2019ལོའི་ཇོ་མོ་གླང་མའི་ཀྲུང་གོའི་རི་འཛེག་དུས་ཚིགས་མཇུག་འགྲིལ་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-05


འདི་ནི་རི་འཛེག་བ་གསུམ་ས་བབ་མཐོ་ཚད་སྨི་6000ཙམ་ཡོད་པའི་ཇོ་མོ་གླང་མའི་རོང་ཕུ་འཁྱག་རོམ་མཆོད་རྟེན་དུ་རྐང་ཐང་མར་སྐྱོད་བཞིན་པ།
     ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། 2019ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཇོ་མོ་གླང་མའི་རི་འཛེག་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཉིན་ཤས་གོང་ལྷ་སར་འཚོགས་པ་རེད། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་2019ལོའི་ཇོ་མོ་གླང་མའི་ཀྲུང་གོའི་རི་འཛེག་དུས་ཆེན་གྱི་འབྲེལ་ཡོད་གྲངས་གཞི་ཁྱབ་བསྒྲགས་བྱས་པ་སྟེ། མི་241གིས་ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཀྱི་ཇོ་མོ་གླང་མའི་བྱང་ངོས་ནས་འཛམ་གླིང་གི་རི་མཐོ་ཤོས་སུ་འཛེགས་པ་དང་ཐེམ་ཁུངས་ཕྱི་རྒྱལ་ནས་ཡིན་པའི་རི་འཛེག་བ་2ལ་ཉེན་ཁ་ཕྲད་པས་བསྐྱབས་པ་དང་ཐེམ་ཁུངས་ཕྱི་རྒྱལ་ནས་ཡིན་པའི་རི་འཛེག་བ་2གཟུགས་པོ་མ་འཕྲོད་པའི་དབང་གིས་གྲོངས་པ་རེད།
     བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་དྲུང་ཆེ་གཞོན་པ་སྲིད་གཞུང་གི་གསར་འགྱུར་མགྲིན་ཚབ་པ་བཀྲ་ཤིས་རྒྱ་མཚོས་ཇོ་མོ་གླང་མ་འཛེག་སྐབས་ཁྱོན་ལམ་ཐིག་20ཡོད་པ་དང་དེའི་ཁྲོད་གཙོ་བོ་ལྷོ་ངོས་དང་བྱང་ངོས་ཀྱི་སྲོལ་རྒྱུན་ལམ་ཐིག་གཉིས་པོ་ཡིན་པ་དང་། བྱང་ངོས་ཀྱི་ལམ་ཐིག་ཀྲུང་གོའི་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་མངའ་ཁོངས་སུ་ཡོད་པ་དང་། ལོ་ལྟར་ཀྲུང་གོའི་ཇོ་མོ་གླང་མ་འཛེག་པའི་བྱེད་སྒོ་དེ་གར་སྤེལ་གྱི་ཡོད་ཅེས་བཤད།
     བཀྲ་ཤིས་རྒྱ་མཚོས་2019ལོའི་བོད་རང་སྐྱོང་ལྗོངས་ཀྱི་དཔྱིད་དུས་ཇོ་མོ་གླང་མ་འཛེག་པའི་བྱེད་སྒོ་མཇུག་འགྲིལ་བ་དང་། བྱེད་སྒོ་སྤེལ་རིང་རི་འཛེག་བ་362ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མ་དང་སྤྱིར་ན་གཅིག་མཚུངས་རེད། དེའི་ཁྲོད་ཐེམ་ཁུངས་ཕྱི་རྒྱལ་ནས་ཡིན་པའི་རི་འཛེག་བ་142དང་། རྒྱལ་ནང་གི་རི་འཛེག་བ་12 ཐེམ་ཁུངས་ནེ་པ་ལ་ནས་ཡིན་པའི་ཤར་པའི་རི་འཛེག་མཐུན་ཚོགས་ཀྱི་མི་208བཅས་ཡོད། ཇོ་མོ་གླང་མར་བདེ་བླག་ངང་འཛེག་མཁན་241ལས་ཐེམ་ཁུངས་ཕྱི་རྒྱལ་ནས་ཡིན་པའི་རི་འཛེག་བ་94དང་། རྒྱལ་ནང་གི་རི་འཛེག་བ་12 ཐེམ་ཁུངས་ནེ་པ་ལ་ནས་ཡིན་པའི་ཤར་པའི་རི་འཛེག་མཐུན་ཚོགས་ཀྱི་མི་108 རྒྱལ་ནང་གི་སྣེ་ཤན་པ་21 རྒྱལ་ནང་གི་ལམ་བཟོ་བའི་ཚོགས་ཆུང་གི་མི་6ཡོད་ཅེས་བཤད།
     མིག་སྔར་རིམ་རྩིས་བྱས་ན་མི་ཐེངས་3019བྱང་ངོས་ནས་ཇོ་མོ་གླང་མར་འཛེགས་ཡོད་པ་རེད།
     ཐེམ་ཁུངས་ཕྱི་རྒྱལ་ནས་ཡིན་པའི་རི་འཛེག་བ་2རི་འཛེག་སྐབས་གཟུགས་པོ་མ་འཕྲོད་པའི་དབང་གིས་མཐར་སྟབས་མ་ལེགས་པར་གྲོངས་པ་དང་བཀྲ་ཤིས་རྒྱ་མཚོས་ཡོངས་བསྒྲགས་ཚོགས་འདུའི་ཐོག་མྱ་ངན་ཞུས་པ་རེད། གཞན་ཡང་ཀྲུང་གོ་ཕྱོགས་ཀྱི་རོགས་སྐྱོབ་མི་སྣས་རི་འཛེག་དུས་ཚིགས་རིང་ས་བབ་མཐོ་ཚད་སྨི་7500ནས་6500བར་གྱི་མཐོ་ཚད་ནས་ཐེམ་ཁུངས་ཕྱི་རྒྱལ་ནས་ཡིན་པའི་རི་འཛེག་བ་གཉིས་བདེ་བླག་ངང་བསྐྱབས་པ་རེད།
     བཀྲ་ཤིས་རྒྱ་མཚོས་རི་འཛེག་བའི་བདེ་འཇགས་དང་རི་འཛེག་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་བའི་འགན་ལེན་བྱ་ཆེད། བོད་རང་སྐྱོང་ལྗོངས་ཀྱིས་སྔ་རྗེས་སུ《བོད་རང་སྐྱོང་ལྗོངས་ཀྱི་རི་འཛེག་སྲོལ་ཡིག》དང་། 《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོལ་ཡིག〉སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱེད་ཐབས》སོགས་ཀྱི་ཁྲིམས་སྲོལ་དང་འབྲེལ་ཡོད་སྲིད་ཇུས་དང་ཡིག་ཆ་བཟོས་ནས་བཏོན་པ་རེད། རི་འཛེག་དོ་དམ་སྡེ་ཚན་གྱིས་ཇོ་མོ་གླང་མའི་རི་འཛེག་བའི་ལོ་ཚད་ལ་བླང་བྱ་བཏོན་པ་སྟེ། རི་འཛེག་བས་ངེས་པར་དུ་མཐོ་ཚད་སྨི་8000ཡན་གྱི་རི་འཛེག་བའི་ཉམས་མྱོང་ལྡན་དགོས་པ་དང་རི་འཛེག་བས་གཞན་ལ་བརྟེན་ནས་ཇོ་མོ་གླང་མར་འཛེགས་མི་ཆོག་པ། ངེས་པར་དུ་ལོ་ལྟར་གྱི་ཟླ་2ཚེས་28ཉིན་གོང་རི་འཛེ་་ཆོག་མཆན་རེ་ཞུ་བྱེད་དགོས་པ། འགྲོ་ལུགས་གཉེར་སྐབས་དོ་དམ་སྡེ་ཚན་གྱིས་རེ་འཛེག་བའི་རི་འཛེག་ལག་ཁྱེར་དང་། རི་འཛེག་སྟངས། རི་འཛེག་ལམ་ཐིག་སོགས་ལ་ཞིབ་བཤེར་གཏན་འཁེལ་བྱེད་དགོས་ཞེས་ངོ་སྤྲོད་བྱས་པ་རེད།
     2019ལོའི་རི་འཛེག་དུས་ཚིགས་རིང་བོད་རང་སྐྱོང་ལྗོངས་ཀྱིས་འཆར་ཅན་ལྟར་རི་འཛེག་གད་སྙིགས་གཙང་སེལ་བྱེད་སྒོ་སྤེལ་ནས་ཆེད་གཉེར་ལས་འགན་གྱི་རི་མཐོའི་ཁོར་ཡུག་སྲུང་སྐྱོང་རུ་ཆེན་དང་རི་འཛེག་སྣེ་ཤན་པ་དང་ཡུལ་དེའི་གྲོང་མི་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་ས་བབ་མཐོ་པོ་ནས་གད་སྙིགས་སྒྲུག་མཁན་ལ་དངུལ་སྨར་གྱི་བྱ་དགའ་སྤྲོད་པ་དང་། སྙིགས་གཞོང་དང་བཙོག་ཆུ་གཙང་གསིང་ཡོ་ཆས་ཉོས་པ་དང་ཁོར་ཡུག་སྲུང་སྐྱོང་སྙིགས་གཞོང་བཟོས་ཏེ་རི་འཛེག་རུ་ཁག་ལ་སྤྲོད་ཀྱི་ཡོད། རི་འཛེག་དུས་ཚིགས་རིང་གད་སྙིགས་ཏུན་10.67གཙང་སེལ་བྱས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1