སྦྲང་མ་གསོས་ནས་བདེ་སྐྱིད་ཀྱི་འཚོ་བ་བསྐྱངས།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 06-11



   ལོ་ལྟར་དཔྱིད་མཇུག་དབྱར་ཟུག་གི་སྐབས་དེར། ཕྱག་ཕྲེང་རྫོང་རག་ཝ་ཡུལ་ཤོག་གི་རི་ཀླུང་ཀུན་ཏུ་མེ་ཏོག་སྣ་བརྒྱ་བཞད་དེ་དྲི་ཞིམ་ཕྱོགས་བཞིར་ཁྱབ། རྐང་དྲུག་བུང་བས“འུང་འུང”ཞེས་གླུ་དབྱངས་བླངས་ཏེ་མེ་ཏོག་གི་ཚོགས་ལ་སྐོར་བ་བྱེད་བཞིན་གདའ།
   ཉེ་བའི་ལོ་ཤས་རིང་། ཕྱག་ཕྲེང་རྫོང་རག་ཝ་ཡུལ་ཤོག་གིས་སྦྲང་མའི་ཐོན་ལས་དང་དབུལ་སྐྱོར་གནད་སྨིན་གྱི་ལས་དོན་ཟུང་འབྲེལ་བྱས་ཏེ་ནུས་ཤུགས་ཆེན་པོས་སྦྲང་རྩིའི་ཐོན་ལས་འཕེལ་རྒྱས་བཏང་བ་རེད། མིག་སྔར། ཡུལ་ཤོག་དེས་སྦྲང་ཟོ100ལ་ཉེ་བ་ཞིག་སྒྲིག་སྦྱོར་བྱས་ཡོད་པས་ལོ་རེར་སྦྲང་ཟོ་རེའི་ནང་དུ་སྦྲང་རྩི་རྒྱ་མ10ཙམ་བསགས་ཐུབ་པ་ཡིན་ཞིང་། ཚོང་རའི་རིན་གོང་ལྟར་སྦྲང་རྩི་རྒྱ་མ་གང་རེར་སྒོར100ཡིན་པའི་དབང་དུ་བཏང་ན་ལོ་རེར་སྒོར་ཁྲི10ལྷག་རག་ཐུབ་པ་རེད།
   རག་ཝ་ཡུལ་ཤོག་ནི་མཚོ་འཕགས་སྨི3000ཡོད་པའི་རི་ཀླུང་ཞིག་ཏུ་ཆགས་ཡོད་པས་མངའ་ཁོངས་སུ་ས་ཞིང་ཐོན་ཁུངས་ཚོད་འཛིན་ཐེབས་པ་དང་འདེབས་འཛུགས་ཐོན་ལས་ཀྱི་ཐོན་ཚད་དམའ་ཞིང་སྤུས་ཀ་ཞན། ཡར་རྒྱས་ལ་དཀའ་ཁག་ལྡན་པ་ཞིག་ཡིན།དེས་ན་ཡུལ་ཤོག་ཏང་ཨུ་དང་སྲིད་གཞུང་གིས་འཕེལ་རྒྱས་ཀྱི་དམིགས་ཡུལ་དེ་གསོ་སྤེལ་ལས་རིགས་ལ་བསྒྱུར་བའི་བསམ་འདུན་བཏོན་ཡོད་ཅིང་། རག་ཝ་ཡུལ་ཤོག་གི་རི་ཀླུང་ཐང་གསུམ་དུ་རི་སྐྱེས་རྩི་ཤིང་ནགས་ཚལ་གྱིས་ཁེབས་ཡོད་པས་དེ་ནི་སྦྲང་མས་སྦྲང་རྩི་ལེན་པར་ལྷད་མེད་རང་བྱུང་གི་ཁོར་ཡུག་བཟང་པོ་ཞིག་མཁོ་སྤྲོད་བྱས་ཡོད།སྡེ་མི་ཚོས་ལོ་བདུན་བརྒྱད་ཙམ་གྱི་སྔོན་དུ་གཞི་ཁྱོན་ཆུང་བའི་སྦྲང་གསོའི་ལས་རིགས་ལ་ཞུགས་ཡོད་ཀྱང་ལག་རྩལ་མི་འདང་བ་དང་དོ་དམ་མི་ལེགས་པས་སྦྲང་མའི་འབོར་གྲངས་འཕར་ཐབས་བྲལ་བ་དང་ཡོངས་འབབ་ཉུང་བས་གསོ་སྤེལ་ལས་རིགས་ལ་ཧུར་བརྩོན་རང་བཞིན་ཡང་མི་ལྡན་པ་རེད།
   སྦྲང་མའི་གསོ་སྤེལ་ལས་རིགས་ལ་ཞུགས་ཡོད་པའི་ཕུན་ཚོགས་དགའ་ཡིས་མགྲོན་པོ་ཚང་མས་ང་ཚོའི་སྦྲང་རྩི་ནི་རི་སྐྱེས་མེ་ཏོག་གི་སྦྲང་རྩི་ཡིན་པས་བྲོ་བ་ལེགས་པ་དང་ཁ་དོག་ཡག་པོ་ཞིག་རེད་ཟེར་ནས་ལོ་ལྟར་སྔར་བཀོད་བྱས་ཡོད། དངོས་གནས་བདེན་པར་སྣང་།ང་ཚོའི་སྦྲང་རྩིའི་སྤུས་ཀ་ཧ་ཅང་ཡག་པོ་ཡིན། ཡིན་ནའང་ཐོན་འབོར་ལ་གཏན་ཁེལ་མི་འདུག སྐབས་འགའ་ལོ་རེར་རྒྱ་མ400ཙམ་སྐྱེས་ཐུབ་ལ་སྐབས་རེར་རྒྱ་མ10ལྷག་ལས་ཐོན་མི་འདུག་ཅེས་བཤད་བྱུང་།
   གནས་ཚུལ་འདི་འདྲའི་འོག་རག་ཝ་ཡུལ་ཤོག་ཏང་ཨུ་དང་སྲིད་གཞུང་གིས་ཡུལ་ཤོག་གི་གནས་ཚུལ་དངོས་དང་བསྟུན་ནས་གཞི་ཁྱོན་ཆུང་བ་དང་ཁྱད་ཆོས་ལྡན་པ། ཞིབ་ཚགས་ཅན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་བཏོན་ནས་ཕྱོགས་གཅིག་ནས་ཆེད་ལས་མཁས་པ་གདན་ཞུ་བྱས་ཏེ་དུས་བཅད་སྦྱོང་བརྡར་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ལུའུ་ཐན་ཧྭ་སྤྱི་གཉེར་ཁང་གིས་རག་ཝ་ཡུལ་ཤོག་རག་སྨད་གྲོང་སྡེར་བཅའ་སྡོད་བྱེད་སར་མངགས་པའི་ལས་བྱེད་པ་ཞུས་ཀུའོ་ཕིང་དང་སྦྲང་གསོའི་ཐོན་ལས་རོགས་སྐྱོར་འཆར་གཞི་འཇོག་རྒྱུ་སྐོར་ལ་གྲོས་མོལ་བྱས་པ་རེད།
   2018ལོའི་སྤྱི་ཟླ8པར། ཞུས་ཀུའོ་ཕིང་གིས་ལུའུ་ཀྲུའུ་ནས་ཁྱེར་འོང་པའི་ཀྲུང་ཧྭ་སྦྲང་མ་ཞེས་པ་ཐོག་མར་གསོ་འགོ་བཙུགས་པ་རེད། ཁོས་སྔར་རང་ཚང་གིས་སྦྲང་མ་གསོ་སྤེལ་བྱས་པའི་ཉམས་མྱོང་གཞིར་བཟུང་ནས་ཚོད་ལྟ་ཐེངས་མང་བྱས་རྗེས་མཐོ་སྒང་སྦྲང་མས་དགུན་བརྒལ་དཀའ་བའི་ལག་རྩལ་དང་དོ་དམ་དཀའ་གནད་སོགས་ཐག་གཅོད་བྱས་མཐར་ཆ་སྙོམས་སྦྲང་ཟོ་རེར་སྦྲང་རྩི་རྒྱ་མ10ཐོབ་ཐུབ་པ་རེད། གྲོང་མི་ཚོས་ཚོད་ལྟ་ལེགས་འགྲུབ་ཀྱི་གནས་ཚུལ་མཐོང་དུས་གསོ་སྤེལ་ལག་རྩལ་སྦྱངས་བས་མ་ཚད་སྦྲང་མ་གསོ་སྤེལ་གྱི་ཧུར་བརྩོན་རང་བཞིན་ཇེ་མཐོར་འགྲོ་བ་ཡོད། མི་རྣམས་ཀྱིས་རག་ཝ་ཡུལ་ཤོག་ཏུ་སྦྲང་མའི་གསོ་སྤེལ་གྱི་ཚོད་ལྟ་ལེགས་འགྲུབ་བྱུང་བས་མ་ཚད་སྦྲང་རྩིའི་སྤུས་ཀ་ལེགས་པའི་གནས་ཚུལ་ཤེས་རྗེས། རག་སྨད་སྡེ་བ་དང་སྡོམ་རྭ་སྡེ་བ་གཉིས་ནི་ཁེ་ལས་སྟོང་གིས་གྲོང་སྡེ་སྟོང་ལ་རོགས་རམ་བྱེད་ཅེས་པའི་ཁེ་ལས་ཀྱི་ཁ་གཏད་རོགས་སྐྱོར་སྡེ་བ་ཡིན་ཞིང་། ལུའུ་ཐན་ཧྭ་སྤྱི་གཉེར་ཁང་གིས་སྡེ་བ་དེ་གཉིས་ཀྱིས་སྦྲང་མའི་གསོ་སྤེལ་འཕེལ་རྒྱས་གཏོང་རྒྱུའི་སྐོར་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་རེད། སྤྱི་གཉེར་ཁང་དེས་སྡེ་བ་དེ་གཉིས་ལ་རྒྱུད་བཟང་སྦྲང་ཟོ30བྱིན་པས་མ་ཚད་མ་དངུལ་བཏང་ནས་གསོ་སྤེལ་སྒྲིག་ཆས་སྒྲིག་བཀོད་བྱས་པ་རེད།
   ཕུན་ཚོགས་དགས་གདོང་ལ་འཛུམ་དཀར་མངོན་ཞོར་དེང་སང་སྦྲང་མ་གསོ་སྤེལ་ལས་རིགས་ལ་སྲིད་གཞུང་དང་ཁེ་ལས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་བྱས་ཡོད་ཅིང་། ང་ཚོས་སྦྲང་རྩིའི་ཕྱིར་ཚོང་དང་ལག་རྩལ་ཐད་ལ་སེམས་ཁྲལ་མི་དགོས་པ་རེད་ཅེས་བཤད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1