གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༦ཚེས་༡༢ཉིན།

གངས་ལྗོངས་ས་མཐོའི་རྒྱལ་གཅེས་དཔའ་བོ་དགེ་སྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པ།

དགེ་སྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པ།
     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་6ཚེས་4ཉིན་གློག་འཕྲིན་འབྱོར་གསལ། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་དཀར་མཛེས་རྫོང་གྲོང་གི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་1ལྷག་ཙམ་ཟིན་པའི་དྲན་གསོ་ཁང་དེའི་ནང“གངས་ལྗོངས་ཀྱི་བུ་ཕྲུག”སྟེ། དགེ་སྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པས་དམར་དམག་ལ་རྒྱབ་སྐྱོར་དང་མེས་རྒྱལ་ལ་དགའ་ཞེན་གྱིས་གསར་བརྗེའི་དོན་དུ་རང་སྲོག་བློས་བཏང་བའི་མི་སེམས་འགུལ་བའི་བྱས་རྗེས་བཀོད་ཡོད། རྒྱ་བོད་སྤུན་ཟླ་ཚོས་དུས་ཡུན་རིང་པོ་ལེན་པའི་མི་རིགས་མཐུན་སྒྲིལ་གྱི་གླུ་གཞས་དེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཡོད།
     དགེ་སྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པ་1903ལོར་དཀར་མཛེས་རྫོང་པེ་རི་ཤང་བདེ་སྐྱིད་སྡེ་གྲོང་ཚོའི་ཞིང་ཁྱིམ་དབུལ་པོ་ཞིག་ཏུ་འཁྲུངས་ཤིང་། དགུང་ལོ་7ལ་ཕེབས་སྐབས་དཀར་མཛེས་ཀྲོའུ་པེ་རི་དགོན་གྱི་སྤྲུལ་སྐུར་ངོས་འཛིན་ཞུས་པ་དང་དགུང་ལོ་17ལ་ཕེབས་སྐབས་ལྷ་སའི་དགའ་ལྡན་དགོན་དུ་ལོ་8ཙམ་དཔེ་ཆ་སྦྱངས་རྗེས། དགེ་བཤེས་ལྷ་རམས་པའི་མཚན་གནས་ཐོབ་པ་དང་སྦྲགས། ཕ་ཡུལ་དུ་ཕེབས་ནས་པེ་རི་དགོན་གྱི་མཁན་པོ་གནང་བ་རེད།
     1936ལོའི་དཔྱིད་ཀར། དམར་དམག་རྒྱང་སྐྱོད་བོད་རིགས་ས་ཁུལ་དུ་སླེབས་པ་དང་གོ་མིན་ཏང་ལོག་སྤྱོད་ཤོག་ཁག་གིས་དམར་དམག་བྱང་ཕྱོགས་སུ་སྐྱོད་པར་འགོག་རྐྱེན་བཟོ་ཆེད། གུང་ཁྲན་ཏང་དང་དམར་དམག་ལ་འཛེམ་བག་མེད་པར་དཀྲོག་གཏམ་བཟོས་པ་དང་དམའ་འབེབས་བཏང་ནས་བོད་རིགས་ས་ཁུལ་གྱི་མང་ཚོགས་ལ་དམར་དམག་ལ་འབྲུ་རིགས་དང་གཟན་རྩྭ་མཁོ་འདོན་བྱེད་མི་ཆོག་པ་དང་དམར་དམག་ལ་རོགས་རམ་བྱེད་མི་ཆོག་པའི་བརྡ་ཁྱབ་སྤེལ་ཏེ་དམར་དམག་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་དུ་འཇུག་རྒྱུའི་རེ་ངན་བཅངས་ཡོད།
     དམར་དམག་དཀར་མཛེས་ལ་འབྱོར་རྗེས། བོད་རིགས་ཀྱི་ཆོས་དད་རང་མོས་དང་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་དང་དམར་དམག་གང་དུ་སླེབས་ཀྱང་སྒྲིག་ཁྲིམས་ནན་ཞིང་མང་ཚོགས་ལ་གནོད་པའི་བྱ་བ་གང་ཡང་མི་བྱེད་པའི་སྤྱོད་བཟང་དགེ་སྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པས་གཟིགས་རྗེས། དེ་ནི་མི་དམངས་ལ་བདེ་སྐྱིད་བསྐྲུན་མཁན་གྱི་དཔུང་སྡེ་ཞིག་ཡིན་པ་མཁྱེན་ནས་དམར་དམག་དང་འབྲེལ་འདྲིས་གནང་རྒྱུའི་ཐག་བཅད། ཁོང་གིས་རང་ཉིད་ཀྱི་དམིགས་བསལ་ཐོབ་ཐང་ཐོག་ནས་བོད་རིགས་ས་ཁུལ་གྱི་མི་དམངས་ཀྱི་སྣེ་འཁྲིད་དེ་དམར་དམག་ལ་འབྲུ་རིགས་དང་གཟན་རྩྭ་གྲབས་གསོག་དང་རོགས་སྐྱོར་གནང་བ་མ་ཟད། ད་དུང་ནུས་ཤུགས་ཡོད་རྒུས་མང་ཚོགས་ལ་ཏང་དང་དམར་དམག་གི་སྲིད་ཇུས་དྲིལ་བསྒྲགས་ཀྱང་གནང་བ་རེད། ཁོང་གི་སྣེ་འཁྲིད་འོག་བོད་རིགས་སྤུན་ཟླ་མི་ཉུང་བ་ཞིག་གི་དོགས་གཞི་བསལ་ནས་ཕ་ཡུལ་དུ་ལོག་སྟེ་དམར་དམག་ལ་སྐད་སྒྱུར་དང་། ལམ་སྟོན། རྨས་མ་སྐྱོབ་རོགས་སོགས་གསར་བརྗེའི་བྱ་གཞག་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བ་རེད།
     དགེ་སྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པས་དམར་དམག་ལ་རྒྱབ་སྐྱོར་བྱེད་པའི་སྤྱོད་བཟང་ལ་དམར་དམག་མཐོ་རིམ་མི་སྣའི་དོ་ཁུར་ཐོབ་པ་དང་སྤྱི་ཁྱབ་སི་ལིང་ཀྲུའུ་ཏེ་སྐུ་ངོ་མ་པེ་རི་དགོན་དུ་བསམ་ཤེས་ཅན་གྱི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དེར་གཟིགས་པར་ཕེབས་མྱོང་ཡོད་པ་དང་བྱམས་བརྩེའི་བཀའ་མོལ་ཐེངས་མང་གནང་བ་བརྒྱུད་ཁོང་གིས་དམར་དམག་དང་གསར་བརྗེའི་བྱ་གཞག་ལ་ངོས་འཛིན་སྔར་བས་ཟབ་ཏུ་ཕྱིན་ནས་གུང་ཁྲན་ཏང་ལ་ཡིད་ཆེས་དང་གསར་བརྗེར་ནམ་ཡང་རྒྱབ་སྐྱོར་བྱེད་པའི་ཆོད་སེམས་སྔར་བས་བརྟན་དུ་སོང་བ་མ་ཟད། དམར་དམག་དང་མཛའ་གྲོགས་ཟབ་ཏུ་ཕྱིན་ཡོད། དུས་དེ་ནས་བཟུང་དགེ་སྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པས་དམར་དམག་ལ་རོགས་སྐྱོར་བྱེད་པའི་བྱ་སྤྱོད་ནང་དེ་བས་ཧུར་ཐག་ཞུགས་གནང་བ་རེད།
     1949ལོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་གཏམ་བཟང་བོད་རིགས་ས་ཁུལ་དུ་གྲགས་པས། དགེ་སྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པ་དང་མི་སེར་ཚོ་དགའ་སྤྲོ་དཔག་མེད་བྱུང་ཞིང་། ཁོང་དང་རྒྱལ་གཅེས་མི་སྣ་ཁག་གཅིག་གིས་འཐུས་མི་མངགས་ནས་དགྲ་བོའི་བཀག་སྡོམ་ལས་སྒྲོལ་ཏེ་མཚོ་སྔོན་བརྒྱུད་པེ་ཅིང་དུ་ཕེབས་ནས་བློ་མཐུན་མའོ་ཙེ་ཏུང་དང་། ཀྲུའུ་ཏེ། ཀྲོའུ་ཨེན་ལའེ་བཅས་ལ་གོས་དར་ཕུལ་ནས་འཚམས་འདྲི་ཞུས་པ་རེད། 1950ལོར། སི་ཁྲོན་གྱི་བོད་རིགས་ས་ཁུལ་ལ་བཅིངས་འགྲོལ་བཏང་བ་དང་དགེ་སྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པ་ལྷོ་ནུབ་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ལྷོ་ནུབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བསྐོ་བཞག་གནང་བ་རེད། བློ་མཐུན་མའོ་ཙེ་ཏུང་དང་ཀྲུའུ་ཏེ་རྣམ་གཉིས་ཀྱིས་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་དམིགས་བསལ་གདན་ཞུས་འཐུས་མིའི་མིང་ཐོག་ནས་པེ་ཅིང་དུ་རྒྱལ་དོན་ལ་གྲོས་བསྡུར་གནང་བར་གདན་དྲངས་པ་རེད།
     སྐབས་དེ་དུས། ཕྱི་རྒྱལ་གྱི་དགྲ་འཛིན་ཕྱོགས་གཏོགས་ཀྱིས་བོད་ཞི་བས་བཅིངས་འགྲོལ་གཏོང་རྒྱུར་འགོག་རྐྱེན་བཟོ་བའི་བྱེད་སྤྱོད་སྤེལ་ཤུགས་ཆེ་རུ་བཏང་ནས་བོད་ཁ་ཕྲལ་ཏུ་གཏོང་རྒྱུའི་ལྐོག་གཡོ་བཤམས་ཡོད། དགེ་སྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པས་རེ་ཞུ་བྱས་པ་བརྒྱུད་ཀྲུང་དབྱངས་མི་དམངས་སྲིད་གཞུང་གིས་བོད་ཀྱི་ཕྱོགས་གཏོགས་རྙིང་པའི་དོགས་གཞི་སེལ་བ་དང་གྲོས་མོལ་སྔ་ཙམ་བྱས་ནས་བོད་ཞི་བས་བཅིངས་འགྲོལ་གཏོང་རྒྱུའི་གྲོས་མཐུན་འཇོག་ཆེད། ཁོང་བོད་དུ་ཁ་ཏ་བསླབ་བྱ་བྱེད་པར་མངགས་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། བོད་དུ་མ་ཕེབས་གོང་དུ་ཁོང་གིས“ང་ནི་བོད་རིགས་མི་དམངས་འཆི་རྨས་ཉུང་ཙམ་དང་སྔ་ཙམ་བཅིངས་འགྲོལ་ཐོབ་པའི་ཆེད་བོད་དུ་སྐྱོད་པ་ཞིག་ཡིན། རང་ཉིད་ངོ་མས་དེ་གའི་མི་དམངས་དང་དགེ་འདུན་པ་ཚོར་མི་དམངས་སྲིད་གཞུང་དང་བཅིངས་འགྲོལ་དམག་ནི་བོད་མི་དམངས་ཀྱི་མགོན་སྐྱབས་རེད་ཅེས་གསལ་པོར་བརྗོད་ཀྱི་ཡིན”ཞེས་གསུངས་པ་རེད།
     སྟབས་མི་ལེགས་པ་ཞིག་ལ་བོད་དུ་ཕེབས་པའི་ལམ་བར་དུ། དགེ་སྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པ་ཀླད་རྙིང་མཁྲེགས་བཟུང་ཕྱོགས་གཏོགས་ཀྱིས་བཀག་འགོག་བྱས་པ་མ་ཟད་དུག་སྟེར་ནས་དཀྲོངས་ཤིང་། སྐུ་གཤེགས་སྐབས་ཁོང་དགུང་ལོ་47ཡིན་པ་རེད།
     དཔའ་བོ་སྐུ་གཤེགས་རུང་རྒྱལ་གཅེས་ཀྱི་སྙིང་སྟོབས་ནམ་ཡང་གནས། དགེ་སྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པར་དྲན་གསོ་ཞུ་ཆེད། དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་སྲིད་གཞུང་གིས“སྤྱི་ཁྱབ་སི་ལིང་ཀྲུའུ་ཏེ་དང་དགེ་སྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པའི་དྲན་གསོ་ཁང”བསྐྲུན་ནས་དྲན་གསོ་ཁང་ནང་དགེ་སྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པ་སྐུ་འཚོ་བཞུགས་སྐབས་ཀྱི་ངོ་སྤྲོད་དང་དམར་དམག་རྒྱང་སྐྱོད་དཀར་མཛེས་བརྒྱུད་སྐབས་ཀྱི་བྱས་རྗེས་དང་གསར་བརྗེའི་རིག་དངོས་སོགས་སྒྲིག་གཤོམ་བྱས་པས་ལོ་ལྟར་དུས་ཆེན་དང་ངལ་གསོའི་དུས་ཚོད་གལ་ཆེན་སྐབས་ལྟ་སྐོར་ལ་ཡོང་མཁན་མང་པོ་ཡོད། དགེ་སྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པ་དང་དཀར་མཛེས་བོད་རིགས་ས་ཁུལ་གྱི་མི་དམངས་ཀྱིས་ཀྲུང་གོའི་གསར་བརྗེའི་ཆེད་བློས་གཏོང་ཆེན་པོ་གནང་བ་དང་ལེགས་སྐྱེས་ཆེན་པོ་ཕུལ་བ་ལོ་རྒྱུས་ཀྱིས་ནམ་ཡང་བརྗེད་མི་སྲིད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1