ལོ་དྲུག་ནང་སྒེར་གྱི་རླངས་འཁོར་ཞིབ་བཤེར་བྱེད་མི་དགོས་པར་ལམ་ལ་ཆས་ཆོག་པའི་གཏན་འབེབས་གསར་པ་ལག་ལེན་བསྟར་རྒྱུ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-14


            ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། སྤྱི་བདེ་པུའུ་དང་རྒྱལ་ཁབ་སྤུས་བཤེར་སྤྱི་ཁྱབ་ཅུས་ཀྱིས་མཉམ་འབྲེལ་བྱས་ནས་རླངས་འཁོར་ཞིབ་བཤེར་སྒྱུར་བཅོས་ཀྱི་བྱ་ཐབས་བཏོན་ནས་ད་ལོའི་ཟླ་བ9པའི་ཚེས་1ཉིན་ནས་བཟུང་བེད་སྤྱོད་ལོ་དྲུག་ནང་ཚུན་དུ་སྒེར་གྱི་རླངས་འཁོར་(ཚོང་གཉེར་ཁྲོད་སྤྱོད་རྒྱུ་མིན་པའི་འཇིབ་ཆུང་དང་འགྲུལ་སྐྱེལ་འཁོར་རིགས་ཆུང་གྲས་དང་ཆེས་ཆུང་གྲས་ཚུད)གཏོང་རིང་ཞིབ་བཤེར་བྱེད་མི་དགོས་པ་རེད།   སྤྱི་བདེ་པུའུའི་འགྲིམ་འགྲུལ་དོ་དམ་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། འབྲེལ་ཡོད་ཀྱི་ཁྲིམས་ལུགས་གཏན་འབེབས་ལྟར་ལོ་གཉིས་རེའི་ཐོག་དུས་གཏན་ཞིབ་བཤེར་རེ་བྱེད་སྐབས་འཁོར་བདག་གིས་རླངས་འཁོར་གཏོང་ཆོག་པའི་ལག་ཁྱེར་དང་། འགྲིམ་འགྲུལ་དོན་རྐྱེན་འགན་འཁྲིའི་བཙན་ཐབས་འགན་བཅོལ། རླངས་འཁོར་དང་གྲུ་གཟིངས་ཀྱི་དཔྱ་ཁྲལ་གཙང་འཇལ་ངོ་སྤྲོད་བཅས་ངེས་པར་དུ་བསྟན་དགོས་པ་དང་ཆབས་ཅིག     འགྲིམ་འགྲུལ་དོན་རྐྱེན་དང་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས་ལས་འགལ་རིགས་ཐག་གཅོད་བྱས་རྗེས་རླངས་འཁོར་དོ་དམ་ཁང་ལ་ཞིབ་བཤེར་བྱས་པའི་མཚོན་རྟགས་ཐད་ཀར་ལེན་དུ་བསྐྱོད་ཆོག   ས་གནས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་རླངས་འཁོར་དོ་དམ་ཁང་དང་། དེའི་ཡན་ལག་ཁང་། འཕྲུལ་འཁོར་རིགས་ཐོ་འགོད་ཞབས་ཞུའི་ས་ཚུགས། འགྲིམ་འགྲུལ་བཅའ་ཁྲིམས་ལས་འགལ་རིགས་ཐག་གཅོད་བྱ་ཡུལ། འཕྲུལ་འཁོར་རིགས་ལག་བརྒྱུད་ཉོ་ཚོང་ཁྲོམ་ར་སོགས་སུ་ཞིབ་བཤེར་མཚོན་རྟགས་སྤྲོད་ས3050ལྷག་ཙམ་བཙུགས་ནས་འཁོར་བདག་ཚོར་ཐག་ཉེ་ས་ནས་རང་དགར་ལེན་རྒྱུར་སྟབས་བདེ་བསྐྲུན་ཡོད།   ད་རེས་ཀྱི་རླངས་འཁོར་ཞིབ་བཤེར་སྒྱུར་བཅོས་ནང་ཨང་རྟགས་ལྕགས་ལེབ་གསར་པ་བསྒར་རྒྱུའི་འཁོར་རིགས་གསར་པར་ཞིབ་བཤེར་བྱེད་མི་དགོས་པ་དང་། འཁོར་རིགས་ཞིང་ཆེན་གཅིག་ནང་ཁོངས་ཀྱི་ས་ཆ་གཞན་དུ་ཡང་ཞིབ་བཤེར་བྱེད་ཆོག་པ། ཞིབ་བཤེར་དུས་ཆད་བཟོ་བ་སོགས་རླངས་འཁོར་ཞབས་ཞུའི་བྱ་ཐབས་གསར་པ་མང་པོ་བཏོན་པ་མ་ཟད། རླངས་འཁོར་ཞིབ་བཤེར་ནན་པོ་མེད་པ་དང་། ཚད་དང་མ་མཐུན་པ། སྟབས་མི་བདེ་བའི་གནད་དོན་ལ་དམིགས་ནས་ཞིབ་བཤེར་སྒྲིག་གཞིའི་ཞིབ་མཆན་འགོད་ལམ་མགྱོ གས་སུ་བཏང་བ་དང་། ཞིབ་བཤེར་སྒྲིག་གཞིའི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ། སྲིད་གཞུང་སྡེ་ཚན་དང་ཞིབ་བཤེར་སྒྲིག་གཞིའི་དབར་འབྲེལ་བ་མེད་པ་བཟོས་པ། སྒྲིག་འགལ་ཁྲིམས་འགལ་གྱི་འགན་འཁྲི་བདའ་འདེད་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་སོགས་ཕྱོགས་མང་པོ་ནས་སྒྱུར་བཅོས་ཀྱི་བྱ་ཐབས་བཏོན་ཡོད།   མིག་སྔར་ས་གནས་ཀྱི་སྤྱི་བདེ་འགྲིམ་འགྲུལ་སྡེ་ཚན་གྱིས་སྤུས་བཤེར་སྡེ་ཚན་དང་མཉམ་དུ་སྒྱུར་བཅོས་ཀྱི་སྲིད་ཇུས་གསར་པ་ཁག་དོན་འཁྱོལ་ནན་ཏན་བྱེད་རིང་ཨང་རྟགས་ལྕགས་ལེབ་བསྒར་རྒྱུའི་འཕྲུལ་འཁོར་རིགས་གསར་པར་ཁྱོན་ཡོངས་ནས་ཞིབ་བཤེར་བྱེད་མི་དགོས་པ་ལག་ལེན་བསྟར་ནས་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་དང་ཆེས་ཆུང་གྲས་དང་དེ་བཞིན་འཇིབ་ཆུང་ཚང་མའི་འཁོར་རིགས་གསར་པའི་ཐོ་འགོད་རིང་ཞིབ་བཤེར་སྒྲིག་གཞིར་བསྐྱོད་ནས་ཞིབ་བཤེར་བྱེད་མི་དགོས།

             དྲང་གཞག་དྲང་བདེན་གྱི་ཞིབ་བཤེར་ཁོར་ཡུག་ཅིག་ཆགས་པ་བྱེད་ཆེད། ས་གནས་སྤྱི་བདེ་དང་སྤུས་བཤེར་སྡེ་ཚན་གྱིས་ཞིབ་བཤེར་སྒྲིག་གཞི་དེ་ཉིད་སྤྱི་ཚོགས་ལ་ཕྱོགས་པ་ལས་ཚོང་གཉེར་མི་བྱ་རྒྱུར་ཁྱོན་ཡོངས་ནས་སྐུལ་མ་བཏང་བར་མིག་སྔར་ཞིབ་བཤེར་སྒྲིག་གཞི་35ལོགས་སུ་གྱེས་ཡོད།

            རླངས་འཁོར་ཞིབ་བཤེར་སྒྱུར་བཅོས་བྱ་ཐབས་དོན་འཁྱོལ་གནད་སྨིན་ཡོང་ཆེད། སྤྱི་བདེ་པུས་རིམ་ཁག་སྤྱི་བདེ་འགྲིམ་འགྲུལ་སྡེ་ཚན་ལ་ལག་ལེན་བསྟར་རྒྱུའི་གྲ་སྒྲིག་ཡག་པོ་བྱས་ཏེ། ཤེས་དགོས་ངེས་ཀྱི་ཞབས་ཞུ་དྲན་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་འགྲོ་ལུགས་བརྒྱུད་རིམ་སྟབས་བདེ་ཡོང་བའི་བཀོད་སྒྲིག་བྱས་པ་མ་ཟད། སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་སྤྱི་བདེ་པུའི་སྲིད་གཞུང་དྲ་ཚིགས་དང་། སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཅུས་ཀྱི་གཞུང་ཕྱོགས་དཔོད་ཕྲན་དང་འཕྲིན་ཆུང་ཐོག་སྤྱི་བདེ་པུའི་འགྲིམ་འགྲུལ་བདེ་འཇགས་ཆ་འཕྲིན་ཡོངས་བསྒྲགས་དང་དེ་བཞིན་ཤིན་ཧྭ་དྲྭ་ཚིགས་དང་སའོ་ཀུའུ་དྲྭ་ཚིགས་སོགས་གཙོ་ཆེའི་དྲྭ་ཚུགས་ཐོག་ཞིབ་བཤེར་རྩིས་རྒྱག་ཡོ་ཆས་ཀྱི་མཉེན་ཆས་བཏོན་པས་མང་ཚོགས་རང་ཉིད་ཀྱིས་འཁོར་རིགས་གཏོང་རིང་ཞིབ་བཤེར་བྱེད་མི་དགོས་པའི་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད་མེད་ལྟ་རྒྱུར་སྟབས་བདེ་བསྐྲུན་ཡོད།

 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1