གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༦ཚེས་༠༦ཉིན།

མཛེས་པའི་འཁྱགས་རོམ་གྲོང་གསེབ་དར་སྤེལ་གྱི་གསེར་རི་དངུལ་རིར་བསྒྱུར་ཡོད།

     བོད་ལྗོངས་སྤོ་བོ་རྫོང་མཁར་ནས་ཁྲོན་བོད་གཞུང་ལམ་བརྒྱུད་ཤར་ཕྱོགས་སུ་རླངས་འཁོར་བཏང་ནས་སྤྱི་ལེ་110བསྐྱོད་ན། ལམ་བར་དུ་སྦྱར་སྡོང་དང་ལྕང་མ་ཕར་གཡོ་ཚུར་གཡོ་བྱེད་བཞིན་ཡོད་ལ་གསོམ་སྡོང་དང་ཤུག་པ་སྔོ་ཐིང་ཐིང་དུ་མངོན་པས། རང་བྱུང་གི་དབྱང་རླུང་འཛོམས་པའི་ལུང་པ་འདིས་མིའི་ལུས་སེམས་གཉིས་ཀར་སྐྱིད་པའི་ཚོར་བ་ཞིག་སྤྲོད་ཐུབ། གཞུང་ལམ་ནས་ལྷོ་ཕྱོགས་སུ་རླངས་འཁོར་སྤྱི་ལེ་7བཏང་ཚེ། རྨིག་སྟོད་འཁྱགས་རོམ་གྱི་འདབས་སུ་གནས་པའི་གཡུ་ཕུག་ཤང་རྨིག་སྟོད་གྲོང་ཚོར་སླེབས། གསར་འགོད་པས་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་མཁན་དང་། རྐང་འཁོར་ཞོན་མཁན། ཡུལ་སྐོར་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་སོགས་ཀྱིས་གྲོང་ཚོའི་མདུན་གྱི་ཐང་ཆེན་གང་ཡོད་ཅིང་། བཟོ་རྩལ་ཐོན་རྫས་དང་ཞིང་ལས་ཁྱད་ལྡན་ཐོན་རྫས་འཚོང་མཁན་གྱི་ཚོང་འགུག་འབོད་སྒྲས་ཁེངས་ཡོད་པ་མཐོང་།
      སྤོ་བོ་རྫོང་ནི་བོད་ལྗོངས་ཤར་ལྷོའི་རྒྱུད་དུ་ཆགས་ཡོད་ཅིང་། མཚོ་བོད་མཐོ་སྒང་གི་འཁྱགས་རོམ་གཅིག་སྡུད་ཁུལ་ཆེ་ཤོས་དེར་ཡོད་པ་རེད། རྫོང་ཁོངས་སུ་འཁྱགས་རོམ་2000ལས་བརྒལ་བས་འཛམ་གླིང་གིས་ཁས་ལེན་པའི་“འཁྱགས་རོམ་གྱི་ཕ་ཡུལ”དེ་ཡིན། 

     ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་གོ་རིམ་ཁྲོད། སྤོ་བོ་རྫོང་གིས་སྣོད་བཅུད་སྔོན་ལ་འཇོག་པ་དང་། ལྗང་མདོག་འཕེལ་རྒྱས་སྟོན་ཕྱོགས་སུ་བྱས་ཏེ། ནུས་ཤུགས་ཡོད་རྒུས་འཁྱགས་རོམ་ལྟ་སྐོར་གྱི་སྤུས་རྟགས་བཟོས་པའི་དུས་མཉམ་དུ། ཁོར་ཡུག་སྲུང་སྐྱོང་གི་བྱ་ཐབས་ནན་པོ་སྤྱད་དེ། མིའི་རིགས་ཀྱི་བྱེད་སྒོས་སྣོད་བཅུད་ལ་ཤུགས་རྐྱེན་ཕོག་ཚད་དམའ་ཤོས་སུ་གཏོང་རྒྱུ་འགན་ལེན་བྱས་ཏེ། འཁྱགས་རོམ་མཛེས་ཤོས་དེ་ཞིང་འབྲོག་མི་དམངས་ཕྱུག་པོ་ཆགས་བྱེད་ཀྱི་གསེར་རི་དངུལ་རིར་བསྒྱུར་ཡོད། 


     གསར་འགོད་པས་ཡུལ་སྐོར་བ་མཛེས་ལྗོངས་ཁུལ་དུ་བསྐྱོད་རྗེས། ངེས་པར་དུ་རླངས་འཁོར་ས་ཁོངས་ངེས་གཏན་ནང་འཇོག་དགོས་ཤིང་། འཁྱགས་རོམ་གྱི་ཉེ་སར་བཅར་བར་རྐང་ཐང་ངམ་ཡང་ན་རྟ་བཞོན་ནས་བསྐྱོད་དགོས་ལ། ཡུལ་སྐོར་བ་སྔར་ལས་མང་པོར་འཁྱགས་རོམ་གྱི་མཛེས་པར་རོལ་མྱོང་བྱེད་བཅུག་པ་དང་། མང་ཚོགས་སྔར་ལས་མང་པོར་སྣོད་བཅུད་ཡུལ་སྐོར་ཁྲོད་ནས་ཁེ་བཟང་རག་བཅུག་པ་མཐོང་ཡོད། ལོ་55ལ་སླེབས་པའི་གྲོང་མི་བཀྲ་ཤིས་རྣམ་རྒྱལ་གྱིས་རྟ་ཁྲིད་དེ་འགྲུལ་པ་ཕར་འགྲོ་ཚུར་འོང་ལན་གཅིག་སྐྱེལ་མ་ཐག་ཡིན་ཞིང་། ཆུ་ཚོད་ཕྱེད་ཙམ་ལ་ངལ་གསོས་རྗེས་སླར་ཡང་འགྲུལ་བ་སྐྱེལ་ལེན་ལ་འགྲོ་དགོས། ཁོང་གིས“ཡུལ་སྐོར་བས་རྟ་བཞོན་ན་མི་རེས་སྒོར་100སྤྲོད་དགོས་པ་དང་། རྟ་བ་དུད་ཚང་རེའི་ལོ་རེའི་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་ཡིན་”ཞེས་བརྗོད། ཁོང་གིས་ཁྱིམ་མི་གསུམ་མཛེས་ལྗོངས་ཁུལ་དུ་ལས་ཀ་བྱེད་ཀྱི་ཡོད་ལ། ལོ་རེའི་ཡོང་འབབ་སྒོར་ཁྲི་12ཡན་ཟིན་གྱི་ཡོད་ཅེས་བཤད། 
     སྤོ་བོ་རྫོང་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཆུས་ཡུང་ཧུའེ་ཡིས་ངོ་སྤྲད་པར་གཞིགས་ན། ས་གནས་དེ་གའི་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་3000ལྷག་ཙམ་བཏང་ནས་རྨིག་སྟོད་འཁྱགས་རོམ་གསར་སྤེལ་བྱས་པ་དང་། 2007ལོར་ཕྱི་ཕྱོགས་སུ་ཚོང་གཉེར་བྱས་ཏེ་འཛིན་བྱང་རེར་སྒོར་50བྱས་ཡོད། 2014ལོར་སྤོ་བོ་རྫོང་གྲོང་ནས་དཔའ་ཤོད་རྫོང་བར་གྱི་རྒྱལ་ལམ་རིམ་སྤོར་སྒྱུར་བཀོད་བྱས་ནས་སྣུམ་ནག་ལམ་ཐོག་མར་ཤར་གཏོང་ཐུབ་པ་དང་། 2015ལོར་མ་དངུལ་སྒོར་ཁྲི་2600བཏང་སྟེ་རྒྱལ་ལམ་ནས་རྨིག་སྟོད་གྲོང་ཚོའི་བར་གྱི་ཨར་འདམ་ལམ་བསྐྲུན། ན་ནིང་། མཛེས་ལྗོངས་ཁུལ་དུ་ལྟ་སྐོར་རླངས་འཁོར་གྱི་ཞབས་ཞུ་མཁོ་འདོན་བྱེད་འགོ་ཚུགས་ཤིང་། མིག་སྔར་ཡུལ་སྐོར་བ་རྣམས་རྟར་ཞོན་པ་དང་། རྐང་ཐང་དུ་སྐྱོད་པ། ལྟ་སྐོར་རླངས་འཁོར་ལ་སྡོད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་ལྗོངས་གཟིགས་སྟེགས་བུར་འབྱོར་ཐུབ།

     རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་ཚང་དུ་ཕྱིན་པ་དང་། ཡུལ་སྐོར་ཞབས་ཞུ་རྒྱུན་ཆད་མེད་པར་རིམ་པ་འཕར་བས། རྨིག་སྟོད་འཁྱགས་རོམ་ལ་དགའ་མོས་བྱེད་ཚད་ཆེས་ཆེར་མཐོར་འདེགས་བྱུང་ཡོད། གསར་འགོད་པས་ཡུལ་དངོས་ནས་ཡུལ་སྐོར་བ་མང་ཆེ་བས་སྒོར་36བཏང་ནས་ལྟ་སྐོར་རླངས་འཁོར་ལ་སྡོད་ཀྱི་ཡོད་པ་དང་། འཛིན་བྱང་བསྣན་ནས་བསྡོམས་པས་སྒོར་86སྤྲད་ན་དུས་བཀག་མེད་པར་ལྟ་སྐོར་བྱེད་ཀྱི་ཡོད་པ་མཐོང་བྱུང་། གྲངས་གཞི་ལས་མངོན་པར་གཞིགས་ན། རྨིག་སྟོད་འཁྱགས་རོམ་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་སྣེ་ལེན་ཞུ་ཚད་2016ལོའི་མི་ཁྲི་8ནས་2018ལོའི་མི་ཁྲི་14བར་མང་དུ་ཕྱིན་ལ། སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་པ་དང་རྐང་འཁོར་ཞོན་ནས་ཡུལ་སྐོར་བྱེད་པ་གཙོ་བོ་ཡིན་འདུག བཀྲ་ཤིས་རྣམ་རྒྱལ་གྱིས“2011ལོ་ནས་བཟུང་། ཡུལ་སྐོར་བ་ཇེ་མང་དུ་སོང་ཞིང་། གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་མི་ཚོར་རྟ་ཉོ་རོགས་བྱས་ནས་ཡུལ་སྐོར་ལས་དོན་སྤེལ་བ་རེད། ད་ལྟ། ཡུལ་སྐོར་བ་མང་དུས་སུ་གྲོང་ཚོ་ཡོངས་ཀྱི་རྟ་170ཚང་མ་ལས་གནས་སུ་ཞུགས་དགོས་པས། སྒོ་འགྲམ་གྱི་འཁྱགས་རོམ་ནི་གྲོང་ཚོ་ཡོངས་ཀྱི་ཕྱུག་བསྒྱུར་ནོར་གཞོང་དུ་གྱུར་ཡོད”ཅེས་བརྗོད།


     གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། མཛེས་ལྗོངས་ཁུལ་དང་གྲོང་མིས་མཉམ་དུ་མ་དངུལ་བཏང་ནས་ཡོང་འབབ་བསྡུ་བའི་ཐབས་ལམ་གསར་པ་བཏོད་པས་གོམ་གང་མདུན་སྤོས་སྒོས་ཕྱུག་འགྱུར་གྱི་ཧུར་སེམས་སྐུལ་ཡོད། “ན་ནིང་དུད་ཚང་རེ་རེས་མ་དངུལ་སྒོར་ཁྲི་2.9བཏང་བའི་ཁར། ཀུང་སིས་མ་དངུལ་བཏང་ནས་མཉམ་དུ་ལྟ་སྐོར་རླངས་འཁོར་ཉོས་པ་དང་། ཉིན་རེར་རླངས་འཁོར་10གཉེར་སྐྱོང་བྱས་ཤིང་། རྨིག་སྟོད་གྲོང་ཚོའི་མི་18དང་ཉེ་འཁོར་གྲོང་ཚོའི་མི་5ཡིས་ཁ་ལོ་བའི་ལག་ཁྱེར་ཐོགས་ནས་ལས་གནས་ཐོག་སྐྱོད་ཀྱི་ཡོད”ཅེས་མཛེས་ལྗོངས་ཁུལ་གྱི་འགན་འཁུར་བ་དབྱང་ཡུས་ཀྲེང་གིས་བཤད་པ་དང་། སྔོན་དཔག་བྱས་ན་2019ལོར་ལྟ་སྐོར་རླངས་འཁོར་ཁོ་ནའི་ཡོང་འབབ་སྒོར་ཁྲི་400ཟིན་རྒྱུ་ཡིན་པས། ལོ་གཅིག་ནང་མ་རྩ་ཕྱིར་སློག་ཐུབ་རྒྱུ་རེད་ཅེས་བརྗོད། 
      ལོ་38ལ་སླེབས་པའི་གྲོང་མི་དོན་གྲུབ་བཀྲ་ཤིས་ནི་གྲོང་ཚོ་ཡོངས་ཀྱི་ཁ་ལོ་བ་18ནང་གི་ལས་ཀར་ཞུགས་ཚད་མང་ཤོས་དེ་ཡིན་པ་དང་། ཟླ་རེའི་གླ་ཕོགས་སྒོར་6000ཙམ་ཟིན་གྱི་ཡོད། “དེ་སྔ་ཉེ་འཁོར་དུ་སྐྱེལ་འདྲེན་གྱི་ལས་བྱེད་ཀྱི་ཡོད་ལ། ཟས་ཟ་བར་ཆོས་ཉིད་མེད་ཅིང་ལས་ཀ་ཡང་བརྟན་པོ་མེད། ད་ལྟ། ལས་ཀ་བག་ཕེབས་བརྟན་ལྷིང་ཡིན་པ་དང་། སྔར་ལས་བདེ་འཇགས་ཡིན། ཟླ་གསུམ་པ་ནས་ཟླ་བཅུ་པའི་བར་དུ་ལས་ཀ་བྱས་ཆོག་པ་རེད”ཅེས་བརྗོད།
      སྔོན་ཆད་ཁ་ཁུ་སིམ་མེར་གནས་པའི་འཁྱགས་རོམ་གྱི་འདབས་སུ་ཡུལ་སྐོར་གྱི་ཚ་རླབས་འཕྱུར་ཡོད་ཅིང་། བབ་ཆགས་པའི་བོད་པ་རྣམས་རང་གི་གྲོང་ཚོ་དང་ཁ་འབྲལ་མ་དགོས་པར་བདེ་སྡོད་ལས་བརྩོན་གྱི་འཚོ་བ་གསར་པར་རོལ་ཐུབ་ཡོད། རྨིག་སྟོད་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་7ཚང་མ་ན་ནིང་དབུལ་སྒྲོལ་བྱུང་ཐུབ་ཡོད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1