“2019ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལྷ་སར་ཐུགས་གྲ་ལེགས་འགྲིག་ངང་གྲོལ་བ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 06-18



            ཚེས་14ཉིན་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་པའི“2019ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ཀྱིས་གྲོས་རིམ་ཁག་བསྒྲུབས་ནས་ལྷ་སར་ཐུགས་གྲ་ལེགས་འགྲིག་ངང་གྲོལ་བ་རེད། 
            ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཅང་ཅན་གོ་མཇུག་སྒྲིལ་མཛད་སྒོར་ཕེབས་པ་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་ཡེ་ཤན་མཇུག་སྒྲིལ་མཛད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་བཅས་ཕེབས་ཡོད་པ་རེད། 
            “2019ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ད་བར་སྐབས་དྲུག་གཉེར་བ་དང་འདི་ཉིད་ཀྲུང་གོའི་བོད་ལྗོངས་དང་འཛམ་གླིང་གི་ས་གནས་ཁག་དབར་སྤེལ་རེས་མྱོང་ལེན་དང་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་གལ་ཆེན་ལ་གྱུར་བ་མ་ཟད། རྒྱལ་ཁབ་ཕྱི་ནང་དུ་ཤུགས་རྐྱེན་རྒྱ་ཁྱབ་ལྡན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆེད་མངགས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ཀྱི་གལ་ཆེའི་རང་བཞིན་མཐོ་ཚད་གསར་པར་སྐུལ་འདེད་བཏང་བ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཀྲུང་གོ་སྲིད་གཞུང་གིས་བོད་དུ“ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་རྒྱས་གཏོང་བ་དང་། ས་མཐོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། དེ་བས་དགེ་མཚན་ལྡན་པའི་སྒོ་དབྱེའི་སྲིད་ཇུས་ལག་བསྟར”བཅས་བྱེད་པའི་ཐོག་མཐའ་བར་གསུམ་གྱི་ལངས་ཕྱོགས་སླར་ཡང་གསལ་བཤད་གནང་བ་དེས། བར་མཐོངས་དེ་བས་ཡངས་པ་དང་། རིམ་པ་དེ་བས་མཐོ་བ། ཁྱབ་ཁོངས་དེ་བས་ཟབ་པ་བཅས་ཀྱི་སྒོ་ནས་བོད་ཀྱིས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པ་དང་མཉམ་ལས་སྤེལ་རེས་ལ་སྐུལ་མ་ཐེབས་ངེས་རེད། 
            “2019ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལ་མཉམ་དུ་འབྱུང་འགྱུར་གླེང་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་རེ་སྒུག་བྱེད་པ་དང་། འཕེལ་རྒྱས་མཉམ་སྤྱོད་བྱས་ནས་གཉིས་ཁེ་གཉིས་ཕན་མཉམ་ལས་ལ་བློ་གྲོས་ལེགས་སྐྱེས་འབུལ་བ། ཕན་ཚུན་སྤེལ་རེས་མྱོང་ལེན་བྱས་ནས་དུས་རབས་གསར་པའི་བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ཐབས་འདོན་ཇུས་འབུལ་བྱེད་པ། ཤེས་རྟོགས་ཟབ་ཏུ་བཏང་སྟེ་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60ཡི་རིང་གི་འཕེལ་རྒྱས་ཡར་ཐོན་ལ་གདེང་འཇོག་གང་ལེགས་བྱེད་པ། མཛའ་གྲོགས་ཟབ་ཏུ་བཏང་ནས་གླེང་སྟེགས་དེ་ཉམས་མྱོང་སྤེལ་རེས་དང་གྲོགས་པོ་འགྲིག་སའི་སྟེགས་བུ་ཡག་པོར་མཉམ་བསྐྲུན་པ་བཅས་བྱས་ཡོད། སྤེལ་རེས་མྱོང་ལེན་ནི་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་དང་འཛམ་གླིང་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད། “ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ནི་ཀྲུང་གོའི་བོད་ལྗོངས་དང་འཛམ་གླིང་གི་ས་གནས་ཁག་དབར་སྤེལ་རེས་མྱོང་ལེན་ལ་སྐུལ་འདེད་གཏོང་བའི་སྤུས་རྟགས་ཤིག་ཏུ་གྱུར་ནས་ས་གནས་ས་ཐོག་ཏུ་བོད་ཀྱི་ཕྱོགས་ཁག་གི་གནས་ཚུལ་ཤེས་རྟོགས་དང་ཞིབ་འཇུག་ལ་གོ་སྐབས་མཁོ་འདོན་བྱས་ཡོད་ལ་བོད་ཀྱི་འཕེལ་རྒྱས་ཡར་ཐོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་ཀྲུང་ཕྱིའི་ལས་རིགས་ཁག་གི་མཛའ་གྲོགས་མི་སྣར་བརྩེ་སེམས་སྤེལ་རེས་ཀྱི་ཐབས་ལམ་གལ་ཆེན་ཡང་མཁོ་འདོན་བྱས་ཡོད། ཚོགས་ཞུགས་སྐུ་མགྲོན་ཚོས“ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”གོ་སྐབས་སུ་བྱས་ནས་ཐོག་མཐའ་བར་གསུམ་དུ་བོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་སྟེ་བོད་ཀྱི་འཕེལ་རྒྱས་ཡར་ཐོན་ལ་སྟོབས་ཤུགས་སྐྱེས་སུ་འབུལ་བའི་ལྷག་བསམ་གྱི་རེ་བ་ཡོད། “རྒྱུད་གཅིག་ལམ་གཅིག”གིས་འཛམ་གླིང་ཞི་བདེ་འཕེལ་རྒྱས་དང་ཐུན་མོང་དར་རྒྱས་ཀྱི་འགྲོ་ལམ་དུ་འཁྲིད་ཐུབ་ངེས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་ཤེས་དཔལ་སྤེལ་རེས་མྱོང་ལེན་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཀྱི་ཕན་པ་ཆེན་པོ་ཐོབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད། བོད་རང་སྐྱོང་ལྗོངས་ཀྱིས“ཞི་བདེ་མཉམ་ལས་དང་། སྒོ་དབྱེ་བསྟུན་མཁས། མཉམ་སྦྱོང་མྱོང་ལེན། གཉིས་ཁེ་གཉིས་ཕན”བཅས་ཀྱི་དར་གོས་ལམ་བུའི་སྙིང་སྟོབས་མཛུབ་ཁྲིད་དུ་བྱས་ནས“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་གོ་སྐབས་ལ་དམ་འཛིན་ནན་པོ་བྱེད་པ་དང་། མཐའ་འཁོར་རྒྱལ་ཁབ་ཀྱི“ཤར་བགྲོད་ལྔ”ལ་སྐུལ་འདེད་ཧུར་ཐག་གཏོང་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་འབུལ་འོས་པའི་ལེགས་སྐྱེས་འབུལ་བ། དམངས་ཀྱི་བློ་གྲོས་དང་ལེགས་ཆ་བསྡུ་ལེན། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་དོན་འཁྱོལ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ནས་བོད་ཀྱི་ནམ་མཁའ་དེ་བས་གཡའ་དག་པ་དང་། ཆུ་མོ་དེ་བས་དྭངས་བ། ས་གཞི་དེ་བས་སྔོ་བ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བཅས་ཡོང་ངེས་རེད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱི་འཕེལ་རྒྱས་ཡར་ཐོན་ལ་ཁ་ཕྲལ་གཏོར་བཤིག་དབང་གིས་འགོག་རྐྱེན་གཏན་ནས་འཕྲད་མི་སྲིད་པ་དང་། ཁུངས་མེད་གཏམ་འཆལ་དབང་གིས་ཁ་ཕྱོགས་གཏན་ནས་འགྱུར་མི་སྲིད་པ། གཏམ་འཆལ་ཕྱོགས་ཞེན་དབང་གིས་འཕེལ་རྒྱས་ཀྱི་གོམ་སྟབས་འགོར་དུ་གཏན་ནས་གཏོང་མི་སྲིད་པར་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མཉམ་དུ་མངོན་འགྱུར་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1