གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༦ཚེས་༡༠ཉིན།

ཞི་ཅིན་ཕིང་ཧྲིན་པིས་ཏི་པའོ་རྒྱལ་བཙུགས་སློབ་ཆེན་གྱི་མཚན་འཛིན་འབུམ་རམས་པའི་བསླབ་གནས་དང་ལེན་བྱེད་པའི་མཛད་སྒོར་ཞུགས།

        ཞི་ཅིན་ཕིང་ཧྲིན་པིས་ཏི་པའོ་རྒྱལ་བཙུགས་སློབ་གྲྭ་ཆེན་མོའི་ཐོག་ཁང་གཙོ་བོའི་གམ་དུ་འབྱོར་སྐབས། ཕུའུ་ཅིན་གྱིས་ཁོང་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། མཉམ་དུ་ཧྲིན་པིས་ཏི་པའོ་རྒྱལ་བཙུགས་སློབ་གྲྭ་ཆེན་མོས་ཀྲུང་གོར་མཉམ་ལས་བྱས་པའི་འགྲེམ་སྟོན་ལ་གཟིགས་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་མཉམ་དུ་སློབ་ཁང་ནང་ཕེབས། སློབ་ཁང་ནང་གི་དགེ་སློབ་དང་སྐུ་མགྲོན་ཚང་མ་ཡར་ལངས་ཏེ། སྤྲོ་སེམས་འཁོལ་བའི་ངང་ཐལ་མོ་བརྡེབས་ནས་དགའ་བསུ་ཞུས།

        ཡུལ་དངོས་ནས་ཀྲུང་གོ་དང་ཨུ་སུ་རི་གཉིས་ཀྱི་རྒྱལ་གླུ་དཀྲོལ།
        ཧྲིན་པིས་ཏི་པའོ་རྒྱལ་བཙུགས་སློབ་གྲྭ་ཆེན་མོའི་སློབ་གཙོས་བསླབ་གནས་སྟེར་བའི་ཐག་གཅོད་སྒྲོག་འདོན་བྱས་པར་མ་ཟད། ཀྲུའུ་ཞི་ཞི་ཅིན་ཕིང་ལ་མཚན་འཛིན་འབུམ་རམས་པའི་བསླབ་གནས་དཔང་ཡིག་བྱིན།
        ཞི་ཅིན་ཕིང་གིས་བསྟན་དོན། ཧྲིན་པིས་ཏི་པའོ་རྒྱལ་བཙུགས་སློབ་གྲྭ་ཆེན་མོའི་མཚན་འཛིན་འབུམ་རམས་པའི་བསླབ་གནས་ལེན་ཐུབ་པ་བྱུང་བར་དགའ་སྤྲོས་ཁེངས་ཡོད། ཧྲིན་པིས་ཏི་པའོ་རྒྱལ་བཙུགས་སློབ་ཆེན་ནི་འཛམ་གླིང་གི་སློབ་ཆེན་གྲགས་ཅན་ཞིག་ཡིན་ལ། ལོ་རྒྱུས་རིང་བ་དང་། དགེ་རྒན་གྲགས་ཅན་མང་ཞིང་། ཕུལ་བྱུང་མི་སྣ་ཇི་སྙེད་ཅིག་བྱུང་ནས། ཨུ་རུ་སི་དང་འཛམ་གླིང་གི་ཚན་རིག་དང་རིག་གནས། སློབ་གསོ་བཅས་ཀྱི་འཕེལ་རྒྱས་ཐད་ཁྱད་དུ་འཕགས་པའི་བྱས་རྗེས་བཞག་ཡོད་ལ། རྒྱ་ཡིག་དང་ཀྲུང་ཧྭའི་རིག་གནས་ལ་མཁས་པའི་རྒྱའི་རིག་པ་བ་འབོར་ཆེན་སྐྱེད་སྲིང་བྱས་ཡོད། སློབ་གསོའི་མཉམ་ལས་ནི་མི་དམངས་བར་གྱི་རྒྱུས་ལོན་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བའི་ཐབས་ལམ་གལ་ཆེན་ཡིན། ཉེ་བའི་ལོ་འགའི་རིང་ལ། ཧྲིན་པིས་ཏི་པའོ་རྒྱལ་བཙུགས་སློབ་ཆེན་གྱིས་ཀྲུང་གོའི་མཐོ་རིམ་སློབ་ཆེན་བར་དུ་བརྗེ་རེས་དང་མཉམ་ལས་ཟབ་མོ་བྱས་ཏེ། ཀྲུང་ཧྭའི་རིག་གནས་ཨུ་རུ་སི་ནས་བརྒྱུད་སྤེལ་བྱེད་པར་སྐུལ་འདེད་ཆེན་པོ་བཏང་བ་དང་། ཨུ་རུ་སིའི་ཞིབ་འཇུག་ཀྲུང་གོ་ནས་གོང་འཕེལ་དུ་གཏོང་བར་ཡར་སྐུལ་ཆེན་པོ་བྱས་ཡོད་ཟེར།
        ཞི་ཅིན་ཕིང་གིས་བསྟན་དོན། ད་ལོའི་ཟླ་བཞི་བར། ངས་པེ་ཅིན་ནས་ཆིན་ཧྭ་སློབ་ཆེན་གྱིས་ཙུང་ཐུང་ཕུའུ་ཅིན་ལ་མཚན་འཛིན་འབུམ་རམས་པའི་བསླབ་གནས་གནང་བ་དངོས་སུ་རིག་ཡོད། ཆིན་ཧྭ་སློབ་ཆེན་དང་ཧྲིན་པིས་ཏི་པའོ་རྒྱལ་བཙུགས་སློབ་ཆེན་གཉིས་ནི་རྒྱལ་ཁབ་གཉིས་ཀྱི་ཕུལ་དུ་བྱུང་བའི་མཐོ་རིམ་སློབ་གྲྭའི་འཐུས་ཚབ་ཡིན་ལ། ང་དང་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱི་མ་ཡུམ་སློབ་གྲྭ་ཡང་ཡིན། སློབ་གྲྭ་གཉིས་ཀྱིས་སོ་སོར་ཕ་རོལ་རྒྱལ་ཁབ་ཀྱི་གཙོ་འཛིན་ལ་མཚན་འཛིན་འབུམ་རམས་པའི་བསླབ་གནས་གནང་བ་ནི། ཕྱོགས་གཉིས་ཀྱི་སློབ་གསོ་དང་མི་གཞུང་ཁྱབ་ཁོངས་ཀྱི་བརྗེ་རེས་ཟབ་མོ་བདེན་དཔང་ཡིན་ལ། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བའི་ཆུ་ཚད་མཐོན་པོའི་མཚོན་རྟགས་གལ་ཆེན་དེ་ལས་ཀྱང་ཡིན། ཕྱོགས་གཉིས་ཀྱིས་སློབ་གསོའི་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་དང་། སོ་སོའི་ཕུལ་བྱུང་རིག་གནས་སྒྲོག་སྤེལ་བྱས་ཤིང་། ཕན་ཚུན་ལ་སློབ་སྦྱོང་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་དང་འཛུགས་སྐྲུན་ཐད་ཕུལ་བྱུང་འཇོན་མི་སྔར་ས་མང་པོ་སྐྱེད་སྲིད་བྱེད་དགོས་ཟེར།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ན་གཞོན་ནི་མིའི་རིགས་གོང་འཕེལ་གྱི་རེ་བ་ཡིན་ལ། ཀྲུང་གོ་དང་ཨུ་རུ་སིའི་མཛའ་མཐུན་གྱི་མ་འོངས་པ་ཡང་ཡིན། ད་ལོ་ནི་ཀྲུང་གོ་དང་ཨུ་རུ་སིའི་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་འཁོར་བའི་ལོ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དུས་རབས་གསར་པར་སླེབས་ཡོད། རྒྱལ་ཁབ་གཉིས་ཀྱི་ན་གཞོན་གྱིས་དུས་རབས་ཀྱིས་གནང་བའི་འགན་འཁྲི་ཕྲག་ཏུ་ལེན་ཕོད་པར་བྱས་ཏེ། ལག་རྡང་མཉམ་སྦྲེལ་གྱིས་འབད་བརྩོན་དང་མཉམ་དུ་དར་རྒྱས་གོང་འཕེལ་གྱིས་རང་གི་ཕུགས་བསམ་མངོན་འགྱུར་བྱེད་པ་དེ་རྒྱལ་བ་གཉིས་ཀྱི་དར་རྒྱས་གོང་འཕེལ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཚེ་ཚེ་རབས་རབས་སུ་མཛའ་མཐུན་ཡོང་བའི་རླབས་ཆེན་ལས་དོན་ཁྲོད་འདྲེས་པར་བྱས་ནས། ཀྲུང་གོ་དང་ཨུ་རུ་སིའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བའི་གོང་འཕེལ་ཐད་རང་གི་བྱས་རྗེས་འཇོག་དགོས་ཟེར།
        ཕུའུ་ཅིན་གྱིས་ཤིས་ཚིག་འབུལ་སྐབས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་ལ་ངའི་མ་ཡུམ་སློབ་གྲྭས་མཚན་འཛིན་འབུམ་རམས་པའི་བསླབ་གནས་སྟེར་ཐུབ་པ་བྱུང་བ་དེ་གཟི་བརྗིད་ཅིག་ཏུ་བསམ་ཡོད་ལ། ངས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུས་པ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་གོང་འཕེལ་ཟབ་མོ་གཏོང་བར་བྱས་རྗེས་གལ་ཆེན་བཞག་པ་དང་། རྒྱལ་སྤྱིའི་འབྲེལ་བའི་ཁྱབ་ཁོངས་སུ་གྲོས་གཞི་གལ་ཆེན་རབ་དང་རིམ་པ་བཏོན་པར་མ་ཟད། དངོས་སུ་སྐུལ་འདེད་དང་ལག་བསྟར་བྱེད་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་གིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་གཞི་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་རྒྱབ་སྐྱོར་བྱས་ཏེ་དེའི་ཁྲོད་ཟབ་ཞུགས་བྱེད་བཞིན་ཡོད། ཧྲིན་པིས་ཏི་པའོ་རྒྱལ་བཙུགས་སློབ་ཆེན་སོགས་ཨུ་རུ་སིའི་རིག་གཞུང་ལས་ཁུངས་རྩེ་གྲས་དག་གིས་ཀྲུང་གོའི་རིག་གཞུང་ལས་ཁུངས་རྩེ་གྲས་བར་དུ་ཕན་འབྲས་ཕུན་སུམ་ཚོགས་པའི་བརྗེ་རེས་མཉམ་ལས་བྱས་ཡོད་ལ། ང་ཚོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཕན་ཚུན་བར་གྱི་རྒྱུས་ལོན་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་བཞིན་པ་འདིས་ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་གོང་འཕེལ་ཟབ་མོ་གཏོང་ཐུབ་པ་ཤ་སྟག་ཡིན་ཟེར།
        མཛད་སྒོ་དེ་ཡུལ་དངོས་ཀྱི་དགེ་སློབ་ཚོས་རྒྱལ་སྤྱིའི་སློབ་མའི་གླུ་ཞེས་པ་མཉམ་ལེན་བྱས་པའི་ཁྲོད་ནས་གྲོལ། མཛད་སྒོ་གྲོལ་རྗེས། ཨུ་རུ་སིའི་སློབ་མས་ཞི་ཅིན་ཕིང་ལ་སྣུམ་ཚོན་རི་མོའི་བརྩམས་ཆོས་ཕུལ་བ་དང་། ཀྲུང་གོའི་ཕྱི་འགྲིམས་སློབ་མས་ཕུའུ་ཅིན་ལ་སྣུམ་ཚོན་རི་མོའི་བརྩམས་ཆོས་ཕུལ།
        རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ད་དུང་མིན་ཅེ་ལེ་ཧྥུའུ་ལས་གཉེར་ཁང་དུ་གཟིགས་སྐོར་མཛད།
        ཏེན་ཞུའེ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥིན་སོགས་མཛད་སྒོར་ཞུགས།
        ས་དེའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞགས་ཏེ་མའོ་སི་ཁོ་ནས་ཧྲིན་པིས་ཏི་པའོ་ལ་ཧྲིན་པིས་ཏི་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ལ་ཞུགས་པར་ཕེབས། ཧྲིན་པིས་ཏི་པའོ་གནམ་གྲུ་ཐང་ནས་ཨུ་རུ་སིའི་མཐོ་རིམ་དཔོན་རིགས་ཀྱིས་ཞི་ཅིན་ཕིང་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། མའོ་སི་ཁོ་དང་འབྲལ་སྐབས། ཨུ་རུ་སིའི་སྲིད་གཞུང་གིས་གནམ་གྲུ་ཐང་ནས་སྐྱེལ་མའི་མཛད་སྒོ་བསྡུས། དམག་དཔུང་གི་རོལ་དབྱངས་རུ་ཁག་གིས་ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ། ཞི་ཅིན་ཕིང་གིས་ཨུ་རུ་སིའི་དམག་གསུམ་གཟབ་སྦྲེངས་རུ་ཁག་ལ་གཟིགས་ཞིབ་མཛད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1