ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་རྫོགས་ཆེན་ཤྲཱི་སེང་དུ་2019ལོའི་མཐོ་རམས་པའི་སློབ་རྒྱུགས་བླངས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-13


        ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་སྔ་འགྱུར་རྙིང་མའི་གདན་ས་ཆེན་མོ་སྡེ་དགེའི་རྫོགས་ཆེན་ཤྲཱི་སེང་དུ་2019ལོའི་མཐོ་རམས་པའི་སློབ་རྒྱུགས་སྤྲོད་སའི་རྒྱུགས་ར་གཉིས་པ་རུ་གཏན་འཁེལ་བྱས་པ་ལྟར་སྤྱི་ཟླ་6པའི་ཚེས་6ཉིན་ནས་ཚེས་8ཉིན་བར།  རྙིང་མ་དང་དགེ་ལུགས་པའི་མཐོ་རམས་སློབ་མའི་སློབ་རྒྱུགས་བླངས་པ་རེད།
        ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ལས་སྒྲུབ་པ་དང་།  ཞིང་ཆེན་དང་ཁུལ།  རྫོང་རིམ་པའི་འགོ་ཁྲིད་དང་ལས་སྒྲུབ་པའི་ལྟ་སྐུལ་འོག  །ཆེད་དུ་གདན་འདྲེན་ཞུས་པའི་སེར་ཤུལ་དགོན་གྱི་དགེ་བཤེས་ཚུལ་ཁྲིམས་དང་།  ཤྲཱི་སེང་ཆོས་གྲྭའི་མཁན་ཆེན་ཁྲི་རྒན་ཨ་ཆོས།  ཁྲི་པ་འཇམ་དབྱངས།  རྔ་ཡུལ་སྒོ་མང་གི་དགེ་བཤེས་ལམ་བདེན།  དཔལ་ཡུལ་མཁན་པོ་བསྟན་འཛིན་འཇམ་དབྱངས།  གཞན་མཚོ་སྔོན་ཏིང་ཀྱཱ་དང་དཀར་མཛེས་དགོན་སོགས་ཀྱི་མཁན་སྤྲུལ་བཤེས་གཉེན་བཅུ་ཙམ་དབུས་སུ་དཔང་བཞུགས་མཛད་ཅིང་།  དཔལ་ཡུལ་བཤད་གྲྭ་དང་དཀར་མཛེས་དགོན།  རྫ་འབུམ་རྙིང་དགོན།  ཤྲཱི་སེང་ཆོས་གྲྭ་བཅས་ཀྱི་ལུང་རིགས་པ་ཉི་ཤུའི་མདུན་དྲུང་དུ།  མདོ་དབུས་ཁམས་གསུམ་གྱི་གྲུབ་མཐའ་དགོན་སྡེ་ཁག་ནས་ཕེབས་པའི་མཐོ་རམས་རྒྱུགས་སྤྲོད་པ་བཅུ་གཅིག་གིས་ཉིན་གསུམ་ལ་བཀའ་པོད་ལྔའི་རྩོད་རྒྱུགས་དང་རིག་གནས་འབྲི་རྒྱུགས་ཕུལ།
        བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནི་ཀུན་གཟིགས་པན་ཆེན་རིན་པོ་ཆེས་བོད་བརྒྱུད་ནང་བསྟན་སླར་གསོ་དར་སྤེལ་གྱི་དགོངས་གཞི་རྒྱ་ཆེ་རྒྱང་རིང་གི་འབད་བརྩོན་འོག་རྒྱལ་ཁབ་ཀྱི་རིམ་པ་ཁག་གིས་མཐོང་ཆེན་དང་ཆོག་མཆན་གནང་བ་ལས་བྱུང་བ་སྟེ།  འདས་པའི་ལོ་ངོ་སུམ་ཅུ་ལྷག་གི་རིང་ས་དགེ་བཀའ་རྙིང་གཡུང་དྲུང་བོན་དང་བཅས་པའི་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་མང་པོ་བྱོན་ནས་འཆད་ཁྲིད་མཛད་ཅིང་བོད་ཀྱི་སྤྲུལ་སྐུ་དགེ་བཤེས་མཁན་པོ་གྲངས་མང་བསྐྱེད་སྲིང་གིས་ཕྱག་ཁྱེར་ཕུལ།  གྲུབ་མཐའ་རིས་མེད་མཉམ་འཛོམས་དང་གཞུང་གིས་བཙུགས་པའི་བོད་བརྒྱུད་ནང་བསྟན་དར་སྤེལ་སྣེ་ཁྲིད་ཀྱི་ལྡིང་ཆ་གལ་ཆེན་ཞིག་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1