༄༅།། རྒྱ་གར་མཁས་པའི་ཚད་གཞུང་བཞིན་དུ་ཚད་མའི་མཚན་ཉིད་ལ་གསར་དུ་དཔྱད་པ།

ཕག་མོ་མཁའ་བྱམས། རྩོམ་སྒྲིག་པ།ཡོང་ཁུངས།བོད་ཀྱི་སློབ་གསོ། སྤེལ་དུས། 06-03



ཕག་མོ་མཁའ་བྱམས།
[གནད་བཏུས] དཔྱད་རྩོམ་འདིར། མདོ་དང་སྡེ་བདུན་གཞུང་གི་ཡི་གེའི་རིས་དང་ཚིག་གི་འབྲུ་འགྲེལ་བཞིན་དུ། ཚད་མའི་མཚན་ཉིད་ལ་མི་བསླུ་བའི་རིག་པ་ཉིད་བཀོད་ན་མཚན་ཉིད་དོན་མཐུན་གྱི་ཁྱབ་པ་འབྱུང་མོད་ཀྱི། ལྡོག་སྟེ་གསར་རྟོགས་ཀྱི་བློ་འབའ་ཞིག་གིས་མཚན་ཉིད་ཡང་དག་ཏུ་ཁྲུན་གཅོད་པའི་ཐལ་བ་འཕེན་པ་ནི་མ་གྲུབ་སྐྱོན་གྱི་ཕུང་པོར་མཐོང་ཕྱིར། ལུང་རིགས་ཟུང་གི་སྒོ་ནས་གང་ཉིད་བསལ་བར་མཛད་ཡོད་དོ། །

[གནད་ཚིག] ཚད་མ། བཅད་ཤེས། དྲན་ཤེས། གསར་རྟོགས།


དང་པོ། ཀུན་བཏུས་རྩ་འགྲེལ་དང་སྦྱར་ཏེ་ཚད་མའི་མཚན་ཉིད་ལ་དཔྱད་པ།
        《ཀུན་བཏུས》སུ། མངོན་སུམ་དང་ནི་རྗེས་སུ་དཔག།། ཚད་མའོ་མཚན་ཉིད་གཉིས་གཞལ་བྱ། །①ཞེས་གསུངས་པའི་རྐང་པ་ཕྱེད་སྔ་མའི་དོན་ལས། མངོན་སུམ་ཚད་མའི་མཚན་ཉིད་ཀྱི་དོན་ཡང་དག་པར་ལྡན་པའི་མངོན་སུམ་ཚད་མ་དང་། རྗེས་སུ་དཔག་པའི་ཚད་མའི་མཚན་ཉིད་ཀྱི་དོན་ཡང་དག་པར་ལྡན་པའི་རྗེས་དཔག་ཚད་མ་གཉིས་ནི། ཡང་དག་པའི་ཚད་མར་བསྟན་ཅིང་། དེ་གཉིས་སོ་སོ་ནས་གཞལ་བར་བྱ་བའི་རང་སྤྱི་གཉིས་ནི། ཚད་མ་ཟུང་གི་ཚད་མའི་ཡུལ་དུ་བསྟན་ཏེ། ཚད་མའི་གྲངས་ངེས་ལེགས་པར་ཕྱེ་བའི་ཚུལ་ཀུན། རྒྱ་གཞུང་སྔ་མ་དག་གི་འགྲེལ་པར་ཤིན་ཏུ་གསལ་མོད་ཀྱི། རྐང་པ་ཕྱེད་ཕྱི་མ་སྟེ། ཚད་མའོ་མཚན་ཉིད་གཉིས་གཞལ་བྱ། ། ཞེས་གསུངས་པའི། གཞལ་བྱ་ཉིད་ཀྱིས། ཚད་མ་ཟུང་གིས་གཞལ་བར་བྱ་བའི་ཡུལ་གཉིས་བསྟན་པ་ཙམ་ལས། ཚད་མའི་མཚན་ཉིད་བསྟན་པ་མ་བརྗོད་མོད་ཀྱི། རིགས་པས་ཡང་དག་པར་དཔྱད་ན་ནི། སློབ་དཔོན་གྱིས་འདིར་ཚད་མའི་མཚན་ཉིད་ཀྱང་ལེགས་པར་གསུངས་ཟིན་ཏེ། ཅི་ཡིས་ཞེས་བགྱི་ན། མངོན་སུམ་ཚད་མ་དང་། རྗེས་སུ་དཔག་པའི་ཚད་མ་ཟུང་གིས་གཞལ་བྱ་ལེགས་པ་ཉིད་དམ། ཡང་དག་པ་ཉིད་དུ་གཞལ་བར་བྱ་བས་ནའོ། ། དེ་ཉིད་གསལ་བར་བཀྲལ་ན། གཞལ་བྱ་གཉིས་དང་ལྡན་ཕྱིར་ཚད་མ་ཟུང་གི་གྲངས་ཕྱེས་ཤིང་། དེ་ཡིས་ཡུལ་ཟུང་ལེགས་པར་ཉེར་གཞལ་བས། གང་དེ་ཚད་མ་ཉིད་དུ་རྣམ་བཏགས་ཤིང་། གང་རྣམ་པར་བཏགས་པའི་དོན་ཏེ། ཡུལ་གཉིས་གཞལ་བའི་བློ་གང་ཡིན་པ་དེ་ནི། ཚད་མའི་མཚན་ཉིད་དུ་ཡང་དག་པར་བསྟན་པས་ནའོ། །
        ཡང་། 《ཀུན་བཏུས》སུ། འབྲས་བུ་ཉིད་ཡིན་འཇལ་བྱེད་ལ། ། ཚད་མ་ཉིད་དུ་འདོགས་པ་སྟེ། །②ཞེས་གསུངས་ཏེ། གཞལ་བྱ་འཇལ་བའི་དོན་དང་ལྡན་པ་ཉིད་ཀྱིས་ཚད་མར་བཞེད་དོ། ། འོ་ན། འཇལ་བྱེད་དེ་ཅི། གཞལ་བྱ་དེ་གང་ངམ་ཞེ་ན། འདི་སྟེ། འཇལ་བྱེད་ནི་རང་ཡུལ་གཙོ་བོར་འཇལ་བའི་བྱ་བ་ལ་ལྟོས་པས་དང་། གཞལ་བྱ་ནི་རང་འཇལ་བྱེད་ཀྱི་གཙོ་བོའི་ཡུལ་དུ་གྱུར་པ་ལ་ལྟོས་ཏེ་རྣམ་པར་འཇོག་ཅིང་། དབྱེ་ན། སྔ་མ་སྟེ། འཇལ་བྱེད་ཀྱི་གསུམ་དང་། ཕྱི་མ་སྟེ། གཞལ་བྱའི་གསུམ་མོ། ། སྔ་མའི་གསུམ་ནི། ༡.ཤེས་པར་གྱུར་པའི་འཇལ་བྱེད་དང་།
        ༢.གཟུགས་སུ་གྱུར་པའི་འཇལ་བྱེད། ༣.ལྡན་མིན་འདུ་བྱེད་དུ་གྱུར་པའི་འཇལ་བྱེད་དོ། ། མཚན་གཞི་ནི། རིམ་བཞིན་དུ། མིག་ཤེས་དང་། བྲེ་སྲང་། ཡིད་ཤེས་ལྟ་བུའོ། །
        ཕྱི་མའི་གསུམ་ནི། ༡. ཤེས་པར་གྱུར་པའི་གཞལ་བྱ་དང་། ༢. གཟུགས་སུ་གྱུར་པའི་གཞལ་བྱ། ༣.ལྡན་མིན་འདུ་བྱེད་དུ་གྱུར་པའི་གཞལ་བྱའོ། ། མཚན་གཞི་ནི། རིམ་བཞིན་དུ། མིག་ཤེས་དང་། ཅོག་ཙེ། རླུང་ཤུགས་ལྟ་བུའོ། །
        འོན་ཏེ། གཞུང་འདིར། ཤེས་པར་གྱུར་པའི་འཇལ་བྱེད་ཙམ་ལས། ཕྱི་མ་གཉིས་དངོས་སུ་མ་བསྟན་མོད་ཀྱི། མེད་པ་ནི་མ་ཡིན་ཏེ། སྔ་མ་བཞིན་དུ་ཡོད་པ་ཁོ་ནར་ངེས་པས་སོ། ། རྒྱུ་དེས་ན། གསར་དུ་མི་བསླུ་བའི་རིག་པ་ཁོ་ན་ཚད་མར་གྱུར་ཅིང་། མི་བསླུ་བའི་རིག་པའམ། དེར་གྱུར་པའི་བཅད་ཤེས། མི་བསླུ་བའི་དོན་དང་ལྡན་པའི་འཇལ་བྱེད་རྣམ་དག་སོགས་སུ་གྱུར་ན། ཚད་མིན་དུ་འཛིན་པ་འདི་ནི་རིགས་པ་མ་ཡིན་པས། ཅི་བས་རིང་དུ་སྤྱུགས་པར་བྱའོ། །
        གཞན་ཡང་། 《ཀུན་བཏུས》སུ། ཡུལ་གྱི་སྣང་བ་ཉིད་དེ་འདིའི། ། ཚད་མ་དེ་ཡིས་འཇལ་བར་བྱེད། །③ ཅེས་སུ་གསུངས་ཏེ། ཡུལ་གྱི་སྣང་བ་ཅི་དང་གང་ཞིག་འཛིན་པ་དེའི་ཚེ་ན། དེ་ཉིད་རྟོགས་སམ་མ་རྟོགས་ཀྱི་ཁྱད་དེ་ཉིད། བློ་དེས་ཇི་ལྟར་འཇལ་བའི་ཚུལ་ལ་རག་ལས་ཤིང་། དེ་ཡང་། དེ་ཉིད་གྱིས་གཞལ་བ་དོན་མཐུན་པར་བྱུང་ན། རང་ཡུལ་ལ་བསླུ་བ་མི་སྲིད་པས། ཡུལ་དེ་ལ་ལྟོས་ཏེ་ཚད་མར་ངེས་ཤིང་། དེ་ལས་བཟློག་ན་ནི། རང་ཡུལ་ལ་བསླུ་བར་འགྱུར་བས། ཡུལ་དེ་ལ་ལྟོས་ཏེ་ཚད་མིན་དུ་ཐལ་འགྲོའོ། ། འདི་ལ། 《ཀུན་བཏུས་རང་འགྲེལ》
དུའང་། གང་གི་ཚེ། ཕྱི་རོལ་གྱི་དོན་འབའ་ཞིག་གཞལ་བྱར་བྱེད་པ་དེའི་ཚེ་ནི། ཡུལ་གྱི་སྣང་བ་འདི་ཉིད་ཚད་མ། གང་གི་ཕྱིར་ཞེ་ན། དོན་དེ་དེ་ཡིས་འཇལ་བར་བྱེད་དེ། ཇི་ལྟ་ཇི་ལྟར་དོན་གྱི་རྣམ་པ་དཀར་པོ་དང་། དཀར་པོ་མ་ཡིན་པ་ལ་སོགས་པ་ཉིད། ཤེས་པ་ལ་སྣང་བ་ན། དེ་དང་དེའི་ངོ་བོ་ཡུལ་དང་བཅས་པ་འཇལ་བར་བྱེད་དོ། །④ཞེས། ཕྱི་རོལ་གྱི་ཡུལ་གཞལ་བར་བྱེད་པའི་ཚེ་ན། འཇལ་བྱེད་ཀྱི་བློ་དེས་ཇི་ལྟར་གཞལ་བ་ལྟར་དུ། རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་ཞིག་ཡིན་ན་ནི། བློ་དེ་ཉིད་དོན་དེ་ལ་མི་བསླུ་བས། ཚད་མ་ཡིན་པར་འགྲུབ་ཅིང་། བཟློག་སྟེ། འཇལ་བྱེད་ཀྱི་བློས་ཇི་ལྟར་གཞལ་བ་ལྟར་དུ། ཡུལ་གྱི་ངོས་ནས་མ་གྲུབ་ཅིང་།སྡོད་ལུགས་ཚུལ་བཞིན་དུ་མེད་ན་ནི། རང་ཡུལ་ལ་བསླུ་བར་འགྱུར་བས། ཚད་མ་མ་ཡིན་པར་བསྒྲུབས་ཏེ། འཇལ་བྱེད་ཀྱིས་གཞལ་བྱ་འཇལ་བའི་དོན་དེ། བསླུ་འམ་མི་བསླུ་བ་ཉིད་ཀྱིས། ཚད་དམ་ཚད་མིན་གྱི་རྣམ་དབྱེ་བསྟན་པའི་ཚུལ་ཀུན། མདོ་རྩ་འགྲེལ་རྣམས་སུ་གསལ་བར་གསུངས་ཟིན་ན། ཚུལ་ལུགས་དེ་ལས་རིང་དུ་འདའ་བར་མི་བྱའོ། ། དེའི་ཕྱིར། ཚད་མའི་མཚན་ཉིད་དེ། མདོ་ལས་དངོས་བསྟན་གྱི་ཚིག་གི་རིས་བཞིན་དུ། ཡུལ་འཇལ་བར་བྱེད་པའི་བློ་སྟེ། མི་བསླུ་བའི་རིག་པ་ཉིད་ཀྱིས་རབ་ཏུ་བཞག་ན། མདོ་དོན་སྤྱི་ལ་འཁྲུལ་བ་ཆོད་ཅིང་། ཚད་དོན་བྱིངས་ལ་རྨོངས་པ་བཟློག་པར་འགྱུར་བས། ཤིན་ཏུ་ནས་རྨད་དོ། །

གཉིས་པ། རྣམ་འགྲེལ་གྱི་རྩ་འགྲེལ་དང་སྦྱར་ཏེ་ཚད་མའི་མཚན་ཉིད་ལ་དཔྱད་པ།

(གཅིག) རང་འགྲེལ་དང་སྦྱར་ཏེ་ཚད་མའི་མཚན་ཉིད་ལ་དཔྱད་པ།

        《ཚད་མ་གྲུབ་པའི་ལེའུ》རུ། ཚད་མ་བསླུ་མེད་ཅན་ཤེས་པ། །⑤ཞེས། ཚད་མའི་མཚན་ཉིད་དུ། མི་བསླུ་བའི་ཤེས་པ་ཁོ་ན་བཞག་པའི་ཐ་སྙད་ཀྱི་ཚིག་རིས་མངོན་སུམ་པ་ལ། ཕྱིས་ཀྱི་རྟོག་གེ་སྨྲ་བ་ཁ་ཅིག་གིས། རྣམ་འགྲེལ་རྩ་བའི་ཚིག་སྟེ། མ་ཤེས་དོན་གྱི་གསལ་བྱེད་ཀྱང་། ། ཞེས་པ་བསྟན་ཅིང་། གང་དེར་སྣ་ཚོགས་ཚིག་གི་འགྲེལ་པ་སྟོང་དུ་མཛད་དེ། གསར་རྟོགས་ཀྱི་དོན་ཉིད་འཐད་སྒྲུབ་ཀྱིས། ཚད་མའི་མཚན་ཉིད་རྫོགས་པར་འགོད་མོད། དེ་ལ་ཁྱབ་པ་ཡེ་མེད་དེ། ཅི་ཡིས་ཞེས་བགྱི་ན། ཧེ་དུའི་རིགས་པ་གསུམ་གྱི་སྒོ་ནས་ཏེ། ༡. རྩ་བར་དངོས་བསྟན་གྱི་ཚིག་གི་སྤུ་རིས་ཅོག་དང་བྲལ་བས། རྗོད་ཚིག་རྣམ་དག་ལས་ལྡོག་པའི་སྐྱོན་སོ་ན་གནས་པ་དང་།

༢. གསར་རྟོགས་བཀོད་པས་ཀྱང་། མི་བསླུ་བའི་རིག་པ་དང་།མི་བསླུ་བ་ཙམ། འཇལ་བྱེད་ཉིད་སོགས་ཚད་མར་རྟོག་པ་ལ། དགག་པའི་ཐལ་བ་ཅི་ཡང་དགོད་པར་མི་ནུས་པས། མ་ཁྱབ་སྐྱོན་ཉིད་སོ་ན་གནས་པ། ༣.ཁམས་དང་དབང་པོ་ལ་ལྟོས་པའི་ཐ་སྙད་དུས་ཀྱི་བློ་དང་སྣང་བའི་བདེན་པ་བཀག་པས། རྣམ་གྲོལ་དོན་གཉེར་གྱི་རྒྱུ་མཐར་ཐུག་སྟེ། ཟག་མེད་ཡེ་ཤེས་སྐྱེ་བ་ལ་བར་དུ་གཅོད་པའི་སྐྱོན་སོ་ན་གནས་པ་བཅས་ཀྱིས་སོ། ། དེའི་ཕྱིར། གསར་དུ་མི་བསླུ་བའི་རིག་པ་འབའ་ཞིག་ཚད་མར་བཞེད་དེ། དཔལ་ཆོས་ཀྱི་གྲགས་པའི་དགོངས་པ་འགྲེལ་པར་མཛད་པ་ནི། འུད་ཀྱི་མཐར་ལྟུང་བའི་གཡམ་སྒྲོས་ཉིད་དོ། །

(གཉིས) འགྲེལ་པ་གཞན་དང་སྦྱར་ཏེ་ཚད་མའི་མཚན་ཉིད་ལ་དཔྱད་པ།
༡.ལྷ་དབང་བློའི་འགྲེལ་པར་སྦྱར་ཏེ་ཚད་མའི་མཚན་ཉིད་ལ་དཔྱད་པ།
        《རྣམ་འགྲེལ་ལེའུ་གཉིས་པའི་འགྲེལ་པ》རུ། ཚད་མའི་ངོ་བོ་དེ་ཅི་ཞིག་ཡིན་ཞེ་ན། གང་གིས་དེ་དང་འདྲ་བར་དམ་བཅའ་བར་བྱེད་ཅེ་ན། ཚད་མ་བསླུ་མེད་ཅན་ཤེས་པ། ཞེས་བྱ་བ་སྨོས་ཏེ། མི་བསླུ་བའི་ཤེས་པ་ཉིད་དེ། ཚད་མའི་མཚན་ཉིད་དུ་ཡང་དག་པར་འཇོག་ཅིང་། གང་གིས་ཇི་ལྟར་དེ་ཉིད་ལ་དམ་བཅས་པ་བཞིན་དུ། ཚད་མའི་དོན་བྱིངས་ལ། མི་བསླུ་བའི་ཤེས་པ་ཉིད་ཀྱིས་ཁྱབ་པར་འགོད་དོ། ། དེ་ཡང་། ཇི་སྐད་དུ། གཞུང་འདིར་ཇི་ལྟར་དམ་བཅས་པ་བཞིན་དུ། མཚན་ཉིད་དེ་ལ། བསླུ་བ་མེད་པ་དང་། ཤེས་པ་གཉིས་ལྡན་གྱི་དོན་ཡང་དག་དང་ལྡན་ན། དམ་བཅའ་དྲི་མེད་པར་འགྱུར་བས། མཚན་ཉིད་དོན་མཐུན་འབྱུང་ཞིང་། ཇི་ལྟར་དམ་བཅས་པ་བཞིན་དུ། མཚན་ཉིད་དེ་ལ། བསླུ་བ་མེད་པ་དང་། ཤེས་པ་ཟུང་ལྡན་གྱི་དོན་ཡང་དག་དང་མི་ལྡན་ན། དམ་བཅའ་དྲི་བཅས་པར་འགྱུར་བས། མཚན་ཉིད་དོན་མཐུན་མི་འབྱུང་ངོ་། ། ཡང་། དེའི་འགྲེལ་པ་རུ། སླུ་བར་བྱེད་པས་ན་སླུ་བའོ། །ཤེས་པ་གང་ལ་དེ་ཡོད་པ་དེ་ནི་སླུ་བ་ཅན་ནོ། ། སླུ་བ་ཡོད་པ་མ་ཡིན་པ་ཅན་ནི་སླུ་བ་མེད་པ་ཅན་ཡིན་ཏེ། གང་ལ་སླུ་བ་མེད་པ་ཞེས་བྱ་བའི་དོན་ནོ། ། མི་སླུ་བ་དེ་ཡང་དོན་ཡོངས་སུ་བཅད་ནས་འཇུག་པ་ན། དོན་གྱི་རང་གི་ནུས་པ་གྲུབ་པས། ཇི་ལྟར་འདོད་པའི་དོན་དེ། དེ་ལྟ་བུའི་ངོ་བོས་མི་སླུ་བ་ནི། ཡུལ་གྱི་ཆོས་དང་། དེས་དེ་ལྟ་བུར་གྱུར་པ་རྟོགས་པ་ན། ཤེས་པས་མི་བསླུ་བ་ནི། ཡུལ་ཅན་གྱི་ཆོས་སོ། ། དེ་གང་ལ་ཡོད་པ་དེ་ནི། སླུ་བ་མེད་པ་ཅན་གྱི་ཤེས་པའོ། ། ཞེས་གསལ་བར་གསུངས་ཏེ། ཤེས་གང་ཡུལ་ལ་འཇུག་པ་ན། གཟུང་བྱའི་དོན་ལ་ཇི་ལྟར་དམིགས་པ་བཞིན་དུ། ཡུལ་གྱི་ངོ་བོའི་ངོས་ནས་བདེན་པར་གྲུབ་པའམ། བསླུ་བར་མེད་ཚེ། ཡུལ་ཆོས་དོན་མཐུན་གྲུབ་པ་འབྱུང་ཞིང་། ཇི་ལྟར་ཡུལ་ཆོས་དོན་མཐུན་གྲུབ་པ་བཞིན་དུ། དེ་ཉིད་རྟོགས་བྱེད་ཀྱི་ཤེས་པ་ཉིད་བསླུ་བས་རབ་ཏུ་སྟོང་ན། ཡུལ་ཅན་གྱི་ཆོས་དོན་མཐུན་གྲུབ་པ་འབྱུང་ཞིང་། ཡུལ་ཅན་གྱི་ཆོས་དོན་མཐུན་གྱིས། ཡུལ་གྱི་ཆོས་དོན་མཐུན་ཇི་ལྟ་ཇི་ལྟར་དུ་བཟུང་བ་དེ་ལྟ་དེ་ལྟར་དུ། འབྲས་བུའི་དོན་ལ་བསླུ་བ་མེད་པ་རྣམ་པར་གྲུབ་ན། དེ་ཉིད་རྟོགས་བྱེད་ཀྱི་ཤེས་པ་བསླུ་མེད་ཐོལ་གྱིས་འགྲུབ་པས། ཚད་མའི་མཚན་ཉིད་བསླུ་མེད་པ་ཡང་ལྷུན་གྱིས་འགྲུབ་བོ། །  དེས་ན། ལུགས་འདིས་ཀྱང་། ཚད་མའི་མཚན་ཉིད་ལ། བསླུ་བ་མེད་པ་ཅན་གྱི་ཤེས་པ་བཀོད་དེ། གསར་རྟོགས་ཁོ་ནར་འདོད་པ་བཀག་པ་ནི། བློ་དམན་རིམ་གྱིས་འཇུག་པའི་རྐང་སྟེགས་དང་། 
མཁས་པ་ཁོང་ནས་དགྱེས་པའི་གཏམ་དུ་སྣང་ངོ་། །
༢.རྒྱན་མཁན་པོའི་འགྲེལ་པར་སྦྱར་ཏེ་ཚད་མའི་མཚན་ཉིད་ལ་དཔྱད་པ།
        ཤེས་རབ་འབྱུང་གནས་སྦས་པའི《རྣམ་འགྲེལ་ལེའུ་གཉིས་པ》ཡི་འགྲེལ་པ་རུ། དེ་ལ་ཚད་མའི་མཚན་ཉིད་སྤྱིར་སྟོན་པ་ནི། ཚད་མ་བསླུ་མེད་ཅན་ཤེས་པ། ཚད་མ་ནི་མི་བསླུ་བ་ཅན་གྱི་ཤེས་པ་སྟེ། དེ་ཡོད་ན་གཞལ་བྱ་གྲུབ་པའི་ཕྱིར་དང་། སླུ་བ་ཡིན་ན་གཞལ་བྱ་བཟློག་པའི་ཕྱིར་རོ། ། ཞེས་སུ་གསུངས་ཏེ། མི་བསླུ་བ་ཅན་གྱི་ཤེས་པ་ཁོ་ན་ཚད་མར་འདོད་ཅིང་། གཞལ་བྱ་གྲུབ་དང་མ་གྲུབ་པ་ཉིད་ཀྱང་། ཡང་དག་པའི་ཤེས་པ་སྟེ། མི་བསླུ་བའི་རིག་པར་ལྟོས་ཏེ་རྣམ་པར་གཅོད་པས་ན། གསར་རྟོགས་ཚིག་གི་སྤྲོས་པས་སྟོང་མོད་ཀྱི། འོན་ཏེ། གསར་དུ་མ་རྟོགས་པས། ཚད་གྲུབ་ལ་གནོད་པར་མ་མཐོང་སྟེ། ཅི་ཡིས་ཞེས་བགྱི་ན། སྣང་རིག་དོན་མཐུན་དང་ལྡན་པ་དེས་སོ། ། དེ་ཡང་། མ་འཁྲུལ་བའི་གཞལ་བྱ་ལ་ལྟོས་པའི་འཇལ་བྱེད་ཀྱི་ཚད་མ་སྟེ། ཡང་དག་པའི་ཤེས་པ་ཉིད་དམ། མ་འཁྲུལ་བའི་འཇལ་བྱེད་ལ་ལྟོས་པའི་གཞལ་ཡུལ་ཚད་མ་སྟེ། ཡང་དག་པའི་གཞལ་བྱ་ཟུང་དེ། ཕན་ཚུན་སྐད་ཅིག་གཅིག་པའི་ལྟོས་གྲུབ་ཀྱི་བདེན་པས་མཚམས་སྦྱར་བའི་སྟོབས་ཀྱིས་ཚད་མར་འགྱུར་གྱི། བཟློག་ན་ནི། ཚད་མིན་དུ་ཐལ་མོད། ཡུལ་དུས་ཐམས་ཅད་དུ། གསར་དུའམ། མི་བསླུ་བ། རིག་པ་སུམ་ལྡན་གྱི་ཁྱད་པར་གྱིས། ཚད་མའི་མཚན་ཉིད་སྤྱི་ལ་ཁྱབ་པ་གཅོད་པ་ནི། ཆེས་ཆེར་མ་གྲུབ་ཕྱིར། སྐྱོན་གྱི་དྲི་མ་དག་ནི་སོ་ན་གནས་སོ། །  དེ་ཡང་། གཞི་ལ་སྦྱར་ན། ཆུ་ཕོར་གཅིག་ལ་བལྟས་པའི་འགྲོ་བ་རིགས་དྲུག་གི་མཐོང་སྣང་མི་གཅིག་པ་ལྟ་བུའོ། །  འོ་ན། དེ་ཉིད་ཅི་ཞིག་གིས་སམ་ཞེ་ན། རང་རང་ལས་གྲུབ་ཀྱི་བློ་ཡིས་སོ། ། ཇི་ལྟར་དུ་བསླུ་མེད་དམ་ཞེ་ན། འདི་སྟེ། རང་བཞིན་གྲུབ་པ་མེད་པའི་སྣང་བྱ་གཅིག་དེ་ཉིད། ཁམས་དབང་མི་གཅིག་པའི་རིགས་དྲུག་གི་མིག་ཤེས་ལ་སྣང་བ་དེའི་ཚེ། རང་རང་ངོས་ཀྱི་འཁྲུལ་བ་མ་ཞུགས་པའི་སྣང་ཚུལ་དྲུག་སོགས་འབྱུང་ཞིང་། དེ་ཉིད་དེ་ལ་བསླུ་བ་མེད་པ་དེས་སོ། །  དེ་ཡང་གསལ་བར་བཤད་ན། འཇལ་བྱེད་ཀྱི་བློ་ཡིས་ཡུལ་གྱི་ཆོས་དང་། ཡུལ་གྱི་ཆོས་ཀྱིས་བློ་སྟེ། ཕན་ཚུན་ལྟོས་ལྡན་གྱི་བསླུ་མེད་ཉིད་ལ། ཚད་མ་ཞེས་བྱ་བར་འཇོག་ཅིང་། གཞལ་བྱ་ཚད་མ་དང་། འཇལ་བྱེད་ཚད་མ་ཞེས་བྱ་བར་ཡང་འཇོག་གོ ། དེ་དེ་བཞིན་དུ། ཡུལ་དོན་ཅི་ཞིག་མཐོང་བར་བྱ་བ་ལ་ཡང་། ཅི་མཐོང་བར་བྱ་བའི་ཡུལ་ལམ། གང་གིས་མཐོང་བྱེད་ཀྱི་ཤེས་པ། ཤེས་གང་གང་ལ་བསྟེན་པའི་གཞི་སྟེ། མིག་སོགས་དབང་དྲུག་ལ་སོགས་དང་། གང་དེའི་ཆར་གྱུར་གྱི་དེ་མ་ཐག་རྐྱེན་དང་བཅས་པ་རྣམས། ཕན་ཚུན་ལ་རབ་ཏུ་ལྟོས་ཤིང་། སྐད་ཅིག་གཅིག་ལ་མཚམས་སྦྱར་བའི་ཉེར་ལེན་ལས། རང་འབྲས་ཚད་མ་ཅོག་འབྱུང་བར་སྲིད་མོད་ཀྱི། ཡུལ་དུས་ཐམས་ཅད་དུ། གསར་དུ་མི་བསླུ་བའི་རིག་པ་ཉིད། ཚད་མའི་མཚན་ཉིད་ཡང་དག་ཏུ་འདོད་པ་ནི། ཤིན་ཏུ་ནས་ཐལ་བར་གྱུར་པས། འཇིག་རྟེན་མཐུན་སྣང་བཞིན་དུ། རྟོག་གེ་སྨྲ་བའི་དབང་པོོ་དག་གིས་ཀྱང་། སྒྲིབ་ཅིང་ཟག་པ་དང་བཅས་པའི་ཚེ་ན། བྱིངས་བློའི་འཇུག་པ་དང་སྒོ་བསྟུན་བགྱིས་ན་རབ་ཏུ་མཛེས་སོ། །
གསུམ་པ། སྡེ་བདུན་གྱི་ཡན་ལག་གཞན་ལས་བྱུང་བའི་ཚད་མའི་མཚན་ཉིད་ལ་དཔྱད་པ།

(གཅིག) རྣམ་ངེས་ལས་བྱུང་བའི་ཚད་མའི་མཚན་ཉིད་ལ་དཔྱད་པ།

《ཚད་མ་རྣམ་པར་ངེས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ》ལས། ཡང་དག་པའི་ཤེས་པ་དེ་ནི་རྣམ་པ་གཉིས་ཏེ། མངོན་སུམ་དང་ནི་རྗེས་སུ་དཔག་པའོ། ། འདི་དག་གིས་དོན་ཡོངས་སུ་བཅད་ནས་འཇུག་པ་ན། དོན་བྱ་བ་ལ་བསླུ་བ་མེད་པའི་ཕྱིར་རོ། །⑥ ཞེས་གསུངས་ཏེ། མངོན་སུམ་གྱི་རྒྱུན་དུ་གྱུར་པའི་མངོན་སུམ་ཚད་མ་དང་། རྗེས་དཔག་གི་རྒྱུན་དུ་གྱུར་པའི་རྗེས་དཔག་ཚད་མ་གང་དུ་གྱུར་ཀྱང་བླ་ཡི། ཚད་དམ་ཚད་མིན་གྱི་རྣམ་དབྱེའི་ཁྱད་ནི། ཡུལ་གང་ཉིད་བློ་དེས་གསར་དུའམ། བཅད་མིན་གྱི་ཚུལ་གྱིས་རྟོགས་པ་ཙམ་ལ་འཇོག་པ་མ་ཡིན་པར། བློ་དེ་ཉིད་ཡུལ་དོན་གང་དེར་མི་བསླུ་བའི་སྒོ་ནས་འཇོག་པར་མཛད་དོ། །

        ཁོ་བོས་འདིར། ཙམ་གྱི་སྒྲ་ཉིད། ཚིག་གི་ཟུར་དུ་དམིགས་ཀྱིས་འགོད་པ་ལ། རྣམ་དག་དགོས་པ་ཕྲུགས་གཅིག་དང་ལྡན་ཞིང་། དེ་ཡང་། གང་དེའི་ཕྲུགས་ཆ་སྔ་མའི་དགོས་དོན་ནི། མི་བསླུ་བའི་ཤེས་པ་ཙམ་གྱིས་ཚད་མ་མི་འགྲུབ་ཅིང་། བརྒྱ་ལ་གྲུབ་ཏུ་སྲིད་ཀྱང་། སྐྱོན་དང་བཅས་པ་བཟློག་ཕྱིར་དང་། གང་དེའི་ཕྲུགས་ཆ་ཕྱི་མའི་དགོས་དོན་ནི། མི་བསླུ་བའི་ཤེས་པ་ཙམ་ཞིག་ཚད་མར་བགྱིས་པས། མདོ་དང་སྡེ་བདུན་གཞུང་གི་འབྲུ་དང་འགྲེལ་གྱིས་མི་འཚིག་ཅིང་། ཡང་དག་པའི་དོན་ཉིད་སྟོན་པ་ལ་རིགས་པ་རྣམས་ཀྱིས་མི་གནོད་པས། ཡོངས་ཁྱབ་མཚན་ཉིད་དུ་རིགས་པ་སྟོན་ཕྱིར་རོ། །  གཞན་དུ་ན། ༡.གསར་དུ་མི་བསླུ་བའི་རིག་པ་ཁོ་ན་ཚད་མའི་མཚན་ཉིད་དུ་འདོད་པ་བཟློག་ཚུལ་ལ། འདི་སྟེ། སྐད་ཅིག་དང་པོ་ཉིད་དམ། གསར་དུ་རྟོགས་པ་ཉིད་ཀྱི་མི་བསླུ་བའི་རིག་པ་འབའ་ཞིག་ཚད་མ་དང་། སྐད་ཅིག་དང་པོ་འདས་པའི་རྒྱུན་ཕྱི་མ་རྣམས་སམ། བཅད་པའི་ཤེས་པའམ། དྲན་པའི་བློ་སོགས་ལ། གསར་དུ་རྟོགས་པའི་དོན་དང་མི་ལྡན་ཕྱིར། ཚད་མ་མིན་པ་ཉིད་དུ་ཐལ་འགྲོ་ན། སར་བཅས་སྲིད་པ་གསུམ་ན་འཚོ་བའི་མ་དག་སྐྱེ་འགྲོའི་བློ་ཇི་སྙེད་མཆིས་སོ་ཅོག་ལ། ཚད་མ་ལྡན་པ་སྲིད་མཐའ་ཙམ་དུ་མཐོང་བས། འཇིག་རྟེན་འདི་སྣང་གི་བློའི་ཆོས་ཉིད་རྣམས་ལས་རིང་དུ་གྱེས་པར་འགྱུར་རོ། །

        ༢.མི་བསླུ་བའི་རིག་པ་ཉིད་དེ་ཚད་མའི་མཚན་ཉིད་དུ་སྒྲུབ་ཚུལ་ལ། འདི་སྟེ། མི་བསླུ་བའི་རིག་པ་ཙམ་ཞིག་མཚན་ཉིད་དོན་མཐུན་དུ་བཞག་པས། ཁམས་གསུམ་འཁོར་བའི་གནས་ཀྱི་སྐྱེ་རྒུ་ཡོད་དོ་ཅོག་གི་བློའི་རྒྱུད་ལ། ཡུལ་དུས་ཐམས་ཅད་དུ། རང་རང་ངོས་ཀྱི་ཚད་མ་སྐྱེ་བར་འགྱུར་བས། མ་དག་དུས་ཀྱི་ཡུལ་དྲུག་འཛིན་པའི་རྣམ་ཤེས་ནས། དག་མཐའ་ཡེ་ཤེས་ཆོས་སྐུ་བརྙེས་པའི་བར་དུ། མི་བསླུ་བའི་རིག་པ་སྟེ། ཚད་མ་ཡོད་པ་བསྙོན་མེད་དུ་འགྲུབ་བོ། །

(གཉིས) གཏན་ཚིགས་ཐིགས་པ་ལས་བྱུང་བའི་ཚད་མའི་མཚན་ཉིད་ལ་དཔྱད་པ།
        《གཏན་ཚིགས་ཀྱི་ཐིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ》ལས། དོན་བྱེད་པ་དོན་དུ་གཉེར་བ་རྟོགས་པ་དང་ལྡན་པ་ཐམས་ཅད་ནི་ཚད་མ།⑦ཞེས་སུ་གསུངས་པ་ལས། ཚིག་དོན་ཕྱེད་སྔ་མ་སྟེ། དོན་བྱེད་པ་དོན་དུ་གཉེར་བ། ཞེས་པའི་དོན་ནི། རྟོག་པ་རྒྱུད་ལྡན་གྱི་སྐྱེ་བོས། མིག་སོགས་རྣམ་ཤེས་དྲུག་ལ་བརྟེན་ཏེ། གཟུགས་སོགས་ཡུལ་དྲུག་ཉམས་སུ་མྱོང་བའམ། དོན་དུ་གཉེར་བ་དེའི་ཚེ་ན། ཞེས་པར་འགྲེལ་རིགས་ཤིང་། ཚིག་དོན་ཕྱེད་ཐ་མ་སྟེ། རྟོགས་པ་དང་ལྡན་པ། ཞེས་པས་ནི། ཡུལ་དོན་རྟོགས་པ་སྟེ། མིག་གིས་གཟུགས་བཞིན་དུ། རྣ་བས་སྒྲ་དང་།
སྣ་ཡིས་དྲི། ལྕེ་ཡིས་རོ་དང་། ལུས་ཀྱིས་རེག་པ། ཡིད་ཀྱིས་ཆོས་སོགས་ཡང་དག་པར་འཛིན་པ་ཉིད་དམ། རྟོགས་པ་ཉིད་ཀྱི་དོན་ནོ། ། ཞེས་པར་བསྟན་ཏེ། བློས་རྟོགས་པ་ཙམ་ཞིག་ཚད་མའི་མཚན་ཉིད་དུ་བླ་དྭགས་པར་རིགས་སོ། ། དེ་ཡང་། གཞུང་ཚིག་འདི་ཉིད་དུ། ཚད་མའི་མཚན་ཉིད་ལ། བློས་རྟོགས་པ། ཞེས་བྱ་བའི་ཐ་ཚིག་སྦྱར་བ་ཉིད་ཀྱིས། དོན་རྟོགས་པའི་བྱེད་པ་དང་ལྡན་ན། བཅད་དང་དྲན་པ་སོགས་ཀྱང་ཚད་མར་འདོད་པས་ན། འོག་ཐོས་དམན་གྱི་བྱིས་པ་ནས། གོང་ཐོས་ལྡན་གྱི་རིགས་སྨྲ་བ་ཚུན་ལ། མཚན་ཉིད་འཁྲུལ་མེད་ཀྱི་སྒོ་གླེགས་གསར་དུ་ཕྱེ་བར་གྱུར་ཏོ། ། དེ་ལྟ་ན། རང་སྡེའི་མཁས་པ་ཁ་ཅིག་གིས། ཚད་མ་ལ་གསར་རྟོགས་ཁོ་ནས་ཁྱབ་ཅིང་། གསར་དུ་རྟོགས་པ་མེད་ན། བཅད་སོགས་ལྟ་ཅི། དོན་ལ་བསླུ་བ་མེད་པས། མི་བསླུ་བ་ཉིད་དམ། ཡུལ་དོན་རྟོགས་པས། ཚད་མ་ཉིད་དུ་གྲུབ་ཀྱང་། སྔ་མ་ཁོ་ན་བཞིན་དུ། ཚད་མིན་དུ་མཛད་ཅིང་། དངོས་བརྒྱུད་ཀྱི་རིགས་པས་བྲེས་ཏེ། ཚད་མ་མ་ཡིན་པ་ཉིད་དུ་ཐལ་འགོག་བགྱི་བ་འདིས། དོན་དམ་པར་ནི། ཁམས་དབང་ལ་སུན་ཕྱུང་ཞིང་།
ཀུན་རྫོབ་ཀྱི་ཆོས་རྣམས་བཀག་སྟེ། རང་རྒྱུད་བརླག་པར་བརྩམས་པ་ཡིན་པས། ཡུལ་དོན་རྟོགས་པ་ཉིད་ཀྱང་། རྒྱུའི་དབང་གིས་ཏེ། མི་བསླུ་བློ་ཡི་ཕྱིར་ན་ཚད་མར་འཐད་དོ། །

(གསུམ) རྒྱུད་གཞན་གྲུབ་པ་ལས་བྱུང་བའི་ཚད་མའི་མཚན་ཉིད་ལ་དཔྱད་པ།
        《རྒྱུད་གཞན་གྲུབ་པ》རུ། རང་གི་ངོ་བོ་མི་འཛིན་ཀྱང་། མངོན་པར་འདོད་པའི་དོན་ལ་མི་བསླུ་བས་ཚད་མ་ཉིད་ཡིན་པའི་ཕྱིར་རོ། །⑧ཞེས་པའི་དོན་ནི། འཇལ་བྱེད་གང་ཞིག་གིས། ཡུལ་གང་ཞིག་གཞལ་བར་བྱ་བའི་ཚེ་ན། འཇལ་བྱེད་ཉིད་དེ། རང་གི་མཚན་ཉིད་ཀྱིས་སམ། ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པ་བཞིན་དུ། ཡུལ་སོགས་ཀྱང་རབ་ཏུ་མ་གྲུབ་མོད་ཀྱི། ཤེས་པ་རྒྱུད་ལྡན་གྱི་གང་ཟག་གང་ཞིག་གིས། རང་གི་མངོན་འདོད་གྱི་དོན་ཏེ། ཐ་སྙད་པར་གྱུར་པའི་ཇི་སྙེད་པ་དང་། ཇི་ལྟ་བའི་ཡུལ་དོན་གང་ཞིག བློའི་ཡུལ་དུ་ཇི་ལྟར་སྣང་བ་ལྟར་དུ། མ་ལོག་པའི་དམིགས་རྣམ་ཡང་དག་ཏུ་འཛིན་ཅིང་། དེ་ཡང་། དེར་བཟུང་གི་དམིགས་དོན་གང་དེ། དེ་འཛིན་གྱི་བློ་ལ་བསླུ་བ་མེད་པ་ཉིད་དུ་སྣང་བ་ལྟར་དུ། དེ་འཛིན་གྱི་བློས་ཀྱང་། དེར་བཟུང་གི་དམིགས་དོན་གང་ཉིད་བསླུ་བ་མེད་པ་ཉིད་དུ་བཟུང་སྟེ། མི་བསླུ་བ་ཞེས་བྱ་བའི་བའི་ཐ་ཚིག་འདི་ཉིད། ཡུལ་དང་ཡུལ་ཅན་ཟུང་ལ་མཐུན་མཉམ་དུ་འཇུག་པར་འདོད་པ་ནི། ཚད་མའོ། ། ཞེས་སུ་འགྲེལ་རིགས་ཤིང་། དེ་ལྟར་དུ་བཀྲལ་བས། དག་པའི་སྐྱེ་བོ་རྣམས་ནི་ལྟ་ཅི། མ་དག་པའི་སྐྱེ་བོ་སྟེ། ལྷ་ཆབ་སྣག་ཁྲག་ཏུ་འཛིན་པའི་ཡི་དྭགས་རྣམས་ཀྱི་མིག་ཤེས་སོགས་ཀྱང་། མི་བསླུ་བ་ཡི་རྒྱུ་ཉིད་ཀྱིས། ཚད་མར་ཅི་ལ་སྲིད་མ་ཡིན། དེས་ན། གསར་དུ་མི་བསླུ་བའི་ཤེས་པ་འབའ་ཞིག་ཚད་མར་བསྒྲུབ་སྟེ། གསར་རྟོགས་མེད་པའི་མི་བསླུའི་ཤེས་པའམ། མི་བསླུ་ཙམ་པོ་བ་སོགས་ཚད་མིན་དུ་གཅོད་པ་ནི། ཆེས་ཆེར་ཕྱོགས་སུ་ལྷུང་ཕྱིར། མ་ཁྱབ་སྐྱོན་གྱི་དྲི་མ་དང་བཅས་སོ། །

ཞི་པ། མཐའ་དཔྱོད་པ།
        《ཚད་གྲུབ་ལེའུ》རུ། མི་བསླུ་སྒྲ་ལས་བྱུང་བ་ཡང་། ། མངོན་པར་འདོད་པ་སྟོན་ཕྱིར་རོ། ། སྨྲ་བ་པོ་ཡི་བྱེད་པའི་ཡུལ། ། དོན་གང་བློ་ལ་རབ་གསལ་བ། ། དེ་ལ་སྒྲ་ནི་ཚད་མ་ཉིད། །⑨ཅེས་གསུངས་ཏེ། རང་རེས་རྗོད་པ་དག་ཀྱང་། དོན་གང་བློ་ལ་རབ་ཏུ་གསལ་བྱེད་ཉིད་དམ། བརྗོད་དོན་ལ་བསླུ་མེད་ཉིད་དུ་འགྱུར་ན། ཚད་མར་བཞེད་མོད་ཀྱི། འོན་ཏེ། ཁ་ཅིག ད་དུང་ཡང་། གསར་དུ་མི་བསླུ་བའི་རིག་པ་ཁོ་ན་ཉིད་དེ། ཡང་དག་པའི་ཚད་མའི་མཚན་ཉིད་དམ། ཁ་ན་མ་ཐོ་བ་མེད་པའི་མཚན་ཉིད་འཁྲུལ་མེད་དུ་བཟུང་སྟེ། ཨུ་ཚུགས་འབའ་ཞིག་གིས་དམ་བཅའ་བ་ནི། ཕྱོགས་ལྷུང་གི་རྒྱུར་ཟད་པས། རིགས་པའི་སྤང་བྱ་ཉིད་ཀྱི། རྒྱན་དུ་འགལ་ལོ། །
        ཡང་། 《རྣམ་བཤད་རིགས་པའི་རྒྱ་མཚོ》ལས། འདིར་ཚད་མའི་མཚན་ཉིད་མི་བསླུ་བ་ནི། འཇིག་རྟེན་ན་ཇི་ལྟར་འདོད་པ་བཞིན་དུ་བཞེད་དོ། ། ཞེས་སྔ་མ་ཁོ་ནའི་དོན་བཞིན་དུ། མི་བསླུ་བ་ཙམ་ཞིག ཚད་མའི་མཚན་ཉིད་ཡང་དག་ཏུ་བསྟན་ཏེ། གསར་རྟོགས་ཕྱོགས་སྔར་འགོད་ཅིང་འགོག་པ་ཉིད་ཀྱང་། གསར་དུ་མི་བསླུ་བའི་རིག་པ་དེ། ཚད་མའི་མཚན་ཉིད་དུ་མི་རུང་བས་སམ། བཀོད་པ་འགལ་བས་མ་ཡིན་པར། མཚན་ཉིད་གཅིག་ཏུ་ཁྱབ་པ་སུན་དབྱུང་བའི་ཕྱིར་རོ། །
        གཞན་དུ་ན། 《རྣམ་འགྲེལ་མངོན་སུམ་ལེའུ》རུ། བསམ་པ་ལ་ནི་བསླུ་མེད་ཕྱིར། ། འཁྲུལ་བ་ཡིན་ཡང་ཚད་མ་ཡིན། །⑩ ཞེས་སོགས་བསྟན་ཅིང་། དོན་ནི། བསླུ་མེད་བློ་ཡིས་ཁྱབ་པ་གཙིགས་སུ་མཛད་དེ། རང་རྒྱུད་ལ་བསླུ་བ་མེད་ན། གཞན་རྒྱུད་ལ་བསླུ་བར་གྲུབ་ཀྱང་། ཚད་མར་བཅས་ཤིང་།
རང་རྒྱུད་ལ་བསླུ་བར་གྱུར་ན། གཞན་རྒྱུད་ལ་བསླུ་མེད་གྲུབ་ཀྱང་། ཚད་མིན་དུ་བསྒྲུབས་ཏེ། བསམ་པ་ལ་མི་བསླུ་བ་འབའ་ཞིག་ཚད་མའི་མཚན་ཉིད་དུ་འགོད་ཅིང་། ཚུལ་དེ་བཞིན་དུ། གཞི་དྲི་མ་མེད་པ་སྟེ། ཟླ་གཅིག་ཟླ་གཉིས་ལྟ་བུའི་སྣང་བ་དག་ཀྱང་། བྱིངས་བློར་གྲུབ་པ་མེད་ཀྱང་། དེ་འཛིན་བློ་ལ་བསླུ་མེད་ཁོ་ན་སྟེ། ཚད་མ་ཉིད་དུ་བརྗོད་དེ། གསར་དུ་མི་བསླུ་བའི་རིག་པ་ཉིད་ཀྱིས། ཚད་མ་སྤྱི་ཡི་མཚན་ཉིད་བགྱི་བ་བཟློག་པར་མཛད་དོ། །
        མདོར་ན། རང་སྡེའི་རྟོག་གེ་སྨྲ་བ་ཁ་ཅིག་གི་ལུགས་བཞིན་དུ། མི་བསླུ་བ་དང་། གསར་རྟོགས་ཟུང་གི་གོ་ཆ་ཀུན་ཏུ་བགོས་ཤིང་། དེ་ཉིད་འཐད་སྒྲུབ་ཀྱི་ཞལ་ལྕེའི་འཕྲུལ་གྱི་སྟོབས་ལ་བརྟེན་ཏེ། རིགས་དྲུག་གི་བློའི་རྒྱལ་ཁམས་ཀུན་ཏུ། འཁྲུལ་མེད་དམ་བཅའི་རྒྱལ་སྲིད་བཙུགས་ཤིང་། ཆིག་ཁྱབ་ཀྱི་སྒྲུབ་བྱེད་འགོད་པ་ནི། དག་པར་མ་མཐོང་བས། ཐ་མལ་གྱི་བློ་དང་ལྡན་པ་རྣམས་ཀྱིས་ནི། བསླུ་མེད་པ་ཡི་གསར་རྟོགས་ཁོ་ན་ཉིད། ཚད་མའི་མཚན་ཉིད་དུ་འདོད་པའི་བློའི་ར་རི་མཐའ་དག་རིང་དུ་དོར་ཅིང་། རང་རྒྱུད་དང་སྒོ་ཅི་བསྟུན་གྱིས། མི་བསླུ་བའི་རིག་པ་ཙམ་གྱི་འཁོར་གསུམ་བགོ་བ་ནི། རིག་འཛིན་ཚད་མའི་འཁོར་ལོས་བསྒྱུར་རྒྱལ་མཆོག་ལ། རྨད་བྱུང་དགེ་བའི་རྒྱལ་སྲིད་སྣ་བདུན་དུ་འཁུམས་ཕྱིར། ཇི་བཞིན་དེ་ལ་གོ་བ་འདྲོངས་ཤིང་། ཚུལ་བཞིན་ཡིད་ལ་དཔྱོད་པ་ནི། ཚད་མ་བསླུ་མེད་ཅན་དུ་སྲུང་བ་དང་། གསར་རྟོགས་ཁོ་ནའི་གོལ་ལམ་ལས་བཟློག་པའི་འཕྲུལ་ཐབས་དམ་པའོ། །


དཔྱད་གཞིའི་ཡིག་ཆ།

[1] སློབ་དཔོན་ཕྱོགས་ཀྱི་གླང་པོ། ཚད་མ་ཀུན་ལས་བཏུས་པ་ཞེས་བྱ་བའི་མདོ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2018
[2] སློབ་དཔོན་ཕྱོགས་ཀྱི་གླང་པོ། ཚད་མ་ཀུན་ལས་བཏུས་པའི་འགྲེལ་པ་བཞུགས་སོ། ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2013
[3] སློབ་དཔོན་ཕྱོགས་ཀྱི་གླང་པོ། ཚད་མའི་བསྟན་བཅོས་རིགས་པའི་སྒོ་ཞེས་བྱ་བཞུགས་སོ། །[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2013
[4] སློབ་དཔོན་ཆོས་ཀྱི་གྲགས་པ། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2013
[5] སློབ་དཔོན་ཆོས་ཀྱི་གྲགས་པ། ཚད་མ་རྣམ་འགྲེལ་གྱི་རང་འགྲེལ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2013
[6] སློབ་དཔོན་ཆོས་ཀྱི་གྲགས་པ། ཚད་མ་རྣམ་པར་ངེས་པ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2013
[7] སློབ་དཔོན་ལྷ་དབང་བློ། ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། [M] མི་རིགས་དཔེ་སྐྲུན་ཁང་། 1988
[8] སློབ་དཔོན་ཕྱོགས་ཀྱི་གླང་པོ་སོགས་ཀྱིས་མཛད། ཚད་མ་རིག་པའི་སྐོར་གྱི་རྒྱ་གཞུང་རྩ་འགྲེལ་བདམ་བསྒྲིགས། དེབ་དང་པོ། [M] མི་རིགས་དཔེ་སྐྲུན་ཁང་། 1988
[9] སློབ་དཔོན་ཕྱོགས་ཀྱི་གླང་པོ་སོགས་ཀྱིས་མཛད། ཚད་མ་རིག་པའི་སྐོར་གྱི་རྒྱ་གཞུང་རྩ་འགྲེལ་བདམ་བསྒྲིགས། དེབ་གཉིས་པ། [M] མི་རིགས་དཔེ་སྐྲུན་ཁང་། 1988
[10] སློབ་དཔོན་ཕྱོགས་ཀྱི་གླང་པོ་སོགས་ཀྱིས་མཛད། ཚད་མ་རིག་པའི་སྐོར་གྱི་རྒྱ་གཞུང་རྩ་འགྲེལ་བདམ་བསྒྲིགས། དེབ་གསུམ་པ། [M] མི་རིགས་དཔེ་སྐྲུན་ཁང་། 1988


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1