བོད་ཀྱིས་ཡིག་ཚགས་གྲངས་འཛིན་ཅན་ལ་སྐུལ་འདེད་བཏང་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-14



 
     ཡིག་ཚགས་ལྟ་ཀློག་པ་ཁྲི་1.3ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། ཡིག་ཚགས་ཁྲི་1.6བཀླགས་པ། ཡིག་ཚགས་ཁྲི་8.68མཁོ་འདོན་བྱས་པ།
     ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཅུས་ནས་ཤེས་རྟོགས་བྱས་པར། ལྗོངས་ཡོངས་ཀྱི་རིམ་ཁག་ཡིག་ཚགས་ཁང་གིས་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་བརྟན་པོ་བཏང་བས། ཡིག་ཚགས་སྡེ་ཚན་དང་སྡེ་ཚན་གཞན་དབར་གྱི་མཉམ་སྦྲེལ་མཉམ་མཐུད་རིམ་གྱིས་མངོན་འགྱུར་བྱུང་ནས་ཡིག་ཚགས་ཐོན་ཁུངས་མཁོ་འདོན་དང་བཀོལ་སྤྱོད་རྒྱུན་ཆད་མེད་པར་ཆེར་སོང་སྟེ། ས་མཐོའི་ཡིག་ཚགས་ཀྱི“ཁེར་ཆགས་གླིང་ཕྲན”གྱི་ངང་ཚུལ་ལ་འགྱུར་ལྡོག་བྱུང་བ་རེད།
     ཉར་ཚགས་བྱས་པའི་ཡིག་ཚགས་གྲངས་འཛིན་ཅན་གྱི་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་ཞིང་། རང་སྐྱོང་ལྗོངས་ཡིག་ཚགས་ཁང་གིས་2018ལོར་ཁྱོན་ལོ་རྒྱུས་ཡིག་ཚགས་537དང་པར་རིས་1326བཤར་འབེབས་བྱས་པ་དང་། ཡིག་ཚགས་དཔྱད་གཞི་གཞན་286དང་དཔེ་ཆ་16བཤེརའབེབས་བྱས་ཡོད། གཞིས་རྩེ་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་གྱི་གྲངས་འཛིན་ཅན་ཡིག་ཚགས་ཁང་གི་ལས་དོན་དེ་2018ལོའི་ཟླ་8པར་དངོས་སུ་སྤེལ་འགོ་ཚུགས་པ་དང་། ཉིང་ཁྲི་གྲོང་ཁྱེར་ཡིག་ཚགས་ཁང་གིས་ཉར་ཚགས་བྱས་པའི་ཡིག་ཚགས་གྲངས་འཛིན་ཅན་གྱི་ལས་དོན་42%ལེགས་སྒྲུབ་བྱས་པ། མངའ་རིས་ས་ཁུལ་ཡིག་ཚགས་ཁང་གིས་ས་ཨུད་ཀྱི་2007ལོ་ནས་2016ལོ་བར་གྱི་ཡིག་ཆའི་མ་ཡིག་བཤེར་འབེབས་ལས་དོན་ལེགས་སྒྲུབ་ཟིན་པ་རེད།
     2018ལོར་ལྗོངས་ཡོངས་ཀྱི་རིམ་ཁག་ཡིག་ཚགས་ཁང་གིས་བོད་ཡིག་གི་ལོ་རྒྱུས་ཡིག་ཚགས་དང་། རྣམ་གྲངས་གལ་ཆེན་གྱི་ཡིག་ཚགས། གྲགས་ཅན་མི་སྣའི་ཡིག་ཚགས་དང་དེ་བཞིན་ས་གནས་ཁག་གི་ཁྱད་ལྡན་རིག་གནས་དུས་ཆེན་སོགས་བྱེད་སྒོ་གལ་ཆེན་གྱི་ཡིག་ཚགས་ཁྲི་31ལྷག་རྩིས་ལེན་བྱས་ཡོད། རིམ་ཁག་ཡིག་ཚགས་ཁང་གིས་ཡིག་ཚགས་ལྟ་ཀློག་བྱེད་པར་ཡོང་མཁན་མི་ཐེངས་ཁྲི་1.3ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། ཤོག་སྒྲིལ་ཡིག་ཚགས་ཁྲི་1.6བཀླགས་པ། ཡིག་ཚགས་ཁྲི་8.68མཁོ་འདོན་བྱས་པ་རེད།
     རང་སྐྱོང་ལྗོངས་ཡིག་ཚགས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། 2019ལོར“ཉར་ཚགས་བྱས་རིགས་གྲངས་འཛིན་ཅན་དང་། མང་དུ་གཏོང་སྐབས་གློག་རྡུལ་ཅན། བཀོལ་སྤྱོད་དྲ་སྦྲེལ་ཅན”བཅས་ཀྱི་རྩ་དོན་གཞིར་བཟུང་། གྲངས་འཛིན་ཅན་གྱི་ཡིག་ཚགས་ཁང་བསྐྲུན་པ་དང་། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། གོམ་སྟབས་དབྱེ་ནས་ལག་ལེན་བསྟར་བ་བཅས་བྱས་ཏེ་གློག་རྡུལ་སྲིད་དོན་གྱི་ནང་ཁུལ་དྲ་བ་སྤྱད་ནས་ཡིག་ཚགས་བཀོལ་སྤྱོད་དང་། ཆ་འཕྲིན་འབུལ་བ། ལས་སྒོའི་ལྟ་སྐུལ་མཛུབ་ཁྲིད་སོགས་ཀྱི་ལས་དོན་འཚོལ་ཞིབ་ཧུར་ཐག་བྱེད་ཀྱི་ཡིན་ཞེས་བརྗོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1