རབས་བཅུ་གཅིག་པའི་དུས་འགོ་ནས་བཅུ་གཉིས་པའི་དུས་འགོ་བར། མདོ་སྨད་ཙོང་ཁའི་ཡུལ་དུ་བཙན་པོའི་གདུང་རྒྱུད་ཕྱི་མས་བསྐྱངས་པའི་རྒྱལ་ཁྲིམས་ལྷམ་ཙམ་ཞིག་བྱུང་བ་ལ། དེར་མངའ་བདག་དང་མངའ་འབངས། མངའ་རིས། མངའ་ཐང་བཅས་གང་ཅིའི་ཆ་ནས་བརྟག་ཀྱང་སྟོད་ཀྱི་རྒྱལ་ཁྲིམས་ཞྭ་ཙམ་པ་སྟེ། གུ་གེ་རྒྱལ་རབས་དང་ལ་དྭགས་རྒྱལ་རབས་ཇི་བཞིན། ཆ་ཡོངས་ནས་རྒྱལ་རབས་ཞེས་པའི་ནང་དོན་ཚང་བས། ཙོང་ཁ་རྒྱལ་རབས་ཞེས་གདགས་ན་མིང་གི་རྒྱུ་མཚན་དོན་ལ་གནས་ཤིང་། ལོ་རྒྱུས་ཀྱི་གནས་བབ་དང་མཐུན་པར་འདོད་དོ།།
[བརྡ་ཆད་གཙོ་བོ།] ཙོང་ཁ་རྒྱལ་རབས། མངའ་བདག མངའ་འབངས། མངའ་རིས། མངའ་ཐང་།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2014-04-0053-09
            བཙན་པོའི་རྒྱལ་རབས་སིལ་བུར་འཐོར་ནས་དུས་རབས་གཅིག་དང་ཕྱེད་ཀའི་རྗེས་སུ། མདོ་ཁམས་སྨད་ཀྱི་ཙོང་ཁའི་ཡུལ་དུ་བཙན་པོའི་གདུང་རྒྱུད་ཕྱི་མས་བསྐྱངས་པའི་རྒྱལ་ཁྲིམས་ལྷམ་ཙམ་ཞིག་ཆགས་པ་ལ། དེར་མིང་གདགས་ཚུལ་གྱི་ཆ་ནས་ས་གནས་ལོ་རྒྱུས་སྨྲ་བ་དག་གིས་“ཇོ་སྲས་སྲིད་དབང་”དང་“རྒྱལ་སྲས་སྲིད་དབང་”ཟེར་ལ།ད་ལྟའི་གོ་བ་འདྲོང་ཕྱོགས་ལྟར་ན། ས་གནས་སྲིད་དབང་ཤིག་ལ་ངོས་འཛིན་བཞིན་ཡོད། ས་གནས་ཞེས་པ་དོན་གྱི་ངེས་པའི་ཆ་ནས། སྤྱི་བྱེ་གཉིས་ལས་བྱེ་བྲག་གི་ས་ཆ་ག་གེ་མོ་ཞིག་གམ་ཡང་ན་ས་ཆ་དེས་གྲུབ་པའི་ཡུལ་ཕྱོགས་ལ་གོ་སྟབས། ཙོང་ཁ་ས་གནས་སུ་ཆགས་པའི་སྲིད་དབང་ཞེས་གོ་བ་ལེན་དགོས་འདུག་མོད། འོན་ཀྱང་གོ་དོན་གཞན་ཞིག་ཡོད་པ་ནི་ཡུལ་སྤྱི་ལ་མ་དབང་བའི་ས་གནས་རང་བཞིན་གྱི་སྲིད་དབང་ཞེས་པའི་ངེས་ཆ་དེ་ཡིན། དེས་ན་ཙོང་ཁའི་རྒྱལ་སྲས་སྲིད་དབང་གི་མཐའ་སྐོར་དུ་ཤར་ལྷོའི་ཕྱོགས་སུ་སུང་བྱང་མའི་སྲིད་དབང་དང་། བྱང་ཤར་དུ་ཆི་ཏན་སྲིད་དབང་། བྱང་ཕྱོགས་སུ་མི་ཉག་སྲིད་དབང་། ནུབ་བྱང་དུ་ཧོར་སྲིད་དབང་། ད་དུང་ནུབ་ཕྱོགས་སུ་བོད་ཀྱི་མངའ་རིས་བཅས་ཆགས་ཡོད་ལ། ངེས་པ་དོན་གྱི་ཆ་ནས་བོད་སྤྱི་ལ་དབང་མ་བསྒྱུར་བའི་ཙོང་ཁ་ས་གནས་ཀྱི་སྲིད་དབང་ཤིག་ལ་ངོས་འཛིན་དགོས་འདུག དེ་ལྟ་ནའང་སྐབས་དེའི་ལོ་རྒྱུས་ཀྱི་གནས་བབ་ལས་རྟོགས་ཐུབ་པ་ནི་རྒྱལ་སྲས་སྲིད་དབང་འདིའང་སྟོད་ཀྱི་རྒྱལ་ཁྲིམས་ཞྭ་ཙམ་པ་སྟེ། ལ་དྭགས་རྒྱལ་རབས་དང་གུ་གེ་རྒྱལ་རབས་ཇི་བཞིན་མངའ་བདག་དང་། མངའ་འབངས། མངའ་རིས། མངའ་ཐང་སོགས་གང་ཅིའི་ཆ་ནས་ཀྱང་རིགས་བསྒྲེ་ཆོག་ལ། ཙོང་ཁ་རྒྱལ་རབས་ཞེས་གདགས་ན་མཚན་མཚོན་ཡིན་ཁྱབ་མཉམ་དུ་ཡོད་པ་དང་།མིང་དོན་འཕྲོད་སྦྱོར་དུ་ཡོད་པར་བསམས་སོ།།
གཅིག མངའ་བདག་གི་ཆ་ནས་མིང་དོན་མཚུངས་པ།
            མངའ་བདག་ཅེས་པ་ནི་སྤྱིར་ས་དང་མི། ནོར་སོགས་ལ་བདག་དབང་བྱེད་མཁན་ནམ་དབང་བསྒྱུར་མཁན་རྒྱལ་པོ་ལ་གོ་བ་འཐད་ལྡན་དུ་ཡོད་དེ། མངའ་བདག་ཁྲི་རལ་བ་ཅན་ལྟ་བུ། དེས་དབང་བསྒྱུར་བའི་སྲིད་དབང་ནི་དམག་དཔུང་དང་ཉེན་རྟོག་པ། ཁྲིམས་ཁང་། བཙོན་ཁང་སོགས་རྩ་འཛུགས་ཀྱིས་གྲུབ་པ་ཞིག་ཡིན་དགོས་ན། ཙོང་ཁའི་རྒྱལ་སྲས་སྲིད་དབང་ལའང་དེ་ལྟ་བུའི་ཆ་རྐྱེན་འཛོམས་ཡོད་པ་ལོ་རྒྱུས་ཡིག་ཚང་དག་ལས་རྟོགས་ཐུབ་ལ། ལྷག་པར་དུ་རྒྱའི་ལོ་རྒྱུས་ཡིག་རྙིང་དུ་འདིའི་སྐོར་རེག་ཟིག་ཏུ་བཀོད་ཡོད་པ་དག་ལས་རྒྱལ་ཁབ་“国”དང་རྒྱལ་པོ་“国主”ཞེས་པའི་ཐ་སྙད་སྦྱར་བ་མང་པོ་མཐོང་ཐུབ། ཡིན་ནའང་། རྒྱལ་རབས་ཤིག་ཡིན་ཕྱིན་རྒྱལ་པོ་དང་རྒྱལ་སྲིད་བྱུང་རིམ་ཅན་ཞིག་ཡིན་དགོས་པ་ངེས་བས་གྲུབ་ཡོད་པས།མངའ་བདག་གཅིག་ཁོ་ནས་མི་ཚེ་གཅིག་ལ་རྒྱལ་ཁྲིམས་བསྐྱངས་པ་ཞིག་མ་ཡིན་པར། མངའ་བདག་རིམ་བྱོན་གྱིས་མངའ་དབང་མཛད་པའི་གོ་རིམ་ཞིག་ཡོད་དགོས་པ་ཐོག་མའི་ཆ་རྐྱེན་ནོ།།
            རྒྱལ་སྲས་སྲིད་དབང་ཚུགས་པ་ནས་བཟུང་འཇིག་པའི་བར། མི་རབས་བཞིའི་རིང་ལ་ཁྲི་རབས་དྲུག་བྱུང་ཞིང་། ཁྲི་ཐོག་མངའ་བདག་རེ་རེའི་སྲིད་དབང་བསྒྱུར་ཡུལ་གྱི་ཆ་ནས་ཙོང་ཁ་ཞེས་ས་མིང་སྦྱར་བ་དང་། དབང་བསྒྱུར་མཁན་ལ་རྒྱལ་པོ་ཞེས་པའི་མཚན་དོན་གསོལ་བས། ཙོང་ཁ་རྒྱལ་པོ་ཞེས་པའང་དོན་གྱི་ངེས་པ་ཚིག་ལ་ཆགས་པའི་རྗེས་གྲུབ་ཀྱི་མིང་ཞིག་ཡིན། དེའི་ཕྱིར་ཙོང་ཁ་རྒྱལ་པོ་ཞེས་པ་ནི་ཙོང་ཁའི་མངའ་བདག་རིམ་བྱོན་དྲུག་པོའི་སྤྱི་མཚན་དུ་སྒྲ་དོན་ཉིས་འཇུག་གི་ཚུལ་གྱིས་དེ་ལྟར་བཏགས་པའོ།། དེས་ན་ཙོང་ཁ་བདེ་ཁམས་བཅོ་བརྒྱད་ལ་ཆོས་སྲིད་ལུགས་གཉིས་ཀྱི་མངའ་དབང་བསྒྱུར་བའི་མངའ་བདག་གམ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དྲུག་བྱུང་བ་རེ་རེ་བཞིན་བརྗོད་པར། དང་པོ་ཁྲི་ལྡེའམ་ཁྲི་གནམ་ལྡེ་དབོན་བཙན་པོ་(欺南陵温桟逋)ནི་འུ་དུམ་བཙན་གྱི་གདུང་རྒྱུད་ལྔ་བ་སྟེ། མངའ་བདག་འོད་སྲུང་ལ་སྲས་མངའ་བདག་དཔལ་འཁོར་བཙན། དེ་ལ་སྲས་སྐྱིད་ལྡེ་ཉི་མ་མགོན་དང་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་གཉིས་བྱུང་བ་ལས། ཁྲི་བཀྲ་ཤིས་བརྩེགས་པ་དཔལ་ལ་སྲས་དཔལ་ལྡེ་དང་འོད་ལྡེ། སྐྱིད་ལྡེ་གསུམ་བྱུང་ཞིང་། དེ་ལས་འོད་ལྡེ་ལ་སྲས་ཕ་བ་དེ་སེ་དང་།ཁྲི་ལྡེ། ཉག་ལྡེ། ཁྲི་ཆུང་བཅས་བཞི་བྱུང་བའི་གཉིས་པ་ཁྲི་ལྡེ་ནི་ཙོང་ཁ་རྒྱལ་པོའི་ཁྲི་ཐོག་དང་པོའོ།།
            ཁོང་དགུང་ལོ་བཅུ་གཉིས་སྟེང་སྤྱི་ལོ་1009ལོར། ཐོག་མར་ཀ་ཆུ་①ཡི་ཚོང་དཔོན་དཔལ་ལྷ་ཡེ་ཤེས་(何郎业贤)གྱིས་སྟོབས་རྫོང་མཁར་②ལ་གདན་དྲངས་ཤིང་། དེ་ནས་གཞན་དབང་དུ་གྱུར་ཏེ་སྔ་ཕྱིར་རེབ་གོང་མཁར་③དང་ཀོག་ཡུལ་མཁར།④ ཙོང་ཁ་མཁར།⑤ རྨོ་ཐང་མཁར།⑥གྱི་ཐང་མཁར་⑦བཅས་བྱེ་བྲག་གི་ས་གནས་སོ་སོར་ཐེངས་དྲུག་ལ་གནས་སྤར་རྗེས། མཐར་དགུང་ལོ་35སྟེང་སྤྱི་ལོ་1032ལོར་གྱི་ཐང་མཁར་དུ་རྒྱལ་ས་གཏན་ཆགས་བྱས་པ་དང་། ཕྱོགས་དང་ཕྱོགས་མཚམས་ཀུན་ལ་བཀའ་གཙིགས་བསྒྲགས་ཏེ། ཙོང་ཁ་ཆེ་ཆུང་ཀུན་གྱི་བོད་མི་གཙོ་བྱས་པའི་རིགས་རུས་ཡོངས་སུ་གཅིག་གྱུར་བྱས་ཤིང་། ཐོག་དང་པོར་ཙོང་ཁ་རྒྱལ་རབས་ཀྱི་སྒོ་འཕར་ཡངས་པོར་ཕྱེ་ཐོག་རང་རྐྱ་ཐུབ་པའི་སྒོ་ནས་བགྲང་བྱ་ལོ་56ལ་རྒྱལ་སྲིད་བསྐྱངས་རྗེས།དགུང་ལོ་68སྟེང་སྤྱི་ལོ་1065ལོར་སྐུ་ཚེ་རྫོགས་སོ།།
            ཙོང་ཁ་རྒྱལ་པོའི་ཁྲི་ཐོག་གཉིས་པར་དོན་བཙན་(董毡)ཞེས་གསོལ། རྒྱལ་སྲས་ཁྲི་གནམ་ལྡེ་དབོན་བཙན་གྱི་བཙུན་མོ་གསུམ་པ་བྲ་བཟའ་ལ་སྐྱེས། སྲས་གསུམ་པོའི་ཐ་ཆུང་ཡིན། སྤྱི་ལོ་1065ལོར་ཡབ་རྒྱལ་པོ་འདས་རྗེས། སྲིད་ཁྲིར་མངའ་གསོལ་ཏེ་རྒྱལ་ཁྲིམས་དང་ཆོས་ཁྲིམས་སྔར་སྲོལ་ཇི་ལྟ་བ་དེ་བཞིན་ལེགས་པར་བསྐྱངས་ཤིང་། སུང་བྱང་མ་དང་ཆི་ཏན། མི་ཉག ཧོར་སོགས་རྒྱལ་ཁབ་དུ་མའི་དབུས་སུ་གནམ་འདེགས་ཀྱི་ཀ་བ་ལྟ་བུའི་རང་བཞིན་ཐོན་ལ། དེ་དག་དང་འགལ་མཐུན་གཉིས་ལྡན་གྱི་འབྲེལ་ལམ་རིང་མོ་ཆགས་ཏེ།ཕན་ཚུན་ལ་བཀའ་ཡི་ཕོ་ཉ་དང་ཚོང་ལམ་སོགས་ཆབ་སྲིད་དང་རིག་གནས། དཔལ་འབྱོར་བཅས་ཀྱི་འགྲོ་འོངས་ཟམ་མ་ཆད་པར་ཡོད་པས། སྟོབས་འབྱོར་མངའ་ཐང་ཆེས་ཆེར་རྒྱས་ཏེ་གཞན་གྱིས་བསྒྲུན་ཟླ་དང་བྲལ་བར་གྱུར། སྤྱི་ལོ་1083ལོར་བབས་ཏེ། བགྲང་བྱ་ལོ་18ལ་རྒྱལ་སྲིད་བསྐྱངས་རྗེས་སྐུ་ཚེ་ལས་འདས་སོ།།
            ཙོང་ཁ་རྒྱལ་པོའི་ཁྲི་ཐོག་གསུམ་པ་ཨ་རིག་མགོན་(阿里骨)ནི་མངའ་བདག་དོན་བཙན་གྱི་བུ་དོད་དེ་གདུང་རྒྱུད་དངོས་མ་ཡིན། ཁོང་ན་ཕྲའི་དུས་སུ་མ་ཡུམ་བྲ་མོ་བྱམས་(掌牟瞎逋)ཀྱིས་མངའ་བདག་དོན་བཙན་གྱི་གམ་དུ་སྲི་ཞུ་གང་ལེགས་བསྒྲུབས་འོངས་པས། ཕྱིས་སུ་བུ་དོད་དུ་གྱུར་ཞིང་རྒྱལ་སྲིད་བཟུང་། ལར་ཡིན་ན་མངའ་བདག་དོན་བཙན་ལ་སྐུ་སྲས་ཁྲི་ལྡན་(奇鼎)ཞེས་པ་ཞིག་འཁྲུངས་ནའང་། རྒྱུ་དང་རྐྱེན་གང་མང་དབང་གིས་རྒྱལ་པོའི་སྲིད་ཁྲིར་བཞུག་པའི་བསྐལ་བ་མ་བྱུང་བར་དུས་མིན་འཆི་བའི་དབང་དུ་སོང་། ཨ་རིག་མགོན་གྱིས་སྤྱི་ལོ་1083ལོ་ནས་1096ལོའི་བར་བགྲང་བྱ་ལོ་13ལ་རྒྱལ་སྲིད་བསྐྱངས་རྗེས་དགུང་ལོ་57སྟེང་སྐུ་འདས།
            ཙོང་ཁ་རྒྱལ་པོའི་ཁྲི་ཐོག་བཞི་པ་ཤ་བཙན་(辖征)ནི་ཨ་རིག་མགོན་གྱི་སྲས་ཡིན། མཚན་གཞན་ལ་ཁྲི་སྤེན་པ་(溪邦贝昌)ཞེས་ཀྱང་ཟེར། མངའ་བདག་ཤ་བཙན་གྱི་དུས་སུ་ཙོང་ཁ་རྒྱལ་རབས་ཀྱི་དབང་ཐང་རིམ་གྱིས་ཉམས་དམས་སུ་གྱུར་བའི་སྐབས་ཡིན། དེར་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་ཡོད་ནའང་གཙོ་བོའི་ཆ་ནས་བཤད་ན། གཅིག མངའ་བདག་ཨ་རིག་མགོན་གྱི་དུས་ནས་བཟུང་མཐའ་རིས་སུ་གྱུར་པའི་བོད་ཀྱི་ཚོ་ཁག་དག་ངོ་ལོག་པའི་འགོ་བརྩམས་ཤིང་། མངའ་བདག་ཤ་བཙན་གྱི་སྐབས་སུ་ཡུལ་དབུས་ཀྱི་ཚོ་བ་དང་སྤྱི་བ་ཁ་ཤས་ཀྱང་དེ་དག་གི་རྗེས་སུ་འབྲངས། གཉིས། རྒྱལ་སྲས་ཀྱི་གདུང་རྒྱུད་ལ་གཏོགས་པའི་ཚོ་དཔོན་དག་གིས་ས་གནས་བཅད་བཟུང་བྱས་ཤིང་། མངའ་བདག་ཤ་བཙན་ནི་བཙན་པོའི་གདུང་རྒྱུད་དངོས་མ་ཡིན་པར་སྡང་སེམས་བཅངས་ཏེ། རྒྱལ་སྲིད་ལ་ཡིད་མ་རངས་པའི་རྣམ་པ་ཐོན་པ། གསུམ།མངའ་བདག་ཤ་བཙན་ལ་མཚོན་ན་རང་སྲིད་ལ་ཁ་ལོ་བསྒྱུར་ཤུགས་གཉོམ་པའི་ཁར། ཕྱི་འབྲེལ་ཐད་དུ་མི་ཉག་སོགས་མཐའ་བཞིའི་རྒྱལ་ཁབ་དག་གི་རྟིང་རོགས་མ་ཐོབ་པ།འགལ་རྐྱེན་དེ་དག་གི་དབང་གིས་མངའ་བདག་ཤ་བཙན་གྱིས་སྤྱི་ལོ་1096ལོ་ནས་1099ལོའི་བར་ཏེ། བགྲང་བྱ་ལོ་3ལ་མ་གཏོགས་རྒྱལ་སྲིད་བསྐྱངས་མ་ཐུབ་ལ། མཐར་སུང་གོང་མ་སུང་ཀྲིག་ཙུང་(宋哲宗)གིས་མངགས་པའི་དམག་སྤྱི་ཝང་ཀྲན་(王赡)གྱི་དཔུང་ཤུགས་བཟློག་མ་ནུས་པར་དབུ་སྐྲ་བཞར་ཏེ་རབ་བྱུང་བསྒྲུབས་པ་དང་། ཕྱིས་སུ་མགོ་བཏེགས།དེ་ནས་བཟུང་མངའ་བདག་ཨ་རིག་མགོན་གྱི་གདུང་རྒྱུད་ཀྱིས་རྒྱལ་སྲིད་སྐྱོང་བའི་རྒྱུན་ཆད།
            ཙོང་ཁ་རྒྱལ་པོའི་ཁྲི་ཐོག་ལྔ་པ་ཀླུང་བཙན་(陇拶)ནི་རྒྱལ་སྲས་ཀྱི་ཉེ་སྤུན་བཀྲ་ཤིས་གཡང་ལུང་(扎实庸龙)གི་ཚ་བོ་བྱམས་པ་དབོན་(溪巴温)གྱི་སྲས་འབྲིང་བ་ཡིན། མངའ་བདག་ཤ་བཙན་གྱིས་སུང་ལ་མགོ་བཏེགས་རྗེས། བློན་ཁྲོ་རྒྱལ་(绰尔结)དང་སེམས་ཉིད་ཆོས་གྲགས་(森摩乾展)ཀྱིས་དོན་བཙན་གྱི་ཉེ་ཚན་བྱམས་པ་དབོན་གྱི་སྲས་ཀླུང་བཙན་རྒྱལ་སར་གདན་དྲངས་ཏེ་མངའ་བདག་བསྟེན། ཀླུང་བཙན་སྲིད་ཁྲིར་བཞུགས་པ་འདིས་རྒྱལ་སྲས་གདུང་རྒྱུད་ཀྱིས་ཡང་བསྐྱར་རྒྱལ་སྲིད་བསྐྱངས་པ་མཚོན་མོད། འོན་ཀྱང་དེས་ཀྱང་སུང་གི་དམག་སྤྱི་ཆེན་མོ་ཝང་ཀྲན་གྱི་དཔུང་ཡ་མ་འོངས་པར།མཐར་སྤྱི་ལོ་1099ལོའི་ཟླ་བརྒྱད་པ་ནས་བཅུ་གཅིག་པའི་བར་ཏེ། ཟླ་བ་གསུམ་ཙམ་གྱི་རིང་ལ་རྒྱལ་ས་བཟུང་རྗེས་ཁྲི་ལས་བབས་ཤིང་། རླུང་གིས་བདས་པའི་ཕྱེ་ལེབ་བཞིན་སུང་གི་དམག་སྤྱི་ཝང་ཀྲན་གྱིས་རྒྱ་ནག་གོང་མའི་རྒྱལ་ས་ཁེད་ཧྥུན་(开封)ལ་གཡུལ་གྱི་འབྲས་བུ་རྩིས་སྤྲོད་བྱེད་དུ་ཁྲིད།
            ཙོང་ཁ་རྒྱལ་པོའི་ཁྲི་ཐོག་དྲུག་པ་ཁྲི་བློ་གསལ་(锡罗萨勒)ནི་རྒྱལ་སྲས་ཀྱི་གདུང་རྒྱུད་བྱམས་པ་དབོན་གྱི་སྲས་གསུམ་པ་ཡིན། མཚན་གཞན་ལ་ཀླུང་བཙན་ཆུང་བ་(小拢拶)ཞེས་ཀྱང་ཟེར། དེ་ནི་ཁོང་གི་གཅེན་པོ་ཀླུང་བཙན་དང་དབྱེ་བ་དགར་བའི་སླད་དུ་ཡིན། ཀླུང་བཙན་གྱིས་སུང་ལ་མགོ་བཏེགས་རྗེས། སྤྱི་དཔོན་ཁྲོ་སྐྱབས་དང་རྒྱལ་མོ་པ་སངས་(嘉勒摩巴桑济)གཉིས་ཀྱིས་ཀླུང་བཙན་གྱི་གཅུང་བོ་མཚན་ལ་ཀླུང་བཙན་ཆུང་བའམ་ཁྲི་བློ་གསལ་ཞེས་གསོལ་བ་གདན་དྲངས་ནས་རྒྱལ་སྲིད་ལ་བསྐོས། མངའ་བདག་ཁྲི་བློ་གསལ་གྱི་དུས་སུ་མཐའ་རིས་དང་ཚོ་བ་ཚོ་དཔོན་མཐའ་དག་ཡང་བསྐྱར་གཅིག་གྱུར་བྱས་ཏེ། དཔུང་བ་མཉམ་གཤིབ་དང་རྡོག་རྩ་གཅིག་སྒྲིལ་གྱིས་སུང་གི་དཔུང་འཇུག་ལ་འགོག་རྒོལ་དྲག་པོ་བཏང་ཞིང་། རྨ་ཙོང་ས་ཁུལ་ལ་ཡང་བསྐྱར་བདག་གིར་མཛད་པའི་དཔུང་བཤམས་པས། སུང་གིས་ཆག་ཆེ་ཉམ་ང་མ་བཟོད་པར་རུ་དམག་ཕྱིར་མི་འཐེན་ཀ་མེད་བྱུང་། དེ་ནས་བཟུང་རེ་ཞིག་ལ་ཙོང་ཁ་རྒྱལ་ཁམས་དུས་བདེ་ཞོད་འཇགས་སུ་སོང་སྟེ། དགའ་བདེའི་དཔལ་ལ་རོལ་བའི་བསྐལ་བ་བྱུང་ནའང་། རིང་པོར་མ་ཐོགས་པར་སུང་ཧོས་ཙུང་(宋徽宗)གིས་རྒྱ་ནག་གོང་མའི་ཁྲི་ས་སྐྱོང་བའི་དུས་ལ་བབས་པའི་ཚེ། ཡང་བསྐྱར་ཙོང་ཁའི་ཡུལ་ལ་མངའ་དབང་བསྒྱུར་བའི་ལས་བརྩམས་ཤིང་། དམག་སྤྱི་ཝང་ཧུ་(王厚)ཞེས་པར་རུ་དཔུང་གི་གདོང་ཁྲིད་པའི་བཀའ་བསྩལ་ཏེ། རྨ་ཙོང་ས་ཁུལ་ལ་དཔུང་འཇུག་གི་འགོ་བརྩམས། ལོ་གཅིག་ལྷག་གི་རིང་ལ་གཡུལ་གྱི་སྦྱོར་བ་སྤེལ་མཐར། སྤྱི་ལོ་1104ལོའི་ཟླ་བཞི་བའི་ནང་གྱི་ཐང་མཁར་(青唐城)བླངས་ཤིང་། ལོ་དེའི་ཟླ་ལྔ་པའི་ཚེས་བཅུ་གཉིས་ཉིན་ཐོག་དང་པོར་ཞི་ཉིན་(西宁)ཞེས་མིང་བསྒྱུར། དེ་ནས་བཟུང་ཙོང་ཁ་རྒྱལ་རབས་སིལ་བུར་འཐོར་ཏེ། ས་གནས་བཅད་བཟུང་གི་ཚུལ་དུ་ཆགས། མཇུག་མཐའི་མངའ་བདག་ཁྲི་བློ་གསལ་གྱིས་སྤྱི་ལོ་1099ལོའི་ཟླ་བཅུ་གཅིག་ནས་སྤྱི་ལོ་1104ལོའི་ཟླ་ལྔ་པའི་བར་བགྲང་བྱ་ལོ་4 དང་ཟླ་དྲུག་ལྷག་གི་རིང་ལ་རྒྱལ་སྲིད་བསྐྱངས་རྗེས། མཚོ་སྔོན་པོའི་འགྲམ་རྒྱུད་དུ་བཙན་བྱོལ་ལ་ཕེབས།
            དེ་ལྟར་རྒྱལ་སྲས་ཁྲི་གནམ་ལྡེ་དབོན་བཙན་པོ་ནས་དབུ་བརྙེས་པའི་ཙོང་ཁའི་སྲིད་དབང་འདིར་སྡོམ་པས་མངའ་བདག་དྲུག་བྱོན་ཟིན་ལ། དེ་རེ་རེའི་སྐབས་སུ་ཕྱི་ནང་གི་འགལ་རྐྱེན་སྣ་ཚོགས་ལ་འཕྲད་དེ། རྒྱལ་སྲིད་ལ་བར་ཆད་མང་དུ་བྱུང་ནའང་། རྒྱལ་ཁམས་འཐོར་བའི་ཉེན་ཁ་མ་རེག་པར། མངའ་བདག་གཅིག་ནས་གཅིག་ལ་བརྒྱུད་དེ། རྒྱལ་ཁྲིམས་བསྟུད་མར་བསྐྱངས་འོངས་བར་མ་ཟད། མདོ་ཁམས་སྨད་ཀྱི་བོད་མིའི་སྲིད་འབྱོར་རིག་གསུམ་གྱི་ལྟེ་བར་གྱུར་ཏེ།ལྕགས་ཀྱི་གོང་བུ་ལྟ་བུའི་རྣམ་པ་ཆགས་ཡོད། དེ་བས་ཐོག་མར་མངའ་བདག་རིམ་བྱོན་དུ་ཡོད་པའི་ཆ་ནས། ཙོང་ཁ་རྒྱལ་རབས་ཞེས་པའི་ཐ་སྙད་སྦྱར་ན་མིང་དོན་མཚུངས་ལྡན་དུ་ཡོད་པར་འདོད་དོ།།
གཉིས། མངའ་འབངས་ཀྱི་ཆ་ནས་མིང་དོན་མཐུན་པ།
            མངའ་འབངས་ནི་རྒྱལ་ཁམས་གྲུབ་བྱེད་ཀྱི་རྩ་བའི་རྒྱུ་ཆ་ཡིན་ལ། རྒྱལ་པོའི་ཁབ་ཀྱི་རྩ་འཛུགས་མཐའ་དག་གི་བྱ་བའི་ཡུལ་དང་ཁ་གཏད་ས་ནི་མངའ་ཁོངས་ཀྱི་འབངས་མི་ཡིན་པས། འབངས་མིའི་གྲངས་འབོར་གྱིས་སྲིད་འབྱོར་རིག་གསུམ་གྱི་ལམ་ལུགས་དང་ངོ་བོ་གཏན་ལ་ཕབ་པར་ནུས་པ་གལ་ཆེན་ཐོན་བཞིན་ཡོད་ལ། རྒྱལ་ཁོངས་ཆེ་ཆུང་དང་རྒྱལ་སྟོབས་ཆེ་མིན་གྱི་དབྱེ་བ་འབྱེད་པའི་ཚད་གཞི་ཞིག་ཏུའང་གྱུར་ཡོད། ཙོང་ཁ་རྒྱལ་ཁམས་ནི་སྐབས་དེའི་བོད་བྱིངས་ཀྱི་འབངས་མིའི་སྡོམ་གྲངས་དང་བསྡུར་ན་རྒྱལ་ཕྲན་གྱི་ཚུལ་དུ་སྣང་ནའང་། མཐའ་འཁོར་གྱི་མི་ཉག་དང་ཧོར་རྒྱལ་ཁབ་སོགས་དང་བསྡུར་ན་མི་འབོར་ཆེན་པོ་ཟིན་ཡོད་པ་ལོ་རྒྱུས་ཡིག་ཚང་དག་ལས་རྟོགས་ཐུབ།
            སྤྱིར་ན་ཙོང་ཁ་རྒྱལ་རབས་ཀྱི་མངའ་འབངས་ལ་གྲངས་ཀྱིས་ངེས་པའི་རྩིས་ཤིག་མེད་ནའང་། སྤྱི་ལོ་1104ལོར་སུང་བྱང་མའི་དམག་སྤྱི་ཝང་ཧུ་ཡི་དཔུང་གི་སྦྱོར་བས་ཙོང་ཁ་རྒྱལ་རབས་གཏོར་རྗེས་ཀྱི་གནས་ཚུལ་ལོ་རྒྱུས་ཟིན་ཐོར་བཀོད་པ་ལྟར་ན། 《སྲིད་སྐྱོང་ཀུན་གསལ་མེ་ལོང་གི་རྩ་ལག་》ཁག་བརྒྱ་དང་བཞི་བཅུ་《གོང་མ་ཧོས་ཙུང་གིས་ཧྲན་ཀྲིག་དང་ཁའོ་ཀྲིག་བླངས་པ་》(杨仲良《长编本末》卷一四○《徽宗皇帝.收复鄯廓州》)ལས། “ཐབས་ཀྱིས་སྤྱི་དཔོན་ཉིས་སྟོང་བདུན་བརྒྱ་ལྷག་དང་དུད་ཁྱིམ་འབུམ་བདུན་ལྷག་དབང་འོག་ཏུ་བཅུག སྔ་རྗེས་སུ་ཐེངས་དྲུག་ལ་འཐབ་ཅིང་། མི་ཁྲི་གཅིག་ལྷག་ཚེ་དུས་བྱས།” ཞེས་འཁོད་ཡོད། དེར་བརྟག་ན་རྨ་ཙོང་རྒྱུད་དུ་ཙོང་ཁའི་རྒྱལ་ཁམས་སུ་གཏོགས་པའི་ཡུལ་ཚོ་དང་འབངས་མིའི་གྲངས་འབོར་ཆེན་པོ་ཟིན་ཡོད་པ་རྟོགས་ཐུབ་སྟེ། དུད་ཁྱིམ་འབུམ་བདུན་ལྷག་དབང་འོག་ཏུ་བཅུག་པ་ཡིན་ན། ཁྱིམ་རེར་བཟའ་མི་བཞི་རེ་ལྟར་ཉུང་རྩིས་བརྒྱབ་ནའང་། མི་གྲངས་སྡོམ་པས་ས་ཡ་གཉིས་དང་འབུམ་བརྒྱད་ལྷག་ལ་འབུད། དེས་ན་སྐབས་དེར་ཙོང་ཁའི་རྒྱལ་ཁམས་ཀྱི་མངའ་ཁོངས་སུ་མ་མཐའ་ཡང་མངའ་འབངས་ས་ཡ་གཉིས་ནས་གསུམ་ཡོད་པ་གཏན་ལ་ཕབ་ཆོག ད་ལྟའི་མི་གྲངས་བཤེར་རྩིས་ལྟར་ནའང་བོད་མི་ས་ཡ་དྲུག་ལྷག་ཡོད་པར་བཞེད་ལ། དེ་མདོ་དབུས་ཁམས་གསུམ་དུ་བགོས་ན་མདོ་སྨད་ཀྱིས་ས་ཡ་གཉིས་ལྷག་ཟིན་ཡོད་པ་གོར་མ་ཆག
            ལར་ཡང་གྱི་ཐང་མཁར་དང་ཙོང་ཆུའི་ཡུལ་རྒྱུད་ནི་ཕྱིའི་རྒྱལ་ཁམས་དག་ཇ་རྟ་ཚོང་རར་འགྲིམ་པའི་བཤུལ་ལམ་དང་སྒོས་སུ་ཀན་ཀྲིག་⑧གི་ཧོར་དང་ཞི་ཀྲིག་⑨ཧོར། བྱང་ཕྱོགས་ཀྱི་མི་ཉག་སོགས་སུང་གི་རྒྱལ་ཁབ་ཏུ་འགྲོ་འོངས་བྱེད་པའི་འགག་སྒོ་ལྟ་བུར་གྱུར་ཡོད་པས། དོན་མཐུན་དང་ཕྱི་ཡོང་མཐའ་དག་ཙོང་ཁའི་ཆབ་རིས་སུ་ཞུགས་ཏེ་སྡོད་པའི་སྣང་ཚུལ་ཤིན་ཏུ་མང་། དཔེར་ན། 《གྱི་ཐང་ལོ་རྒྱུས་ཟིན་བྲིས་》(李远《青唐录》)སུ་གྱི་ཐང་མཁར་གྱི་བཀོད་པ་བྲིས་ཡོད་པ་ལས། “ཤར་མཁར་ལས་ཕྱི་ཡོང་བ་དང་དེ་དག་གི་ཕྱི་རབས་པ་རྣམས་ཆགས་ཡོད། མི་ཉག་གིས་ལི་ཡུལ་⑩བཟུང་སྟབས། ཧོར་ནས་འགྲིམ་འོངས་པའི་དོན་མཐུན་གྱིས་ཁྱིམ་གྲངས་བརྒྱ་ལྷག་ཟིན་”ཞེས་སྣང་བས་མཚོན། དེ་བས་ཙོང་ཁ་རྒྱལ་རབས་ཀྱི་ཆབ་རིས་སུ་ཙོང་ཁ་བདེ་ཁམས་བཅོ་བརྒྱད་ཀྱི་བོད་པ་ལས་གཞན་མི་ཉག་དང་ཧོར། རྒྱ་སོགས་རུས་ཚན་དང་མི་རིགས་དུ་མ་ཞིག་འདུས་ཡོད་ལ། མངའ་འབངས་ཀྱི་གྲངས་འབོར་ས་ཡ་གཉིས་ཡན་ནས་ཡོད་པ་རྟགས་དང་ཚད་མས་གྲུབ་ཡོད།
            མཐའ་བཞིའི་སྲིད་དབང་དག་གི་གནོན་ཤུགས་དང་སྒོས་སུ་སུང་བྱང་མའི་བཙན་ཤུགས་ཀྱི་དབང་གིས་ཙོང་ཁ་རྒྱལ་པོའི་མངའ་ཁོངས་ཀྱི་ཚོ་བ་ཚོ་རིས་དང་དེའི་མི་འབོར་མཐའ་དག་གནས་སྐབས་ཤིག་ལ་གཞན་དབང་དུ་གྱུར་བའི་གནས་ཚུལ་ཡོད་ནའང་། སྤྱིར་མངའ་བདག་རིམ་བྱོན་གྱི་སྐབས་སུ་ངེས་གཏན་གྱི་འབངས་མིར་ཆགས་ཡོད་ལ། གྲངས་འབོར་ཡང་ཡར་འཕར་བ་ལས་མར་ཆག་པའི་སྣང་ཚུལ་ཉུང་བས། འབངས་ཆེན་པོས་བཀུར་བའི་རྒྱལ་སྲིད་འདིར་མངའ་འབངས་ཀྱི་ཆ་ནས་ཙོང་ཁ་རྒྱལ་རབས་ཞེས་པའི་མིང་དོན་འཕྲོད་ལ་གནས་ལུགས་དང་མཐུན་པར་འདོད་དོ།།
གསུམ། མངའ་རིས་ཀྱི་ཆ་ནས་མིང་དོན་འཕྲོད་པ།
            མདོ་ཁམས་སྨད་ཀྱི་ཙོང་ཁ་ཆེ་ཆུང་གི་ཡུལ་གྲུ་འདི་ཙོང་ཁ་རྒྱལ་པོ་ཁྲི་གནམ་ལྡེ་དབོན་བཙན་པོས་དུས་རབས་བཅུ་གཅིག་པའི་དུས་འགོར་གཅིག་གྱུར་གྱིས་མངའ་དབང་མ་བསྒྱུར་བའི་ཡར་སྔོན་དུ། གཅིག་འོག་གཅིག་ལ་མ་འདུས་པའི་ས་གནས་སྲིད་དབང་གསུམ་གྱི་རྣམ་པས་ཆགས་ཡོད་དེ། ཀ་ཆུ་(河州)ས་ཆ་དབང་དུ་བསྒྱུར་པའི་ཟིང་བོ་ཁྲི་སྲིད་རྗེ་(耸昌斯均)དང་། རྨོ་ཐང་(邈川)ས་ཁུལ་ལ་མངའ་བསྒྱུར་བའི་ཡ་རུ་རྗེ་(雅仁杰)དཀར་པོ་ཐང་⑾ས་གནས་ལ་བདག་དབང་མཛད་པའི་ཀླུ་བཙུན་(立遵)བཅས་ཡིན། དེ་དག་ལ་རང་འཚམ་གྱི་སྟོབས་འབྱོར་མངའ་ཐང་དང་རུ་སྲུང་དབང་ཤུགས་ངེས་ཅན་འཛོམས་ཡོད་ནའང་། དུས་ཡུན་རིང་པོར་གཅིག་གྱུར་གྱི་རྒྱལ་སྲིད་བརྟན་པོ་ཞིག་ཆགས་མེད་པས། དཔུང་བཙན་པའི་མཐའ་བཞིའི་རྒྱལ་ཁབ་དག་གི་དྲག་ཤུགས་ལ་རྒོལ་ལན་སྤྲོད་པའི་བསྒྲུན་ཟླར་གྱུར་མེད་ལ། དབང་ཤུགས་ཀྱི་ཐད་ནས་ད་དུང་ཉམས་དམས་པའི་ཚུལ་དུ་ཡོད་དོ།།
            རྒྱལ་སྲས་དམ་པ་མདོ་སྨད་དུ་ཕེབས་རྗེས། སྲིད་དབང་གཅིག་གྱུར་གྱི་འགོ་བརྩམས་ཤིང་། མངའ་ཁོངས་ཀྱང་རིམ་གྱིས་རྒྱ་བསྐྱེད། ཁོང་དང་ཐོག་ཙོང་ཁ་མཁར་(宗哥城)ན་ཀླུ་བཙུན་དང་མཉམ་དུ་བཞུགས་པའི་དུས་སུ། མངའ་ཁོངས་ཀྱི་ཆེ་ཆུང་སྐོར་ལོ་རྒྱུས་ཟིན་ཐོར་བཀོད་པ་《སྲིད་སྐྱོང་ཀུན་གསལ་མེ་ལོང་མཐུད་འགོད་རྒྱས་མ་》(李涛《续资治通鉴长编》)ལས། “ཤར་ནས་ཡོས་བུ་གྲམ་⑿བར་ལེ་དབར་དགུ་བརྒྱ་དང་བཅོ་ལྔ་ཡོད། ཤར་བྱང་དུ་ལིང་ཀྲིག་མཁར་⒀བར་ལེ་དབར་ལྔ་བརྒྱ་ཡོད། ནུབ་ནས་ཀན་ཀྲིག་(甘州)བར་ལེ་དབར་བརྒྱ། ཤར་ནས་ལན་ཀྲིག་⒁བར་ལེ་དབར་སུམ་བརྒྱ། ལྷོ་ནས་ཧི་ཀྲིག་(河州)བར་ལེ་དབར་བཞི་བརྒྱ་དང་བཅོ་ལྔ། ཡང་ཤར་ནས་གད་ཁོག་⒂བར་ལེ་དབར་ལྔ་བརྒྱ་དང་ལྔ་བཅུ། ནུབ་ལྷོ་ནས་མཚོ་སྔོན་པོའི་བར་ལེ་དབར་བཞི་བརྒྱ། ཡང་ཤར་ནས་ཝའེ་ཀྲིག་⒃བར་ལེ་དབར་ཆགི ་སྟངོ ་བརྒྱད་བརྒྱ་དགུ་བཅུ་ཡོད་”ཅེས་འཁོད་ཡོད། དེ་ལས་རྟོགས་ཐུབ་པ་ནི་ཙོང་ཁའི་ས་བབ་ནི་ནུབ་ཏུ་རི་བོ་ཉི་ཟླའི་མཚམས་ལས་བརྒལ་ཞིང་། མུ་མཐའ་བྲལ་བའི་རྩྭ་ཐང་གིས་ཁྱབ། བྱང་དུ་མདོ་ལ་རིང་མོ་དང་འབྲེལ་ཞིང་། བགྲོད་ལམ་ཀྱག་ཀྱོག་ཆེ། ཤར་ལྷོའི་ཕྱོགས་སུ་ཙོང་ཆུའི་བཞུར་རྒྱུན་ལྟར་རྨ་ཆུའི་འདབས་ལ་སླེབས་ཤིང་། ས་གཤིས་ཀྱང་རིམ་གྱིས་ཇེ་སྙོམས་དང་ཇེ་བདེ་ཡིན། ཤར་ནས་ལུང་ཡུག་⒄དང་ཆིན་ཝའེ་⒅ཡི་མཚམས་སུ་སླེབས་ཡོད། ལུང་ཡུག་དང་ཆིན་ཝའེ་ཡུལ་ཕྱོགས་འདི་ནི་གྲགས་ཆེ་བའི་དར་གོས་འགྲུལ་ལམ་གྱི་ལྷོ་ལམ་ཡིན་ལ། ལོ་རྒྱུས་ཡིག་ཚང་ལས་ས་སྟེང་ན་ཆེས་འབྱོར་ཕྱུག་དང་ལྡན་པ་ནི་ལུང་ཡུག་ཉག་ཅིག་གོ་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་ཞིང་ཡོད། དེའི་རྗེས་སུ་སུང་བྱང་མའི་དམག་སྤྱི་ཝང་ཧུ་(王厚)ཡི་དཔུང་ཆེན་པོས་ཙོང་ཁ་རྒྱལ་རབས་གཏོར་བའི་སྐབས། མངའ་རིས་ཀྱི་ཆེ་ཆུང་ལོ་རྒྱུས་ཡིག་རྙིང་དུ་ཞིབ་འབྲི་བྱས་ཡོད་པ། 《སྲིད་སྐྱོང་ཀུན་གསལ་མེ་ལོང་གི་རྩ་ལག་》ཁག་བརྒྱ་དང་བཞི་བཅུ་《གོང་མ་ཧོས་ཙུང་གིས་ཧྲན་ཀྲིག་དང་ཁའོ་ཀྲིག་བླངས་པ་》(杨仲良《长编本末》卷一四○《徽宗皇帝.收复鄯廓州》)ལས། “མངའ་ཁོངས་ལེ་དབར་སུམ་སྟོང་ལྷག་རྒྱ་བསྐྱེད། དེའི་ཕྱོགས་བཞི་ནི་བྱང་དང་ཤར་ལྷོའི་ཕྱོགས་ནས་མི་ཉག་གི་རྒྱལ་ཁམས་སུ་གཏུགས་ལ། ནུབ་ནས་མཚོ་སྔོན་པོ་བརྒལ་ཏེ་ཆིག་ཚི་⒆རྒྱལ་ཁབ་ཀྱི་ས་མཚམས་སུ་སླེབས། ལྷོ་ནས་ལུ་ཀན་⒇རྒྱལ་མཚམས་སུ་གཏུགས་ཡོད། ཤར་ལྷོའི་ཕྱོགས་ནས་ཞི་ཧི་(21)དང་མེན་ཀྲིག་(22)ལ་སླེབས།”ཞེས་འཁོད་ཡོད། 
            དེར་བརྟག་ན་ཙོང་ཁ་རྒྱལ་ཁམས་ཀྱི་ཕྱོགས་བཞིའི་མངའ་ཁོངས་ནི་ཤར་ལྷོའི་ཕྱོགས་ནས་ཆིན་ཀྲིག་ནུབ་ཁུལ་གྱི་སུམ་མདོ་(23)ལ་སླེབས་ཤིང་། བྱང་ནས་མདོ་ལ་རིང་མོར་འབྲེལ་བ་དང་། ལྷོ་ནས་མགོ་ལོག་གི་ས་ཁོངས་སུ་གཏུགས་ཤིང་། ནུབ་ནས་མཚོ་སྔོན་པོ་བརྒལ་ཡོད་པ་གསལ་ལོ།། གནམ་གྱིས་ས་བཀབ་པ་ལྟ་བུའི་མངའ་རིས་རྒྱ་ཆེན་པོ་འདི་ལོ་རྒྱུས་ཀྱི་དུས་སྐབས་རེ་རེར་རྒྱལ་ཤུགས་ཀྱི་བཙན་གཉོམ་དབང་གིས་མཐའ་མཚམས་ཐོབ་ཤོར་གྱི་འགྱུར་ལྡོག་འབྱུང་བཞིན་ཡོད་ནའང་། སྤྱིར་སྟོབས་ཀྱི་ཁྱབ་ཁོངས་ནི་ཕྱོགས་བཞིའི་རྒྱལ་ཁམས་ཀུན་ལ་གཏུགས་ཤིང་། ཙོང་ཁ་རྒྱལ་རབས་འཇིག་པའི་བར་དུ་གཙང་བོ་གཅིག་དང་ཆུ་བོ་བཞི(24)་ཡི་བཞུར་ཁོངས་ཀྱིས་ཟིན་པའི་བརྟན་ཆགས་རང་བཞིན་གྱི་མངའ་རིས་དབང་དུ་བསྒྱུར་ཡོད་སྟབས། མངའ་རིས་ཀྱི་ཆ་ནས་སྨད་ཀྱི་རྒྱལ་ཁྲིམས་ཞྭ་ཙམ་པ་འདིར་ཙོང་ཁ་རྒྱལ་རབས་ཞེས་གོ་བ་བླངས་ན་མིང་དོན་འཕྲོད་སྦྱོར་དུ་ཡོད་པར་བསམས་སོ།།
བཞི། མངའ་ཐང་གི་ཆ་ནས་མིང་དོན་མཉམ་པ།
            མངའ་བདག་དང་མངའ་འབངས། མངའ་རིས་བཅས་ནི་མངའ་ཐང་གི་ནང་དོན་གཙོ་གྲས་དང་སྔོན་འགྲོའི་ཆ་རྐྱེན་ཡིན། ཙོང་ཁ་རྒྱལ་རབས་ཀྱི་མངའ་ཐང་གི་དར་ཚད་ཇི་ལྟ་བ་དེ་མངའ་བདག་རིམ་བྱོན་དང་། མངའ་འབངས་མང་ཉུང་། མངའ་རིས་ཆེ་ཆུང་སོགས་ཀྱི་ཐད་ནས་ཡང་དག་པས་མཚོན་ཡོད། ཆ་རྐྱེན་གཞན་ཞིག་ནི་རྒྱལ་སྲིད་མུ་འབྲེལ་རང་བཞིན་གྱིས་གནས་པའི་དུས་ཡུན་གྱིས་མཚོན་པ་དེ་ཡིན། དེས་ན་ཙོང་ཁ་རྒྱལ་རབས་དབུ་བརྙེས་པ་ནས་འཇིག་པའི་བར་དུས་རབས་གཅིག་ཙམ་ཞིག་འདས་ཟིན་ལ། དུས་ཡུན་འདིས་རྒྱལ་སྲིད་དོན་ལ་འཁེལ་བའི་ལུགས་མཐུན་རང་བཞིན་མཚོན་པ་མ་ཟད། མངའ་ཐང་དར་བར་ཕན་པའི་རྒྱུ་སྔོན་ནས་བསྐྲུན་ཡོད་པ་ཤེས། གལ་ཏེ་རྒྱལ་སྲས་དམ་པའི་སྲིད་དབང་འདི་ཆོས་སྲིད་གང་ཅིའི་ཐད་ནས་ལུགས་མཐུན་ལས་ལྡོག་པ་ཞིག་ཡིན་ན། དེར་གནས་ཡུན་དང་མངའ་ཐང་ཟེར་བ་གླེང་ཐབས་བྲལ། དེ་བས་དུས་རབས་གཅིག་རིང་གི་དུས་ཡུན་ཏེ། དུས་རབས་བཅུ་གཅིག་པའི་དུས་འགོ་ནས་བཅུ་གཉིས་པའི་དུས་འགོའི་བར་གྱིས་ཆོད་པ་འདིས། སྐབས་དེའི་ཙོང་ཁ་རྒྱལ་རབས་ཀྱི་སྲིད་ཇུས་ལུགས་དང་མཐུན་ལ། འབངས་ཀྱི་བློ་རྩ་བརྟན་པ་དང་། སྟོབས་འབྱོར་ཤིན་ཏུ་རྒྱས་ཤིང་། མངའ་ཐང་ཆེས་ཆེར་དར་ཡོད་པ་མཚོན་ཐུབ། 
            སྤྱིར་ན་མངའ་ཐང་དར་བར་རྒྱལ་པོའི་སྲིད་ཀྱི་ཕྱི་འབྲེལ་ནང་སྐྱོང་གི་ལམ་ལུགས་མང་པོ་དང་ཐབས་ཤེས་ཁྱད་པར་ཅན་སོགས་ལ་འབྲེལ་བ་ཡོད་པ་སྨོས་མ་དགོས་ཀྱང་། གཙོ་བོ་འབངས་ཀྱི་འབྱོར་བའི་ཆུ་ཚད་ལ་རག་ལས་ཡོད་པར་བསམ་སྟེ། མར་ཁེ་སིའི་གཞུང་ལུགས་ལྟར་ནའང་དཔལ་འབྱོར་གྱི་རྨང་གཞིས་སྟེང་གི་བཀོད་པ་ཐག་གིས་གཅོད་ཅེས་འདོད། དེས་ན་འབྱོར་བ་སྤེལ་བར་སྲོལ་རྒྱུན་གྱི་ཞིང་ལས་དང་ཕྱུགས་ལས་ཐོན་སྐྱེད་ལས་གཞན། བཟོ་ལས་དང་ཚོང་ལས་ནི་ལམ་སྣ་གཙོ་བོ་གཉིས་སུ་ངེས། ཙོང་ཁ་རྒྱལ་རབས་སྐབས་སུ་བཟོ་ལས་ལག་རྩལ་ཆེས་ཆེར་དར་ཡོད་ལ། ཐོན་རྫས་ཀྱི་རིགས་ཀྱང་ཕུན་སུམ་ཚོགས་པ་ཞིག་སྤེལ་ཡོད་དེ།ཞིང་ཕྱུགས་ལས་ཕྱོགས་ཀྱི་སྤྱོད་ཆས་སུ། པགས་ཚར་དང་ཐགས། ཕྲུགས། བལ་གདན། ས་གདན། བརྒྱུས་ཐག སྒ་ཆས། སྦྲ། ཆང་སོགས་དང་། བཟོ་ལས་ཐོན་རྫས་ཀྱི་རིགས་ལ་གསེར་ཆས་དངུལ་ཆས་དང་། མུ་ཏིག་གི་མགུལ་རྒྱན།གསེར་སྐུ། གསེར་གྱི་མེ་ལོང་། གསེར་གྱི་བུམ་པ། གཡང་ཊིའི་ཕོར་བ། གསེར་དངུལ་ཟངས་གསུམ་གྱི་ཐེམ་ཀ་དང་འདོགས་ཆ། རྐུབ་ཀྱག་སོགས་བགྲང་གིས་མི་ལངས་པ་བདོག  ལག་ཤེས་བཟོ་རིག་གི་ཐོན་རྫས་འདི་དག་ལས། ཙོང་ཁ་རྒྱལ་རབས་སྐབས་སུ་བཟོ་ལས་ཐོན་སྐྱེད་ཀྱི་ཆུ་ཚད་ངེས་ཅན་ཞིག་ལ་སླེབས་ཡོད་པ་རྟོགས་ཐུབ།
            ལྷག་པར་དུ་དམག་ཆས་ལས་རིགས་ཀྱི་ཐད་དུ་ཤེས་རིག་ལག་རྩལ་ཕུལ་དུ་བྱུང་ཡོད་པ། 《གྱི་ཐང་ལོ་རྒྱུས་ཟིན་བྲིས་》(李远《青唐录》)ལས། “མི་ཉག་དང་བོད་ནི་རིགས་རྒྱུད་གཅིག་ལ་གཏོགས། གོ་ཁྲབ་དང་མདུང་གྲི་བཟོས་པ་ཁྱད་དུ་འཕགས།”ཞེས་འཁོད་ཡོད་པ་ལས་གསལ། བོད་དམག་གི་“ཁྲབ་རྨོག་བཙན་ཞིང་མིག་གཉིས་མ་གཏོགས་ལུས་རིལ་པོ་ཁེབས་པ་དང་། མདའ་གྲི་རྣོན་པོས་ཀྱང་ཆོད་དཀའ་” (25)བའི་སྣང་ཚུལ་དེ་བཙན་པོའི་རྒྱལ་རབས་སྐབས་ནས་བཟུང་ཡོད་མོད། ཙོང་ཁ་རྒྱལ་རབས་ཀྱི་དུས་སུ་རྨང་གཞི་དེའི་སྟེང་འཕེལ་འགྱུར་བྱུང་སྟེ། བཟོ་རྩལ་དང་རྒྱུ་ཆ་གང་ཅིའི་ཕྱོགས་ནས་ཀྱང་ཁྱད་དུ་འཕགས་པའི་རང་བཞིན་ཐོན་ཡོད། དེའི་སྐོར་《མོན་ཞིའི་མཐོང་ཐོས་ཟིན་བྲིས་》(沈括《梦溪笔谈》)ལས། “ཙོང་ཁའི་བོད་རྣམས་གོ་ཁྲབ་བཞུ་སྦྱངས་ཀྱི་ལས་ལ་མཁས། རྣོ་ལྕགས་ཀྱི་མདོག་སྨུག་ལ།དྭངས་ཤིང་གསལ་བས་བ་སྤུའང་ངོས་སུ་ཤར་ཐུབ། དེ་གླ་ལྤགས་ཀྱི་རྒྱུན་ཐག་གིས་སྦྲེལ་ཞིང་། གྱོན་ཚེ་མཉེན་ཞིང་སྲབ་ལ་སྲ་མཁྲེགས་ཀྱི་རང་བཞིན་ལྡན། སུང་གི་མཐའ་མཚམས་སྐྱོང་བའི་རུ་དམག་ཁྲོད་དེ་འདྲའི་གོ་ཁྲབ་ཅིག་ཡོད་པར། སྒམ་ནང་དུ་སྦས་ཏེ་མི་རབས་བརྒྱུད་པའི་རིན་པོ་ཆེ་རུ་བརྩི།རུ་དཔོན་ཧན་ཝའེ་(韩魏)ཡིས་སྔོན་ཆད་ཅིན་ཡོན(26)་ས་ཆ་སྲུང་དུས། གོ་ཁྲབ་དེ་བླངས་ནས་ཚོད་ལྟ་བྱས་པ་ལ། གོམ་པ་ལྔ་བཅུའི་མཚམས་ནས་གཞུ་རྒོད་ལས་འཕངས་པའི་མདའ་ཆེན་གྱིས་ཀྱང་བརྟོལ་མ་ནུས། དེ་ལས་མདའ་གཅིག་ཁྲབ་མིག་གི་གནད་དུ་འཛེར་ཡང་། རྣོ་ལྕགས་ཕྱིར་བརྫེས་པ་ཙམ་ལས་ཕུག་མ་ཐུབ།” ཅེས་སྣང་། འདི་ལས་སྐབས་དེའི་རྣོ་ལྕགས་ཀྱི་རྒྱུ་སྤུས་བཟང་ཞིང་། བཞུ་སྦྱངས་ཀྱི་ལག་རྩལ་མཐོ་བས་གཞན་གྱིས་དོ་ཟླ་མི་འོངས་པ་ཕྱིར་སྣང་བྱས་ཡོད་ལ། སྤྱིར་ཙོང་ཁ་རྒྱལ་རབས་སྐབས་སུ་བོད་ཀྱི་ཤེས་རིག་ལག་རྩལ་ཕུལ་དུ་བྱུང་བ་དང་། སྒོས་སུ་བཟོ་ལས་བྱང་ཚད་ཁྱད་དུ་འཕགས་པས། སྟོབས་ཀྱི་དཔུང་བ་ཆེས་ཆེར་རྒྱས་ཡོད་པ་རྟོགས་ཐུབ། དེའི་ཕྱིར་བཟོ་རིག་ལག་རྩལ་ནི་ཙོང་ཁ་རྒྱལ་རབས་ཀྱི་སྲིད་འབྱོར་མངའ་ཐང་དར་རྒྱས་འོངས་པའི་ཆ་རྐྱེན་གལ་ཆེན་ཞིག་རེད་བསམས་སོ།།
            ཚོང་ལས་ཀྱི་ཐད་དུ་ཙོང་ཁ་རྒྱལ་རབས་སྐབས་སུ་ཕྱིའི་རྒྱལ་ཁམས་ཀུན་གྱི་བར་དུ་འགྲོ་འོངས་ཟམ་མ་ཆད་པར་ཡོད་ལ། ལྷག་པར་དུ་སུང་བྱང་མ་དང་མཉམ་འབྲེལ་གྱིས་ཇ་རྟ་ཚོང་ར་སྤེལ་བཞིན་ཡོད་སྟབས། ལོངས་སྤྱོད་ཀྱི་ཁོ་ལག་ཡོངས་སུ་རྫོགས་ཡོད།ཇ་རྟ་ཚོང་ར་ལས་ཟོང་ཟོག་ག་འདྲ་གཉེར་བ་དང་། ཟོང་སྣ་ཅི་ཞིག་བྲིན་པ། ཟོང་དོས་གང་ལ་འདྲེན་པ་བཅས་ཀྱི་སྐོར་《སུང་གི་དེབ་ཐེར་ལས་ཐུ་བྷོད་ཀྱི་སྐོར་》《宋史•吐蕃传》ལས། “ཇ་རྟ་ཚོང་ར་ལས་འབྲུ་རིགས་སྣ་ལྔ་དང་། སྤོས་དཀར། རྒྱ་ཚྭ། བལ་གདན། རྟ་ནོར་སོགས་ཅ་ལག་དང་གོས་ལ་བརྗེ།” ཞེས་དང་།《སྲིད་སྐྱོང་ཀུན་གསལ་མེ་ལོང་མཐུད་འགོད་རྒྱས་མ་》(李涛《续资治通鉴长编》)ལས་ཀྱང་“ལོ་རེར་ཉོ་བའི་རྟ་ཁྲི་གཅིག་དང་སྟོང་ལྔ་ལྷག་ལ་འབུད་ཅིང་། ཆེས་མང་བ་རྟ་ཡི་ཉོ་བདག་ཡིན།” ཞེས་དང་། “ལོ་རེར་ཇ་དོས་ཁྲི་བཞི་ལྷག་ཞི་ཧི་ས་ཁུལ་དུ་འདྲེན་བཞིན་ཡོད།” ཅེས་པའི་ཟིན་བྲིས་མང་པོ་སྣང་ལ། ཇ་རྟ་ཚོང་ར་ནི་འབྱོར་བའི་ལོངས་སྤྱོད་དང་སྲིད་ཀྱི་དཔལ་ཡོན་སྤེལ་བའི་ལམ་སྣ་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་རྟོགས་ཐུབ།
            ནང་ཁུལ་གྱི་ཚོང་ལས་ཐད་གཙོ་བོ་གྱི་ཐང་མཁར་ནས་ཚོང་ར་སྤེལ་ཏེ། ཟོང་ཟོག་ཉོ་བརྗེ་བྱེད་བཞིན་ཡོད་པར་མ་ཟད། ཕྱིའི་རྒྱལ་ཁམས་ནས་འོངས་པའི་ཚོང་བ་མང་པོ་མི་རབས་ནས་མི་རབས་བར་གཏན་སྡོད་བྱས་ཏེ་ཚོང་ལས་གཉེར་བཞིན་ཡོད་པ། 《གྱི་ཐང་ལོ་རྒྱུས་ཟིན་བྲིས་》(李远《青唐录》)ལས། “ཤར་མཁར་ལས་ཕྱི་ཡོང་བ་དང་དེ་དག་གི་ཕྱི་རབས་པ་རྣམས་ཆགས་ཡོད།” ཅེས་དང་། “ཧོར་ནས་འོངས་པའི་དོན་མཐུན་གྱིས་ཁྱིམ་གྲངས་བརྒྱ་ལྷག་ཟིན། ཞེས་འཁོད་ཡོད་ལ། ཡང་《སུང་གི་དེབ་ཐེར་ལས་ཐུ་བྷོད་ཀྱི་སྐོར《宋史•吐蕃传》ལས་“རྒྱལ་སྲས་ཧྲན་ཀྲིག་(27)ན་བཞུགས།ནུབ་ཏུ་གླང་མགོ་མཁར་(临谷城)ཡོད་ལ་མཚོ་སྔོན་པོ་དང་འབྲེལ། ཀའོ་ཁྲང(28)་སོགས་རྒྱལ་ཁབ་མང་པོའི་ཚོང་བ་མཐའ་དག་ཧྲན་ཀྲིག་ལ་འོངས་ཏེ་ཚོང་ལས་གཉེར་བས།སྟོབས་འབྱོར་ཤིན་ཏུ་རྒྱས་ཡོད།” ཅེས་དང་། 《སྲིད་སྐྱོང་ཀུན་གསལ་མེ་ལོང་ མཐུད་འགོད་རྒྱས་མ་》(李涛《续资治通鉴长编》)ལས། “གྱི་ཐང་མཁར་ན་རྒྱུ་ནོར་ལོངས་སྤྱོད་མཛད་མཐའ་མེད། གལ་ཏེ་རྒྱ་དམག་གིས་བཟུང་ཚེ། མི་ཁྲི་གཅིག་ལ་ལོ་བཅུར་འདང་ཚོད་ཡོད་ལ། གསེར་དངུལ་གཡུ་བྱུར་བགྲང་གིས་མི་ལང་།” ཞེས་གསལ་བས། སྐབས་དེར་ཕྱི་ནང་གི་ཚོང་ལས་ཆེས་ཆེར་དར་ཡོད་པ་དང་། འབངས་ཡོངས་ཀྱི་འཚོ་བའི་མཐུན་རྐྱེན་བཟང་ཞིང་འབྱོར་ཕྱུག་ལྡན་ལ། རྒྱལ་སྲིད་བརྟན་ཞིང་མངའ་ཐང་དར་ཡོད་པས། གཞན་གྱིས་ཧམ་སེམས་ལྡང་དགོས་པ་ཞིག་ཡིན་པ་རྟོགས་ཐུབ།
            མདོར་ན་མངའ་བདག་དང་མངའ་འབངས། མངའ་རིས། མངའ་ཐང་བཅས་གང་ཅིའི་ཆ་ནས་བརྟག་ཀྱང་། མངའ་བདག་རིམ་བྱོན་དྲུག་ཡོད་པ་དང་། མངའ་འབངས་ས་ཡ་གཉིས་ཡན་ཟིན་པ། མངའ་རིས་གནམ་གྱིས་ས་བཀབ་པ་ལྟར་རྒྱ་ཆེ་བ། མངའ་ཐང་དབྱར་མཚོ་བཞིན་རྒྱས་ཡོད་པ། རྒྱལ་སྲིད་སྒེར་ཚུགས་ཡིན་པ་བཅས་ཤིན་ཏུ་གསལ་བས། ཙོང་ཁ་རྒྱལ་རབས་ཞེས་པའི་མིང་གི་ཐ་སྙད་སྦྱར་ན་ཧ་ཅང་འབྱོར་ལ། དེ་ལྟ་བུའི་མིང་གི་རྒྱུ་མཚན་དོན་ལ་གནས་པར་མ་ཟད། མཁན་ཆེན་བོདྷི་ས་ཏྭ་ཡིས་སྟོད་ནས་རྒྱལ་ཁྲིམས་ཞྭ་ཙམ་དང་སྨད་ནས་རྒྱལ་ཁྲིམས་ལྷམ་ཙམ་འབྱུང་ཞེས་པའི་ལུང་བསྟན་དང་ཡང་མཐུན་སྟབས། སྟོད་ཀྱི་རྒྱལ་ཁྲིམས་ཞྭ་ཙམ་པར་ལ་དྭགས་རྒྱལ་རབས་དང་གུ་གེ་རྒྱལ་རབས་ཞེས་འབོད་པ་ལྟར། སྨད་ཀྱི་རྒྱལ་ཁྲིམས་ལྷམ་ཙམ་པར་ཡང་ཙོང་ཁ་རྒྱལ་རབས་ཞེས་སྦྱར་ན་འོས་ཤིང་། དོན་གྱི་ཆ་ནས་ཀྱང་ལོ་རྒྱུས་ཀྱི་དངོས་དོན་དང་མཐུན་པར་འདོད་དོ།།
མཆན་འགྲེལ།
            ①ད་ལྟའི་ཀན་སུའུ་ཞིང་ཆེན་ལིན་ཞ་(甘肃省临夏)ཁུལ་ལ་བྱ། རྒྱ་ཡིག་ཏུ་ཧི་ཀྲིག་(河州)ཞེས་སྣང་།
            ②ད་ལྟའི་ཀན་སུའུ་ཞིང་ཆེན་ལིན་ཞ་(甘肃省临夏)ཁུལ་ལ་གཏོགས། རྒྱ་ཡིག་ཏུ་ཏའོ་སིན་ཁྲིན་(多僧城)ཞེས་སྣང་།
            ③ད་ལྟའི་ཀན་སུའུ་ཞིང་ཆེན་ལིན་ཞ་(甘肃省临夏)ནས་བསང་ཆུ་(夏河)རྨ་ཆུར་འདྲེས་པའི་བར་གྱིས་ཆོད་པའི་ས་ཆ། རྒྱ་ཡིག་ཏུ་ཡེ་གུང་ཁྲིན་(移公城)ཞེས་སྣང་།
            ④ད་ལྟའི་མཚོ་སྔོན་ཞིང་ཆེན་བ་ཡན་རྫོང་(化隆县)གི་ཆུ་འཁོར་(群科)ས་ཆ་ལ་བྱ། རྒྱ་ཡིག་ཏུ་ཀའོ་ཀྲིག་ཁྲིན་(廓州城)ཞེས་སྣང་།
            ⑤ད་ལྟའི་མཚོ་སྔོན་ཞིང་ཆེན་ཐང་དཀར་པོ་རྫོང་(平安县)གི་ས་ཆ་ལ་བྱ། རྒྱ་ཡིག་ཏུ་ཙོང་ཀི་ཁྲིན་(宗哥城)ཞེས་སྣང་།
            ⑥ད་ལྟའི་མཚོ་སྔོན་ཞིང་ཆེན་ལུང་མདོ་རྫོང་(乐都县)གི་ས་ཆ་ལ་བྱ། རྒྱ་ཡིག་ཏུ་མའོ་ཁྲོན་ཁྲིན་(邈川城)ཞེས་སྣང་།
            ⑦ད་ལྟའི་མཚོ་སྔོན་ཞིང་ཆེན་ཟི་ལིང་མཁར་(西宁市)གྱི་ས་ཆ་ལ་བྱ། རྒྱ་ཡིག་ཏུ་གྱི་ཐང་ཁྲིན་(青唐城)ཞེས་སྣང་།
            ⑧ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ཀྲང་ཡེ་(张掖)ས་ཆ་ལ་བྱ།
            ⑨ད་ལྟའི་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཤར་ཕྱོགས་ཀྱི་ཧ་སྨིས་(哈密)ཡུལ་རྒྱུད་ལ་བྱ། རྒྱ་ཡིག་ཏུ་(西州)ཞེས་སྣང་།
            ⑩ད་ལྟའི་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཧི་ཐན་(和田)ས་ཆར་བྱ། དེར་མིང་གཞན་ལ་ཧོར་ཐང་ཞེས་ཀྱང་ཟེར།
            ⑾ད་ལྟའི་མཚོ་སྔོན་ཞིང་ཆེན་ཕིན་ཨན་རྫོང་(平安县)གི་ས་ཆ་ལ་བྱ། རྒྱ་ཡིག་ཏུ་དཀར་པོ་ཐང་(葛陂汤)ཞེས་སྣང་།
            ⑿ས་མིང་སྟེ། རྒྱ་ཡིག་ཏུ་ཡོས་བུ་གྲམ་(永宁寨)ཞེས་སྣང་།
            ⒀ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་དབུ་རུ་རྫོང་(武威镇)གི་ས་ཆ་ལ་བྱ། རྒྱ་ཡིག་ཏུ་ལིང་ཀྲིག་མཁར་(凉州城)ཞེས་སྣང་།
            ⒁ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ལན་ཀྲིག་མཁར་(兰州城)གྱི་ས་ཆ་ལ་བྱ།
            ⒂ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་གཡུ་ཁོག་རྫོང་(榆中县)གི་ཀན་ཚོ་ཏན་གྲོང་རྡལ་(甘草店镇)ལ་བྱ། རྒྱ་ཡིག་ཏུ་གད་ཁོག་(龛谷)ཞེས་སྣང་།
            ⒃ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ཕེན་ལིང་རྫོང་(平凉县)དང་ལུང་ཞི་(陇西)ས་ཁུལ་ལ་བྱ། རྒྱ་ཡིག་ཏུ་ཝའེ་ཀྲིག་(渭州)ཞེས་སྣང་།
            ⒄ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་རྨ་ཆུའི་ཤར་རྒྱུད་དུ་ཡོད་པའི་ས་ཁུལ་དག་ལ་བྱ། རྒྱ་ཡིག་ཏུ་ལུང་ཡུག་(陇右)ཞེས་སྣང་།
            ⒅ཆིན་ཀྲིག་(秦州)དང་ཝའེ་ཀྲིག་(渭州)གཉིས་ཀྱི་བསྡུས་མིང་། རྒྱ་ཡིག་ཏུ་ཆིན་ཝའེ་(秦渭)ཞེས་སྣང་། ཆིན་ཀྲིག་ནི་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ཐེན་ཧྲོས་གྲོང་ཁྱེར་(天水市)གྱི་ས་ཆ་ལ་བྱ། ཝའེ་ཀྲིག་ནི་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ཕེན་ལིང་རྫོང་(平凉县)དང་ལུང་ཞི་(陇西)ས་གནས་ལ་བྱ།
            ⒆ཐང་རྒྱལ་རབས་ཀྱི་དུས་སུ་ནུབ་ཁུལ་སྡེ་བཞིའི་གྲས་ཡིན། རྒྱ་ཡིག་ཏུ་ཆིག་ཚི་(龟兹)ཞེས་སྣང་། ཕྱིས་སུ་རྒྱལ་ཁབ་སྟོབས་ཅན་ཞིག་ཆགས། རྒྱལ་ས་ད་ལྟའི་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཁུ་ཕྲུག་རྫོང་(库车县)གི་ས་གནས་སུ་ཆགས་ཡོད། ཆེས་དར་བའི་དུས་སུ་མངའ་ཁོངས་སུ་ད་ལྟའི་ཞིན་ཅང་གི་ལུང་ཐེ་རྫོང་(轮台县)དང་ཁུ་ཕྲུག་རྫོང་(库车县)ཧྲ་ཡ་རྫོང་(沙雅县)པེ་ཁྲིན་རྫོང་(拜城县)ཞིན་ཧུ་རྫོང་(新和县)ཨ་སོ་ཁུ་གྲོང་ཁྱེར་(阿苏克市)བཅས་རྫོང་ལྔ་དང་མཁར་གྲོང་གཅིག་གི་ས་ཆ་འདུས།
            ⒇ད་ལྟའི་སི་ཁྲོན་གྱི་ནུབ་བྱང་ཕྱོགས་ཀྱི་བོད་ཁུལ་དང་མཚོ་སྔོན་གྱི་མགོ་ལོག་ས་ཁུལ་ལ་བྱ། རྒྱ་ཡིག་ཏུ་ལུ་ཀན་(芦甘)ཞེས་སྣང་།
            (21)ཞི་ཀྲིག་(熙州)དང་ཧི་ཀྲིག་(河州)གཉིས་ཀྱི་བསྡུས་མིང་། རྒྱ་ཡིག་ཏུ་ཞི་ཧི་(熙河)ཞེས་སྣང་། ཞི་ཀྲིག་ནི་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ལིན་ཐའོ་རྫོང་(临洮县)ལ་བྱ། ཧི་ཀྲིག་ནི་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ལིན་ཞ་(临夏)དང་ཀན་ལྷོ(甘南)ས་ཁུལ་ལ་བྱ།
            (22)ད་ལྟའི་ཀན་སུའུ་ཞིང་ཆེན་ལྷོ་ཁུལ་གྱི་ཀླུ་ཆུའི་དཀྱིལ་རྒྱུད་ལ་བྱ། བོད་སྐད་དུ་རི་དགོ་ཐང་ཟེར། རྒྱ་ཡིག་ཏུ་མེན་ཀྲིག་(岷州)ཞེས་སྣང་།
            (23)ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ཀན་ཀུ་རྫོང་(甘谷县)གི་ཁོངས་ཅིན་ཡ་ཀྲིན་(金崖镇)ལ་བྱ། རྒྱ་ཡིག་ཏུ་སུམ་མདོ་ཁོག་(三都谷)ཞེས་སྣང་།
            (24)འབྲུག་དཀར་གཙང་བོ་དང་རྨ་ཆུ། ཙོང་ཆུ། ཀླུ་ཆུ། བསང་ཆུ་བཅས་སོ།།
            (25)《ཐང་ཡིག་གསར་རྙིང་ལས་བོད་ཆེན་པོའི་སྲིད་ལུགས་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1983. P7
            (26)ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ཅིན་ཁྲོན་རྫོང་(泾川县)གི་བྱང་ཁུལ་གྱི་ས་ཆ་ལ་བྱ། རྒྱ་ཡིག་ཏུ་ཅིན་ཡོན་(泾原)ཞེས་སྣང་།
            (27)ད་ལྟའི་མཚོ་སྔོན་གྱི་ཟི་ལིང་མཁར་(西宁市)ལ་བྱ།  རྒྱ་ཡིག་ཏུ་ཧྲན་ཀྲིག(鄯州)ཞེས་སྣང་།
            (28)ད་ལྟའི་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཐུ་ལུ་ཧྥན་(吐鲁番)ས་ཆ་ལ་བྱ།  རྒྱ་ཡིག་ཏུ་ཀའོ་ཁྲང་(高昌)ཞེས་སྣང་། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1