གནའ་རྫས་རྟོག་ཞིབ་ལས་ཀན་སུའུ་རྡོ་དཀར་བྲག་ཞུན་བྲག་ཕུག་ནི་མཚོ་བོད་ས་མཐོ་ནས་མིག་སྔའི་བར་ཤེས་རྟོགས་བྱུང་བའི་ཆེས་སྔ་ཤོས་ཀྱི་གནའ་རྫས་རྟོག་ཞིབ་རྗེས་ཤུལ་ཡིན་པ་ར་སྤྲོད་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-18


     ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཁྲེང་ཧྥ་ཧུའུ་དང་ལན་ཀྲོའུ་སློབ་ཆེན་གྱི་ཐོན་ཁུངས་ཁོར་ཡུག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཀྲང་ཏུང་ཅུལ་སོགས་ཀྱིས་སྣེ་ཁྲིད་བྱས་པའི་ཞིབ་འཇུག་ཚོགས་པས་ཉེ་ཆར་གནའ་རྫས་རྟོག་ཞིབ་ཀྱི་འབྲས་བུ་གསར་ཤོས་ཁྱབ་བསྒྲགས་བྱས་ཏེ། ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་དུ་གནས་པའི་རྡོ་དཀར་བྲག་ཞུན་བྲག་ཕུག་ནི་མཚོ་བོད་ས་མཐོ་ནས་མིག་སྔར་ཤེས་རྟོག་བྱུང་བའི་ཆེས་སྔ་ཤོས་ཀྱི་གནའ་རྫས་རྟོག་ཞིབ་རྗེས་ཤུལ་ཡིན་པ་ར་སྤྲོད་བྱས། དེ་སྔོན་མི་རྣམས་ཀྱིས་བོད་ལྗོངས་ནས་ཤེས་རྟོགས་བྱུང་བའི་ཉི་ཨ་ཏི་གནའ་ཤུལ་ནི་མཚོ་བོད་ས་མཐོའི་ཆེས་སྔ་ཤོས་ཀྱི་གནའ་རྫས་རྟོག་ཞིབ་རྗེས་ཤུལ་ཡིན་པ་ཐུན་མོང་ཐོག་ངོས་འཛིན་བྱེད་ཡོད་པ་རེད།

     ཀྲང་ཏུང་ཅུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་རིག་དངོས་ཅུས་དང་ཀན་སུའུ་ཞིང་ཆེན་རིམ་ཁག་རིག་དངོས་སྡེ་ཚན་གྱི་རྒྱབ་སྐྱོར་འོག 2018ལོར། ལན་ཀྲོའུ་སློབ་ཆེན་ཁོར་ཡུག་གནའ་རྫས་རྟོག་ཞིབ་ཚོགས་པས་ཀན་སུའུ་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་དང་མཉམ་འབྲེལ་ཐོག་པེ་ཧྲི་ཡ་ཆུས་དྲུས་བྲག་ཕུག་ལ་གནའ་རྫས་བརྟག་དཔྱད་དང་ཐོག་མའི་སྔོག་འདོན་བྱས་པས།  བྲག་ཕུག་ནང་ནས་རིག་དངོས་མང་པོ་ཤེས་རྟོག་བྱུང་བའི་ནང་རྡོ་ལས་བཟོས་པའི་དངོས་པོ་1400ལྷག་ཙམ་དང་སྲོག་ཆགས་ཀྱི་རུས་པའི་འགྱུར་རྡོ་600ལྷག་ཙམ་རྙེད་པ་རེད།


     ཀྲང་ཏུང་ཅུས་ཀྱིས“ཞིབ་འཇུག་བྱས་པ་བརྒྱུད་རྡོ་དཀར་བྲག་ཞུན་བྲག་ཕུག་ནས་ཐོན་པའི་རྡོ་ལས་བཟོས་པའི་དངོས་པོ་དང་སྲོག་ཆགས་ཀྱི་རུས་པའི་འགྱུར་རྡོ་ཚང་མ་རྡོ་ཆས་རྙིང་པའི་དུས་རབས་ཀྱི་རིག་གནས་རྗེས་ཤུལ་ཡིན་པ་ཤེས་ཐུབ་ལ། དེའི་ཐོག་མའི་ཚད་ལེན་ལོ་ཚིགས་ནི་ད་བར་ལོ་ཁྲི་4ལས་བརྒལ་ཡོད་པ་དང་། དེའི་ཐོག་དེ་སྔོན་བྲག་ཕུག་དེའི་ནང་ནས་རྙེད་པའི་གནའ་མིའི་མགལ་རུས་འགྱུར་རྡོའི་ལོ་གྲངས་ཚད་ལེན་བྱེད་པའི་མཇུག་འབྲས་ནི་མ་མཐར་ད་བར་ལོ་ཁྲི་16ལས་བརྒལ་ཡོད་པ་ར་སྤྲོད་བྱས་པས། དེ་ནས་བྲག་ཕུག་འདི་ནི་མཚོ་བོད་ས་མཐོའི་ཐོག་ནས་མིག་སྔར་ཤེས་རྟོག་བྱུང་བའི་ཆེས་སྔ་ཤོས་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་རྗེས་ཤུལ་ཡིན་པ་ར་སྤྲོད་བྱེད་ཆོག་”ཅེས་བརྗོད།

     ཀྲང་ཏུང་ཅུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། རྡོ་རིགས་དེ་དག་གཙོ་བོ་ནི་རྡོ་ལེབ་དང་རྡོ་ཉིང་སོགས་ཡིན་པ་དང་། རྡོ་ལེབ་མང་པོ་ཞིག་ལ་བཀོལ་སྤྱོད་བྱས་པའི་རྗེས་ཤུལ་ཡོད་པ་དང་། སྲོག་ཆགས་ཀྱི་འགྱུར་རྡོ་རྙེད་པ་དེ་གཙོ་བོ་ཆག་རོར་གྱུར་ཟིན་པའི་སུག་བཞིའི་རུས་པ་ཡིན་པས་གསལ་འབྱེད་ཐུབ་པའི་སྲོག་ཆགས་རིགས་ལ་བསེ་རུ་དང་། འབྲོང་། རྐྱང་། གཙོད་སོགས་ཡོད་པ་དང་།  ཡོ་རོབ་དང་ཨེ་ཤེ་ཡ་སྐམ་ས་ཆེན་པོའི་བྱང་ཕྱོགས་ཀྱི་རྩྭ་ཐང་ཁོར་ཡུག་གི་འཇང་རིགས་གླང་པོ་ཆེ་དང་སྤུ་ཡོད་བསེ་རུའི་སྲོག་ཆགས་ཁྱུ་དང་ཚད་མཐོའི་འདྲ་མཚུངས་ཡོད།  “བསེ་རུ་དང་རི་སྤྱང་གི་རུས་པའི་ཐོག་རྡུང་བ་དང་གཏུབ་པའི་ཤུལ་ཅུང་མང་པོ་ཡོད་པས། མིའི་རིགས་ཀྱི་བྱེད་སྒོའི་མཇུག་འབྲས་ཡིན་པ་གཏན་འཁེལ་བྱས་ཡོད་པས། སྲོག་ཆགས་འདི་དག་ནི་གནའ་མིས་རྔོན་རྒྱག་བྱ་ཡུལ་ཡིན་པ་གསལ་བཤད་བྱས་ཡོད་”ཅེས་བརྗོད།


     ཁྲེན་ཧྥ་ཧུའུ་ཡིས་མིག་སྔར་བྲག་ཞུན་བྲག་ཕུག་ནས་ཤེས་རྟོགས་བྱུང་བའི་རིག་གནས་གནའ་ཤུལ་དེ་དག་ཏན་ཉི་སུའོ་ཝ་བ་དང་འབྲེལ་བ་ཡོད་མེད་ཐད་ད་དུང་ཞིབ་འཇུག་གཏིང་ཟབ་བྱེད་དགོས་མོད། འོན་ཀྱང་གཏན་འཁེལ་བྱེད་ཐུབ་པ་ཞིག་ནི་རྡོ་དཀར་བྲག་ཞུན་བྲག་ཕུག་ནི་རྡོ་ཆས་རྙིང་པའི་དུས་རབས་ཀྱི་གནའ་ཤུལ་གལ་ཆེན་ཞིག་ཡིན་པ་དང་གནའ་བོའི་མིའི་རིགས་དེ་གར་ཡུན་རིང་འཚོ་བ་སྐྱེལ་བ་མ་ཟད་རིག་གནས་གནའ་ཤུལ་འབོར་ཆེན་བཞག་ཡོད་ཅེས་བརྗོད།
    ཀྲུང་གོ་ཚན་རིག་ཁང་སྒལ་ཚིགས་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཀའོ་ཤིན་གྱིས་ཏན་ཉི་སུའོ་ཝ་བ་དང་སྔ་དུས་ཀྱི་དེང་རབས་མིའི་གཞི་རྒྱུ་སྤེལ་རེས་དང་དེ་བཞིན་བརྒྱུད་སྤེལ་གནས་སྤོའི་ལམ་ཐིག་ནི་རིག་གཞུང་ལས་རིགས་དང་སྤྱི་དམངས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་གླེང་མང་བའི་གནད་དོན་ཞིག་རེད། “བྲག་ཕུག་དེར་སྔོག་འདོན་དང་ཞིབ་འཇུག་བྱེད་པ་ནི་སྔ་མོའི་མིའི་རིགས་ཀྱི་འཚོ་གནས་དང་སྐྱེ་འཕེལ་ལ་དཔྱད་བསྡུར་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད་”ཅེས་བརྗོད།
     དེ་རྗེས་ཞིབ་འཇུག་ཚོགས་པས་བྲག་ཕུག་དེར་ཕྱོགས་ཡོངས་ནས་ཐིག་ལེན་རིས་འབྲི་དང་། སྔོག་འདོན། ཞིབ་འཇུག་བཅས་མུ་མཐུད་བྱ་རྒྱུ་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1