བོད་རིགས་སློབ་མར་དབྱིན་ཡིག་སློབ་སྐབས་བྱུང་བའི་བློ་འཚབ་ཀྱི་ རྒྱུ་རྐྱེན་དང་རིག་གནས་རྒྱབ་ལྗོངས་འཁྲིད་ཐབས་སྐོར་གླེང་བ།

ཤ་གོ་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31


[གནད་བཏུས] དཔྱད་རྩོམ་འདིར་བོད་རིགས་སློབ་མས་དབྱིན་ཡིག་སྦྱངས་སྐབས་བློ་འཚབ་བྱུང་བའི་རྒྱུ་རྐྱེན་ལ་གཞིགས་ཏེ། ཚོད་འཛིན་ཐུབ་པའི་བློ་འཚབ་ཀྱིས་སློབ་སྦྱོང་གི་གྲུབ་འབྲས་གོང་འཕེལ་འགྲོ་བར་ཕན་ནུས་ཐོན་པ་དང་། ཚོད་འཛིན་མ་ཐུབ་པའི་བློ་འཚབ་ཀྱིས་སློབ་སྦྱོང་གི་གྲུབ་འབྲས་གོང་དུ་འཕེལ་བར་གེགས་བྱེད་པ་བསྟན་ནས། རིག་གནས་རྒྱབ་ལྗོངས་ཀྱི་འཁྲིད་ཐབས་སོགས་སྤྱད་ན། སློབ་མའི་དབྱིན་ཡིག་གི་ཆུ་ཚད་གོང་འཕེལ་འགྲོ་བར་ཕན་ཐོགས་པ་དང་དེའི་དམིགས་འཛིན་སྐོར་གླེང་ཡོད།

[གནད་ཚིག] དབྱིན་ཡིག་སློབ་སྦྱོང་། བློ་འཚབ། རིག་གནས་རྒྱབ་ལྗོངས། འཁྲིད་ཐབས།

ཚན་རིག་རིག་གནས་འཕེལ་རྒྱས་སོང་བ་དང་བསྟུན་ནས། འཛམ་གླིང་རྒྱལ་ཁབ་ཁག་གི་འབྲེལ་འདྲིས་སྔར་ལས་ཇེ་ཟབ་དང་ཇེ་དམ་དུ་འགྱུར་བཞིན་ཡོད་ཅིང་། དབྱིན་ཡིག་ནི་དེའི་ཁྲོད་མེད་དུ་མི་རུང་བའི་སྐད་ཡིག་ཅིག་ཆགས་ཡོད། དེའི་རྒྱུ་མཚན་གྱིས་འཛམ་གླིང་རྒྱལ་ཁབ་སོ་སོ་དང་མི་རིགས་སོ་སོས་དབྱིན་ཡིག་ལ་མཐོང་ཆེན་དང་སློབ་སྦྱོང་། བཀོལ་སྤྱོད་སོགས་ཀྱང་ཇེ་ཆེར་འགྲོ་བཞིན་ཡོད། བོད་རིགས་ན་གཞོན་རྣམས་ལ་མཚོན་ན་ཡང་དུས་རབས་ཀྱི་འགྲོས་དང་བསྟུན་ནས་ཤེས་བྱའི་མཐོང་རྒྱ་བསྐྱེད་དེ་རང་སྐད་ཡིག་ཙམ་དུ་མ་ཟད། ད་དུང་རྒྱའི་སྐད་ཡིག་དང་དབྱིན་ཡིག་གི་ཕྱོགས་སུ་ཡང་སྦྱང་བ་བྱས་དང་བྱེད་བཞིན་ཡོད་ལ། དེར་མཐོང་ཆེན་དང་དགའ་མོས། བརྩོན་པ་སོགས་བྱས་པའི་རྐྱེན་གྱིས་དེང་སང་བྱང་ཚད་ཐོན་པའི་ན་གཞོན་གང་མང་ཞིག་གིས་དབྱིན་ཇི་དང་ཨ་མེ་རི་ཁ། ལྗར་པན་དང་འཇར་མན་སོགས་འཛམ་གླིང་གི་སྔོན་ཐོན་རྒྱལ་ཁབ་ཁག་ཏུ་སློབ་གཉེར་དང་ཚོང་ལས་བྱེད་པ་སོགས་ལས་གནས་སྣ་ཚོགས་པ་ཤིག་ལ་བརྩོན་བཞིན་ཡོད།

དང་པོ། བློ་འཚབ་དང་བློ་འཚབ་རིག་པའི་གཞི་འཛིན།

བློ་འཚབ་ནི་དོན་གང་དང་བྱ་བ་ཅི་ཞིག་བསྒྲུབ་ཀྱང་མི་སུ་དང་གང་ལ་འབྱུང་བའི་མིའི་སེམས་ཁམས་རང་བཞིན་གྱི་དོན་དག་ཅིག་ཡིན་ཞིང་། མིར་བློ་འཚབ་དང་སེམས་ཁྲལ་འབྱུང་བ་ནི་ཚད་ངེས་ཅན་ཞིག་གི་ཐོག་ནས་བཤད་ན། དགའ་འོས་པའི་དོན་ཞིག་ཡིན་སྲིད་ལ་ཡང་སྡུག་པའི་དོན་ངན་པ་ཞིག་ཀྱང་ཡིན་སྲིད། དེའི་རྒྱུ་མཚན་ནི་ཚོད་འཛིན་ཐུབ་པའི་བློ་འཚབ་དང་སེམས་ཁྲལ་གྱིས་མིའི་ཧུར་བརྩོན་རང་བཞིན་མཐོར་འདེགས་སུ་བཏང་སྟེ། བྱ་བ་གྲུབ་པའམ་སློབ་སྦྱོང་གོང་འཕེལ་ཏུ་འགྲོ་བར་དྲང་ཕྱོགས་ཀྱི་ནུས་པ་ཐོན་ཐུབ་ལ། དེ་ལས་ལྡོག་སྟེ། ཚོད་འཛིན་མ་ཐུབ་པའི་བློ་འཚབ་ཀྱིས་མིའི་གདེང་ཚོད་མེད་པར་བྱས་ཏེ། སྐྲག་སྣང་རང་བཞིན་གྱི་སེམས་ཁམས་བསྐྲུན་ཏེ་བྱ་བ་འགྲུབ་པར་གེགས་བྱེད་པའམ་སློབ་སྦྱོང་གི་གྲུབ་འབྲས་དམའ་རུ་གཏོང་སྲིད།

བློ་འཚབAUM(Anxiety/ Uncertainty management)རིག་པའི་གཞི་འཛིན་ལྟར་ན། བློ་འཚབ་དང་གཏན་འཇགས་མིན་པའི་སེམས་ཁམས་ཀྱིས། མི་དང་མིའི་བར་གྱི་འབྲེལ་འདྲིས་དང་མི་དང་ཚོགས་པ་དང་ཚོགས་པའི་བར་གྱི་འབྲེལ་འདྲིས། ཡང་ན་མི་སྒེར་གྱི་སློབ་སྦྱོང་ངམ་བྱ་བའི་འབྲས་བུ་ལ་ཐད་ཀར་ཤུགས་རྐྱེན་ཐེབས་པར་འདོད་ལ།①མིས་རང་གི་བློ་འཚབ་ལ་ཚོད་འཛིན་ཐུབ་ན། ད་གཟོད་ཕན་ནུས་ལྡན་པའི་སྒོ་ནས་ཕ་རོལ་པོར་འབྲེལ་འདྲིས་བྱེད་ཐུབ་པའམ། བྱ་བའི་མཇུག་འབྲས་ལེགས་པོ་ཞིག་འབྱུང་ཐུབ་པར་འདོད། ཡང་མི་གཞན་དང་འབྲེལ་འདྲིས་ཡག་པོ་བྱེད་ཐུབ་པའམ། ཡང་ན་བྱ་བ་ཡག་པོར་བསྒྲུབ་ཐུབ་པ་ནི་ཚད་ངེས་ཅན་ཞིག་གི་ཐོག་ནས་བཤད་ན། རང་གི་བློ་འཚབ་དང་གཏན་འཇགས་མིན་པའི་སེམས་ཁམས་ལ་ཚོད་འཛིན་བྱེད་ཐུབ་པའི་ནུས་པ་ཕྱིར་མངོན་པ་ཞིག་རེད། རིག་པ་འདིས་ད་དུང་འདི་ལྟར་འདོད་དེ། མི་ཞིག་བློ་འཚབ་ཆེ་བའི་སྐབས་སུ། མི་སྒེར་གྱི་ཤེས་བྱ་དང་བརྡ་འཕྲིན་ཉུང་ཤས་ཤིག་ལ་བརྟེན་ནས་བྱ་བ་གོ་ཆོད་ཅིག་བྱེད་མི་ཐུབ་ཅིང་། དེ་ལས་ལྡོག་སྟེ། བློ་འཚབ་ཀྱི་གྲངས་ཆེས་དམའ་བའི་སྐབས་སུ་ཡང་བྱ་བ་གོ་ཆོད་ཅིག་བྱེད་ཐུབ་ཀྱི་མེད། དེའི་རྒྱུ་མཚན་ནི་བློ་འཚབ་ཀྱི་གྲངས་ཚད་ཆེས་དམའ་བའི་སྐབས་སུ། མིས་རང་བཞིན་གྱིས་རང་གི་ཚོད་དཔག་ལ་ཡིད་ཆེས་བྱས་དྲགས་ནས་བྱ་བའི་གྲུབ་འབྲས་ཡང་དག་པ་ཞིག་ཡོང་ཐུབ་ཀྱི་མེད་པར་འདོད། དེའི་རྒྱུ་མཚན་གྱིས་བློ་འཚབ་མཐོ་དྲགས་པའམ་ཡང་ན་དམའ་དྲགས་པ་གང་ཡིན་ཡང་། བྱ་བ་གོ་ཆོད་ཅིག་བྱེད་ཐུབ་ཀྱི་མེད། དེ་བས་བློ་འཚབ་ལ་བདེ་བའི་ཁྱབ་ཁོངས་ཀྱི་ཚད་ཅིག་ཡོད་ཅིང་། ཁྱབ་ཁོངས་དེའི་ནང་རོལ་ཡིན་ན་ད་གཟོད་འབྲེལ་འདྲིས་ཡག་པོ་བྱེད་ཐུབ་ཀྱི་ཡོད། བློ་འཚབ་ཀྱི་བདེ་བའི་ཁྱབ་ཁོངས་སུ་ང་ཚོས་དེར་ཚོད་འཛིན་ཐུབ་པས། བྱ་བ་ཡང་གོ་ཆོད་པ་ཞིག་འབྱུང་བཞིན་ཡོད་པ་དང་། འོན་ཀྱང་བདེ་བའི་ཁྱབ་ཁོངས་ལས་དམའ་བའི་གྲངས་ཡིན་ན། བྱ་བ་སྒྲུབ་འདོད་པའི་ཀུན་སློང་ཤུགས་དྲག་ཤོར་བའི་དབང་གིས་ཀྱང་འབྲས་བུ་ཡིད་འཐད་པ་ཞིག་འབྱུང་ཐུབ་ཀྱི་མེད། ང་ཚོས་ཕ་རོལ་བ་ངོ་ཤེས་པ་དང་རྒྱུས་ལོན་པ་དང་བསྟུན་ནས་བློ་འཚབ་རང་བཞིན་ཡང་ཇེ་དམའ་རུ་འགྲོ་བཞིན་ཡོད་མོད་། འོན་ཀྱང་རྩ་བ་ནས་མེད་འགྲོ་བ་ཞིག་མ་ཡིན་པར་བདེ་བའི་ཁྱབ་ཁོངས་ནས་གནས་པ་ཞིག་ཡིན་པར་འདོད།②དེ་བས་ཚོད་འཛིན་ཐུབ་པའི་བློ་འཚབ་ལ་མི་དང་མིའི་བར་གྱི་འབྲེལ་འདྲིས་དང་སློབ་སྦྱོང་གི་ཁྲོད་དུ་དྲང་ཕྱོགས་ཀྱི་ནུས་པ་ཡོད་ཅིང་། ཚོད་འཛིན་མ་ཐུབ་པའི་བློ་འཚབ་ལྡོག་ཕྱོགས་ཀྱི་ནུས་པ་ཡོད་པ་བསྟན།

གཉིས་པ། བོད་རིགས་སློབ་མས་དབྱིན་ཡིག་སློབ་སྦྱོང་ཁྲོད་ཀྱི་བློ་འཚབ་ཀྱི་རྒྱུ་རྐྱེན།

དེང་རབས་སློབ་གསོའི་དམིགས་ཡུལ་ནི་རིག་གནས་འབྲེལ་འདྲིས་དང་བསམ་བློ་བརྗེ་རེས། བསམ་གཞིག་དང་ལྟ་བ་ཅན་གྱི་ཕྱོགས་ཡོངས་ནས་འཕེལ་རྒྱས་སོང་བའི་དེང་རབས་ཅན་གྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་རྒྱུ་དེ་ཡིན་པས། བོད་རིགས་སློབ་མ་རྣམས་ལ་མཚོན་ན་ཡང་བོད་ཡིག་བོད་སྐད་ཀྱི་རྨང་གཞིའི་སྟེང་ནས་རྒྱ་ཡིག་དབྱིན་ཡིག་སོགས་ལ་སློབ་སྦྱོང་བྱས་ཏེ། འདིའི་ཕྱོགས་སུ་གོམ་པ་སྤོས་དང་སྤོ་བཞིན་ཡོད། དབྱིན་སྐད་ཕ་སྐད་མ་ཡིན་པའི་མི་རིགས་སློབ་མ་གང་ཞིག་ཡིན་ཡང་། དབྱིན་ཡིག་སྦྱང་བའི་གོ་རིམ་ཁྲོད་བློ་འཚབ་དང་སེམས་ཁྲལ། རྨོངས་པ་སོགས་ཚད་ངེས་ཅན་ཞིག་འབྱུང་བཞིན་ཡོད་ལ། བོད་རིགས་སློབ་མ་རྣམས་ལ་མཚོན་ན་ཡང་དེའི་རང་བཞིན་དང་གཅིག་པ་ཡིན། སྤྱིར་བོད་རིགས་སློབ་མ་རྣམས་ཀྱི་དབྱིན་ཡིག་སློབ་སྦྱོང་སྐབས་ཀྱི་བློ་འཚབ་ལ་རྒྱུ་རྐྱེན་མང་པོ་ཞིག་ཡོད་ཀྱང་། ཆེ་ཕྱོགས་ནས་གཤམ་གྱི་རྒྱུ་རྐྱེན་ཁ་ཤས་ནང་བསྡུ་ཆོག་བསམས་ཏེ།

གཅིག སྐད་ཡིག་རིག་གནས་མི་འདྲ་བ།

སི་ཏ་ལེན་གྱིས། མི་རིགས་ཐམས་ཅད་མི་འདྲ་བའི་རྒྱུ་མཚན་ནི། ཁོ་ཚོའི་འཚོ་གནས་ཀྱི་ཁོར་ཡུག་མི་འདྲ་བ་མ་ཟད། ད་དུང་ཁོ་ཚོའི་ཁྱད་ཆོས་སུ་གྱུར་པའི་བསམ་བློའི་འདུ་ཤེས་དེ་ཕྱིར་མངོན་པའི་ཁྱད་ཆོས་ཀྱི་ཐོག་ནས་མི་འདྲ་བ་ཡིན་ཞེས་གསུངས་ཡོད་པ་ལྟར།③སྐད་ཡིག་ནི་རིག་གནས་ཀྱི་རྟེན་གཞི་དང་། མི་རིགས་རིག་གནས་ཀྱི་ཁྱད་ཆོས་ཀྱང་སྐད་ཡིག་གི་ཐོག་ནས་མཚོན་ཐུབ་པས། སྐད་ཡིག་དང་རིག་གནས་ནི་མི་རིགས་ཤིག་མི་རིགས་གཞན་ལས་ཁྱད་པར་འབྱེད་པའི་རྟགས་མཚན་གལ་ཆེན་དེ་ཡིན།

ཕྱི་རྒྱལ་གྱི་སྐད་བརྡ་རིག་པ་བ་ཁུ་ར་ཤེན་གྱིས་སྤྱི་ལོ༡༩༨༡ལོར་བསྟན་དོན། སྐད་རིགས་སློབ་སྦྱོང་བྱེད་པའི་མི་ཞིག་ལ་མཚོན་ན། སྐད་རིགས་ག་གེ་མོ་ཞིག་སློབ་སྦྱོང་བྱེད་པའི་གོ་རིམ་ཁྲོད་རིག་གནས་གདོང་གཏུགས་དང་འགལ་རྐྱེན་གྱི་མྱོང་བ་བརྒྱུད་དགོས་ཤིང་། འགལ་རྐྱེན་དེས་སེམས་ཁམས་ལ་འགྱུར་ལྡོག་འབྱུང་ཞིང་སློབ་སྦྱོང་གི་འབྲས་བུ་ལ་ཡང་ཤུགས་རྐྱེན་འབྱུང་གི་ཡོད་ཅེས་གསུངས་ཡོད་པ་ལྟར། ཕྱིའི་སྐད་ཡིག་སྦྱང་བའི་མི་ཞིག་ལ་མཚོན་ན། རང་གི་སྐད་ཆའི་སྦྱོར་བ་དང་རྩ་བ་ནས་མི་འདྲ་བའི་སྐད་ཡིག་གཞན་ཞིག་སྦྱང་བའི་ཚེ་ན། བློ་འཚབ་དང་སེམས་ཁྲལ། རྨོངས་པ་སོགས་སེམས་ཀྱི་གནོན་ཤུགས་དང་འགལ་རྐྱེན་སོགས་འབྱུང་བཞིན་ཡོད་པ་རེད། དེ་བས་བོད་རིགས་སློབ་མ་རྣམས་ལ་མཚོན་ན་ཡང་། རང་གི་སྐད་ཡིག་རིག་གནས་དང་རྩ་བ་ནས་མི་འདྲ་བའི་སྐད་ཡིག་རིག་གནས་ཤིག་སྦྱང་བའི་ཚེ་ན། རིག་གནས་གདོང་གཏུགས་དང་འགལ་རྐྱེན་གྱི་མྱོང་བ་བརྒྱུད་དགོས་ཤིང་། དེ་ལ་བརྟེན་ནས་བློ་འཚབ་དང་སེམས་ཁྲལ། རྨོངས་པ་སོགས་ཀྱི་བསམ་བློའི་མྱོང་བ་བརྒྱུད་དགོས་པ་ཞིག་རེད།

གཉིས། འཚོ་གནས་ཀྱི་ཁོར་ཡུག་མི་འདྲ་བ།

བོད་རིགས་སློབ་མ་རྣམས་ལ་མཚོན་ན། ཐུན་མོང་མ་ཡིན་པའི་མི་རིགས་འཚོ་སྡོད་ས་ཁུལ་ཞིག་ཏུ་རྟེན་བཅས་ཤིང་གཞི་གྲུབ་པ་ཡིན་པས། དེ་ནི་དབྱིན་ཇིའི་རྒྱལ་ཁབ་ཀྱི་ས་ཁམས་ཡུལ་ཁམས་དང་བསྡུར་ན་ཧེ་བག་ཆེན་པོ་ཡོད་པས། དེར་རང་སོ་སོའི་འཇིག་རྟེན་གྱི་ལྟ་གྲུབ་དང་མི་ཚེ་ལྟ་བ། རིན་ཐང་གི་ལྟ་བ། འཚོ་བའི་གོམས་གཤིས་སོགས་ཆགས་ཡོད་པ་རེད། དེ་བས་ཁོར་ཡུག་གི་རྒྱུ་རྐྱེན་ལ་བརྟེན་ནས་གྲུབ་པའི་འཚོ་བའི་གོམས་གཤིས་དང་། ཡུལ་སྲོལ་སོགས་ཀྱིས་སྤྲད་པའི་སེམས་ཁམས་ཀྱི་མྱོང་བ་ཞིག་བརྒྱུད་དགོས་པ་ཡིན།

གསུམ། མི་སྒེར་གྱི་སློབ་སྦྱོང་གི་འདུན་པ་དང་འབྲེལ་པ།

དབྱིན་ཡིག་སློབ་གཉེར་བྱེད་བཞིན་པའི་སློབ་མ་གང་ཞིག་ལ་མཚོན་ན། རང་རང་གི་སློབ་སྦྱོང་གི་དམིགས་ཡུལ་ལམ་འདུན་པ་རེ་ཡོད་ཅིང་། བོད་རིགས་སློབ་མ་མང་ཆེ་བ་ཞིག་གི་དབྱིན་ཡིག་སློབ་སྦྱོང་གི་འདུན་པའི་ཐད་ནས། ཁ་ཤས་ཤིག་གིས་དབྱིན་ཡིག་ནི་རང་མཁོ་སྤྱོད་ཆེ་བའི་ཡིག་རིགས་ཤིག་ཏུ་མཐོང་ནས་སྦྱང་གིན་ཡོད་པ་དང་། ཁ་ཤས་ཤིག་གིས་རང་ཉིད་ལ་མཁོ་གལ་ཆེ་བར་མ་མཐོང་ཡང་རང་བཞིན་གྱིས་སྤྲོ་བ་ཡོད་པས་སྦྱང་གིན་ཡོད་པ་དང་། འོན་ཀྱང་ཁ་ཤས་ཤིག་གིས་རྩ་བ་ནས་སྦྱང་གིན་མེད། རྒྱུ་མཚན་ནི་དེ་དག་གིས་དབྱིན་ཡིག་ནི་རང་ཉིད་ཀྱི་མ་འོངས་པའི་འཚོ་བའི་ནང་དུ་དགོས་མཁོ་མེད་པར་འདོད་ཀྱིན་ཡོད་པས་སྦྱང་གིན་མེད་ལ། དེ་ལས་བསླབ་ཚན་གཞན་ལ་ཤུགས་བརྒྱབ་ན་ཕན་པ་ཡོད་པར་བསམ་གྱིན་ཡོད། དེ་བས་ཁོ་ཚོའི་དམིགས་འདུན་མི་འདྲ་བ་བཞིན་དུ་གྲུབ་འབྲས་མི་འདྲ་ལ། བྱེད་ཐབས་མི་འདྲ་བ་བཞིན་དུ་སོ་སོའི་བློ་འཚབ་ཀྱང་མི་འདྲའོ། །

བཞི། སློབ་སྦྱོང་གི་བྱེད་ཐབས།

སློབ་སྦྱོང་གི་བྱེད་ཐབས་ཐོག་ནས་བོད་རིགས་སློབ་མ་མང་ཆེ་བས་དབྱིན་ཡིག་སྦྱང་དུས། གཙོ་བོར་བློར་འཛིན་པའི་བྱེད་ཐབས་བརྟེན་བཞིན་ཡོད་ཅིང་། མིང་བློར་འཛིན་པ་དང་ཚིག་བློར་འཛིན་པ། སྒྲུང་བློར་འཛིན་པ་སོགས་བློར་འཛིན་གྱི་ཐབས་ཤེས་སྤྱོད་བཞིིན་ཡོད། སྤྱིར་བློར་འཛིན་པ་སློབ་སྦྱོང་གི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཡང་། དབྱིན་ཡིག་སློབ་སྦྱོང་ལ་ད་དུང་བྱེད་ཐབས་ཡག་པོ་བེད་སྤྱོད་བྱེད་རྒྱུ་ཡོད། དཔེར་ན། དབྱིན་ཡིག་གི་མིང་ཚིག“hear”སྦྱངས་པའི་སྐབས་སུ། དེའི་དོན་ནི་རྣ་བའི་ཐོས་པའི་དོན་ཡིན་ཞིང་། དེ་ནི་ཨམ་ཅོག་དང་འབྲེལ་པ་ཡོད་པས་ཚིག་དེའི་ནང་དུ་ད་དུང“-ear”སྟེ་རྣ་ཅོག་ཡོད་པ་དང་། རྣ་ཅོག་གི་རྗེས་སུ“-n”ཞིག་བསྣན་ན“earn”ཞེས་པའི་ཚིག་ཏུ་གྲུབ་ཅིང་། དེའི་དོན་ནི་རག་པ་དང་ཐོབ་པའི་དོན་ཡིན་པས་། རྣ་ཐོས་བྱེད་པ་ནི་ཐོབ་པའི་ཐབས་ཡིན་པ་སོགས་གཅིག་འབྲེལ་གཉིས་མཐུད་ཀྱི་བྱེད་ཐབས་སོགས་ལ་བརྟེན་ན། སྦྱང་སླ་བའི་ཚོར་སྣང་འབྱུང་ལ་འབྲས་བུ་ཡང་དེ་ལས་ཡག་པོ་འབྱུང་སྲིད། དེ་ནི་མིང་ཚིག་དེ་དག་སོ་སོ་བློར་འཛིན་པ་ལས་སླ་བོ་ཡོད་པས། འདི་དག་ཤེས་དགོས་པ་ལ་གལ་ཆེ།

ལྔ། གཤིས་ཀའི་རྒྱུ་རྐྱེན་དང་འབྲེལ་པ།

བོད་རིགས་སློབ་མ་ཕལ་ཆེ་བ་ཞིག་ལ་ཡོད་པའི་ཐུན་མོང་གི་གཤིས་ཀ་ནི། ངོ་ཚ་བར་དགའ་བ་དང་རང་འགུལ་བྱེད་རྒྱུར་དགའ་བོ་མེད་པ། ཡང་ན་མི་ཆ་མེད་དང་འབྲེལ་འདྲིས་བྱེད་རྒྱུར་དགའ་བོ་མེད་པ། དེ་བཞིན་དབྱིན་ཡིག་སློབ་ཁྲིད་ཀྱི་སྐབས་ཀྱང་རང་འགུལ་གྱིས་དྲིས་ལན་མི་འདེབས་པ། ཡང་ན་ལན་འདེབས་པར་གདེང་ཚོད་དང་ཡིད་ཆེས་མེད་པ། ངོ་ཚ་བ། དྲིས་ལན་བཏབ་པ་མ་འགྲིག་ཚེ་ངོ་ཚ་བ་སོགས་ཀྱི་གཤིས་ཀ་ཡོད། ཕྱོགས་གཞན་ཞིག་ནས་བཤད་ན། འདི་ནི་སློབ་མའི་བློ་འཚབ་དང་སེམས་ཁྲལ་དེ་ལུས་ཀྱི་རྣམ་འགྱུར་གྱི་སྟེང་ནས་ཕྱིར་མངོན་པ་ཞིག་ཀྱང་ཡིན།

གསུམ་པ། རིག་གནས་རྒྱབ་ལྗོངས་འཁྲིད་ཐབས་དང་དམིགས་འཛིན།

གཅིག རིག་གནས་རྒྱབ་ལྗོངས་ཀྱི་འཁྲིད་ཐབས།

དབྱིན་ཡིག་སློབ་སྦྱོང་གི་སློབ་མ་རྣམས་བློ་འཚབ་སྐྱེས་བཞིན་པ་ནི་ཚད་ངེས་ཅན་ཞིག་གི་ཐོག་ནས་གོང་གི་རྒྱུ་རྐྱེན་འདི་དག་དང་འབྲེལ་པ་ཡོད་ཅིང་། གལ་ཏེ་རྒྱུ་རྐྱེན་འདི་དག་ལེགས་བཅོས་ཐུབ་ན། སློབ་མའི་སློབ་སྦྱོང་གི་འབྲས་བུ་ཡང་གོང་དུ་འཕེལ་ཐུབ། དེས་ན་འདིར་རིག་གནས་རྒྱབ་ལྗོངས་ཀྱི་འཁྲིད་ཐབས་དེ་སྐད་ཡིག་རིག་གནས་ཟུང་འབྲེལ་གྱི་སློབ་སྦྱོང་དང་དངོས་ཡོད་ཁྲོད་ཇི་ལྟར་གཅིག་སྦྲེལ་གཉིས་མཐུད་ཀྱིས་བེད་སྤྱོད་བྱེད་པ་དང་སྦྱང་བ་ཡིན་ན། དེས་སློབ་མའི་དབྱིན་ཡིག་སློབ་སྦྱོང་གི་བློ་འཚབ་ལ་ཚོད་འཛིན་དང་དོ་དམ་བྱེད་རོགས་ཐུབ་ཅིང་། སྐད་ཡིག་ཤེས་བྱ་དེ་ཡང་འབྲེལ་འདྲིས་ཀྱི་ནུས་པར་བསྒྱུར་ཐུབ།

སྐད་ཡིག་སྦྱོང་མཁན་ཞིག་ལ་མཚོན་ན། སྐད་ཡིག་སྦྱང་བའི་ཞོར་ལ་རིག་གནས་སྦྱོང་བ་ནི་སྐད་ཡིག་སློབ་སྦྱོང་གི་ནང་དོན་གལ་ཆེན་དེ་ཡིན་ཞིང་། དེས་ཕྱོགས་གཅིག་ནས་སྦྱོང་མཁན་གང་དེའི་ཕྱིའི་སྐད་འབྲེལ་འདྲིས་ཀྱི་ནུས་པ་མཐོ་རུ་གཏོང་ཐུབ་པ་དང་། གཉིས་ནི་ཕྱིའི་རིག་གནས་ལ་རྒྱུས་ལོན་བྱས་ཏེ་རིག་གནས་དང་རིག་གནས་བར་གྱི་འབྲེལ་འདྲིས་ཀྱི་ནུས་པ་མཐོ་རུ་གཏོང་ཐུབ།④གལ་ཏེ་སྐད་ཡིག་སློབ་སྦྱོང་ཁྲོད་རིག་གནས་སློབ་སྦྱོང་བྱེད་པ་སྣང་མེད་དུ་བཏང་བའམ་དེ་གཉིས་ཡ་བྲལ་བ་ཞིག་ཡིན་ཚེ། དེ་ནི་རྣམ་པ་ཙམ་དང་། ཕྱི་ངོས་ཙམ་ཞིག་ཡིན་པ་ལས། དེས་སློབ་མའི་བློ་སྦྱོང་གི་ནུས་པ་དང་བསམ་གཞིག་གི་ནུས་པ། སློབ་སྦྱོང་གི་ཀུན་སློང་བཅས་བསྐྱེད་མི་ཐུབ།

དབྱིན་ཡིག་སྦྱང་སྐབས། དེའི་ཁོངས་སུ་རིག་གནས་ཀྱི་ངོ་བོ་དང་རྣམ་པ་མཚོན་པའི་གྲོང་ཚིག་མང་པོ་ཞིག་འདུས་ཡོད་ཅིང་། གྲོང་ཚིག་དེ་དག་ནི་མི་རིགས་གང་དེའི་དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་འཚོ་བའི་གོ་རིམ་ནང་གྲུབ་པ་ཞིག་ཡིན་པས། དེར་ངེས་གཏན་གྱི་གོ་བ་ཞིག་ཆགས་ཡོད། གལ་ཏེ་གྲོང་ཚིག་དེ་དག་གི་ནང་དོན་ནམ་རིག་གནས་ངོ་བོའི་གོ་བ་མ་ལོན་པ་ཡིན་ན། ཚིག་དེའི་ཐད་ཀའི་ངོ་གདོང་དང་ཁྱད་པར་ཆེན་པོ་ཡོད་པས། དེས་དབྱིན་ཡིག་སློབ་སྦྱོང་ལ་དཀའ་ངལ་སྤྲོད་པར་མ་ཟད། རིག་གནས་དང་བསམ་བློ་བརྗེ་རེས་ཀྱི་གེགས་སུ་འགྱུར་འགྲོ་ངེས། དཔེར་ན། གྲོང་ཚིག“A case of January and May”ཞེས་པ་ལྟ་བུར་མཚོན་ན། ཚིག་ངོས་ནས་གོ་བ་བླངས་ན“January”ནི་སྤྱི་ཟླ་དང་པོ་དང“May”ནི་སྤྱི་ཟླ་ལྔ་པར་གོ་བས། སྤྱི་ཟླ་དང་པོ་དང་ལྔ་པར་གོ་བ་ལེན་སྲིད་པ་རེད། འོན་ཀྱང་དེ་ནི་དེ་ལྟ་མ་ཡིན་པར། དེའི་ནང་དབྱིན་ཇིའི་གཏམ་རྒྱུད་ཅིག་དང་འབྲེལ་པ་ཡོད་དེ། དེ་ནི་སྔོན་ཆད“January”ཞེས་པའི་ཚོང་པ་རྒན་པོ་ལོ་དྲུག་ཅུ་ཅན་ཞིག་ཡོད་པ་དེས“May”ཞེས་པའི་བུ་མོ་ལོ་ཆུང་མཛེས་མ་ཞིག་རང་གི་ཆུང་མར་བླངས་པས། དེ་ནི“རྒན་འཁོགས་ཀྱིས་ཆུང་མ་མཛེས་མ་བླངས།”ཞེས་པའི་དོན་སྟོན་བྱེད་དུ་གྱུར་ཡོད་ཅིང་། རྗེས་ནས“to have January chicks”ཞེས་པ“རྒན་འཁོགས་ལ་བྱིས་པ་སྐྱེས།”⑤ལྟ་བུར་གོ་དགོས། དབྱིན་ཇིའི་ཉིན་རྒྱུན་གྱི་ཁ་བརྡའི་ཁྲོད་དང་རྩོམ་རིག་ཁྲོད་འདི་དང་འདི་ལྟ་བུའི་གྲོང་ཚིག་ཧ་ཅང་མང་པོ་ཡོད། དེ་བས། རིག་གནས་ཀྱི་རྒྱབ་ལྗོངས་འཁྲིད་ཐབས་འདི་ལྟ་བུ་མ་ཤེས་ན། གོང་གི་ཚིག་དེ་ལ་ཡང་དག་པའི་སྒོ་ནས་གོ་བ་ལེན་ཐབས་མེད་ཅིང་། ཤེས་ན་སློབ་མའི་དབྱིན་ཡིག་གི་སྤྲོ་བ་ཇེ་ཆེར་འགྲོ་ཞིང་ཆུ་ཚད་ཡང་གོང་འཕེལ་དུ་འགྲོ་ངེས།

གཉིས། དམིགས་འཛིན།

དེང་གི་འཛམ་གླིང་རང་བཞིན་གྱི་གོམ་སྟབས་འོག་ཏུ། དབྱིན་ཡིག་སློབ་སྦྱོང་བྱེད་པ་ནི་སློབ་མས་སྐད་ཡིག་མི་འདྲ་བ་ལ་སློབ་སྦྱོང་བྱས་ཏེ་རིག་གནས་ཀྱི་ཡང་སྙིང་རྟོགས་པ་དང་། དེའི་རྨང་གཞིའི་སྟེང་འབྲེལ་འདྲིས་ཀྱི་ནུས་པ་གོང་དུ་སྤེལ་བ་དང་། རིག་གནས་དང་བསམ་བློ་བརྗེ་རེས་ཀྱི་ནུས་པ་གོང་དུ་སྤེལ་བ་ཡིན་པར་མ་ཟད། ད་དུང་སློབ་མའི་བསམ་གཞིག་གི་ནུས་པ་དང་། སྒེར་གྱི་སློབ་གསོ་སྤུས་ཚད་མཐོར་འདེགས་གཏོང་བ། ཐ་ན་རྒྱལ་ཁབ་སྐད་ཡིག་རིག་གནས་འཛུགས་སྐྲུན་གྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་།
དཔལ་འབྱོར་འཛུགས་སྐྲུན་གྱི་ཕྱོགས་ལ་ནུས་པ་སྐྱེད་སྲིང་བྱེད་པའི་ཆེད་དུ་ཡིན།

སྤྱི་ལོ༡༩༩༦ལོར། ཨ་མེ་རི་ཁས་རྒྱལ་ཁབ་ཀྱི་ཕྱིའི་སྐད་སློབ་གསོ་ཚད་གཞི་གཏན་འབེབས་ནང་། ཕྱིའི་སྐད་སློབ་གསོའི་ནང་དུ་བརྗེ་རེས་དང་རིག་གནས། འབྲེལ་འདྲིས། དཔྱད་བསྡུར། སྤྱི་ཁུལ་བཅས་ཀྱི་ནང་དོན་ཁག་འདུས་དགོས་པར་གཏན་ལ་ཕབ་ཅིང་། གཏན་འབེབས་འདིས་སྐད་ཡིག་སློབ་ཁྲིད་ཀྱིས་རིག་གནས་ཁྱབ་སྤེལ་ལ་རེ་བ་ནན་ཏན་ཞིབ་མོར་བཏོན་ཡོད་དེ། སློབ་མས་ངེས་པར་དུ་སྦྱང་བྱའི་རིག་གནས་ཤེས་བྱ་དང་དེའི་ལག་ལེན་གཉིས་ཀྱི་འབྲེལ་པར་ངོས་འཛིན་དགོས་པ། སྦྱང་བྱའི་རིག་གནས་དང་དེའི་ཐོན་རྫས་གཉིས་བར་གྱི་འབྲེལ་པར་ངོས་འཛིན་དགོས་པ། སྦྱང་བྱར་རིག་གནས་ལ་ཟུར་མི་འདྲ་བ་ནས་བལྟ་བའི་སྤྱི་མཚན་གྱི་ནུས་པ་ཆགས་དགོས་པ། སྦྱང་བྱའི་རིག་གནས་དང་རང་གི་རིག་གནས་གཉིས་གཤིབ་བསྡུར་གྱིས་རིག་གནས་ལ་ངོས་འཛིན་གསར་བ་ཡོད་དགོས་པ། རང་སྡོད་སའི་ས་ཁུལ་ལམ་ཡང་ན་འཛམ་གླིང་གི་ཁྱབ་ཁོངས་སུ་སྐད་རིགས་སྣ་མང་གི་བྱ་འགུལ་ལ་ཞུགས་པ་བཅས་ཀྱི་རེ་བ་ནན་ཏན་བཏོན་ཡོད། དེ་བས་རིག་གནས་ནི་སྐད་ཡིག་སློབ་སྦྱོང་གོ་རིམ་དང་ནང་དོན་གྱི་ལྟེ་བར་ཆགས་ཡོད།

ཡང་ཆེད་མཁས་པ་ཧྲུའུ་ཏིན་ཧྥང་གིས། ཕྱི་སྐད་སློབ་གསོའི་དགེ་མཚན་ནི། སློབ་མས་སློབ་སྦྱོང་བྱེད་པའི་གོ་རིམ་ཁྲོད་རང་གི་རིག་གནས་དང་མི་རིགས་གཞན་གྱི་རིག་གནས་གཤིབ་བསྡུར་ཀྱིས་མི་རིགས་གཞན་དེའི་རིག་གནས་ཀྱི་ཁྱད་ཆོས་རྟོགས་ཡོང་བར་མ་ཟད། ད་དུང་རང་གི་རིག་གནས་ལ་ཡང་ངོས་འཛིན་ཡང་དག་གཏིང་ཟབ་ཐོབ་ཐུབ་པ་དང་། རང་གི་སྐད་ཡིག་རིག་གནས་དང་མི་རིགས་གཞན་གྱི་སྐད་ཡིག་རིག་གནས་གཉིས་གཤིབ་བསྡུར་གྱིས་ཐོན་སྐྱེད་རང་བཞིན་གྱི་སློབ་སྦྱོང་བྱེད་ཐུབ་པ་དེ་ཡིན་ཞེས་དང་།⑥པེན་ལགས་ཀྱིས་ཀྱང་། ང་ཚོས་ངེས་པར་དུ་བསམ་བློ་གསར་བ་ཞིག་གི་ཐོག་ནས་སྐད་ཡིག་སློབ་གསོ་སྤེལ་དགོས་ཤིང་། སྐད་ཡིག་སློབ་གསོ་སྤེལ་བ་ལ་བརྟེན་ནས་རིག་གནས་ཕན་ཚུན་བར་བརྗེ་རེས་བྱེད་པའི་ནུས་པ་སྐྱེད་སྲིང་བྱེད་དགོས⑦ཞེས་བསྟན་ཡོད་པས། ཕྱི་སྐད་སློབ་གསོའི་དམིགས་འཛིན་ནི་ཧ་ཅང་གསལ་པོ་ཆགས་ཡོད།

དབྱིན་ཇིའི་སྐད་ཡིག་ནི་ལོ་ངོ་སྟོང་ཕྲག་མང་པོར་འཕེལ་རྒྱས་སོང་བའི་གོ་རིམ་ཁྲོད། ནུབ་གླིང་གི་རྒྱལ་ཁབ་ཁག་གི་རིག་གནས་ལོ་རྒྱུས་ཤེས་བྱ་བསྡུས་ཡོད་པར་མ་ཟད། ད་དུང་ས་ཁམས་ཁོར་ཡུག་དང་སྤྱི་ཚོགས་རིག་གནས་སོགས་ཀྱི་ཤེས་བྱ་ཚད་མེད་ཅིག་བསྡུས་ཡོད་པས། འདི་དག་ཀྱང་དབྱིན་ཇིའི་སྐད་ཡིག་སྦྱང་བའི་གོ་རིམ་ཁྲོད་ངེས་པར་དུ་སྦྱང་དགོས་པའི་བསླབ་བྱར་གྱུར་ཡོད་པ་རེད།

དེང་སྐབས་བོད་རིགས་སློབ་མ་རྣམས་ཀྱིས་ཀྱང་རང་སྐད་ཡིག་རིག་གནས་ཙམ་དུ་མ་ཟད། ད་དུང་རྒྱའི་སྐད་ཡིག་རིག་གནས་དང་དབྱིན་ཇིའི་སྐད་ཡིག་རིག་གནས་སོགས་ལ་སློབ་སྦྱོང་བྱེད་ཀྱིན་ཡོད་པས། རིག་གནས་གསར་བ་དང་ལེན་དང་སྡུད་ལེན། རིག་གནས་འབྲེལ་འདྲིས་དང་བརྗེ་རེས། གཤིབ་བསྡུར་གྱིས་གཞན་གྱི་རིག་གནས་ལས་ལེགས་ཆ་སྡུད་ལེན་བྱེད་ཐུབ་པར་རེ་ལྟོས་ཆེན་པོ་ཡོད། །


① Gudykunst,W.B.& Nishida, T.(2001). International Journal of Intercultural Relations, 25, 55-71.

② Hubbert, K., Gudykunst, W.B., & Guerrero, S,(1999), international Journal of intercultural Relations, 23,13-46

③ 哈经雄 滕星 民族教学通论[M]北京 教育科学出版社 2001:16

④ 张红玲 跨文化外语教学[M] 上海外语教育出版社 2007:37

⑤ 王芳 庾鲜海 文化差异引发的焦虑与语言输出能力的研究[J]西北工业大学学报(社会科学版)2007(2):77-79

⑥ 束定芳 外语课堂教学中的问题与若干研究问题[J]外语教学与研究 2014(3):446-455

⑦ Banks, James A.(2001).Foundations, Curriculum, and Teaching[Z].Needham Heights:A Pearson Education Company. P 45.


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1