གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༦ཚེས་༢༠ཉིན།

བདེ་སྐྱིད་ནི་རང་གིས་འབད་བརྩོན་བྱས་པ་ལས་བྱུང་།

        དབྱར་སྟོད་ཀྱི་ཉིན་ཞིག་ལ། ཡེ་ཤེས་རྡོ་རྗེའི་གདོང་ལ་འཛུམ་དཀར་མངོན་ཏེ་ར་བའི་ནང་ཕར་རྒྱུག་ཚུར་རྒྱུག་བྱེད་བཞིན་པའི་བོད་ཕག30ལྷག་ལ་ལྟ་ཞོར་འགྲམ་གྱི་ཕག་ཕྲུག་ཅིག་ལ་མཛུབ་གུ་བཙུགས་ཏེ་ཕག་ཕྲུག་དེའང་རྒྱ་མ90ལྷག་ཡོད་རེད་ཅེས་བཤད།

        འདབ་པ་རྫོང་བཅིངས་འགྲོལ་གྲོང་རྡལ་བྲག་ཚང་གྲོང་སྡེའི་གྲོང་མི་ཡེ་ཤེས་རྡོ་རྗེས་ཉིན་ལྟར་རང་གིས་གསོས་པའི་བོད་ཕག་ལ་ལྟ་རྟོག་ཞིབ་ཚགས་བྱེད་ཀྱི་ཡོད། ན་ནིང་ཡེ་ཤེས་རྡོ་རྗེས་བོད་ཕག20བཙོངས་ནས་ཡོང་འབབ་ཁེ་གཙང་སྒོར་ཁྲི10རག་ཡོད་པ་རེད། དེའི་ཐོག་ལ་བཟའ་ཟླས་ནགས་ཚལ་ལྟ་སྲུང་བྱས་ནས་ཐོབ་པའི་ཡོང་འབབ་བསྣན་ན་ངེད་ནང་མི5པོས་ཁེ་གཙང་ཡོང་འབབ་སྒོར་ཁྲི12ལྷག་ལ་ཟིན་པ་རེད་ཅེས་བཤད།
        སྔོན་ཆད་ཀྱི་འཚོ་བ་དེ་འདྲ་མིན། ད་ལོར་ལོ་ན35ལ་སོན་པའི་ཡེ་ཤེས་རྡོ་རྗེས་ང་ཆུང་དུས་ནས་སྦྱངས་འབྲས་ཕུལ་དུ་བྱུང་བ་དང་ཕ་མས་རེ་བ་ཆེ་ཤོས་ཀྱི་ཕྲུ་གུ་ཞིག་ཡིན་མོད། འོན་ཀྱང་དམའ་རིམ་སློབ་འབྲིང་འགྲིམ་སྐབས་གློ་བུར་དུ་ལུས་ལ་ནད་ཕོག་ནས་སློབ་མཚམས་མི་བཞག་ཀ་མེད་བྱུང་། ཁྱིམ་གཞིས་ཆགས་རྗེས་ཡེ་ཤེས་རྡོ་རྗེའི་གཟུགས་པོ་བདེ་ཐང་མེད་པར་མ་ཟད། མནའ་མར་ཡང་ནད་གཞི་ཕོག་ནས་ནང་མི་ཚང་མས་ཞོག་ཁོག་འདེབས་པ་དང་ནས་མུའུ་ཁ་ཤས་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་པས་ལོ་གཅིག་གི་ཡོང་འབབ་སྒོར་སྟོང་ཕྲག་ཁ་ཤས་ལས་ཡོང་གི་མེད། ལོ4ཡི་སྔོན་ལ་ཡེ་ཤེས་རྡོ་རྗེའི་བུ་མོ་ལོ4ཅན་དེ་ལའང་གློ་བུར་དུ་ལུས་ལ་ནད་ཕོག་ནས་ནད་གཞིར་ལྟ་བའི་ཆེད་དུ་ཁོས་སླར་ཡང་བུ་ལོན་སྒོར་ཁྲི་ཁ་ཤས་བཟོས་དགོས་ཐུག་པ་རེད།
        དབུལ་སྐྱོར་གནད་སྨིན་བྱས་པ་ནས་བཟུང་ཡེ་ཤེས་རྡོ་རྗེ་ཚང་སྔ་ཙམ་དབུལ་ཐར་ཕྱུག་འགྱུར་ཡོང་རྒྱུར་རོགས་རམ་བྱ་ཆེད།བཅིངས་འགྲོལ་གྲོང་རྡལ་བྲག་ཚང་གྲོང་སྡེའི་བཅའ་སྡོད་ལས་དོན་རུ་ཁག་གིས་ཁོའི་ཁྱིམ་གྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་རོགས་སྐྱོར་བྱ་ཐབས་དགོས་ཐུབ་པ་རེད།
        ཡེ་ཤེས་རྡོ་རྗེས་ངས་ལས་ཀ་ལྗིད་མོ་ལས་མི་ཐུབ་པས་ལས་སྒྲུབ་རུ་ཁག་གིས་ང་ལ་བོད་ཕག་གསོ་བཅུག་པ་དང་ཆབས་ཅིག ངའི་བཟའ་ཟླར་གྲོང་སྡེའི་ནགས་ཚལ་ལྟ་སྲུང་པའི་སྤྱི་ཕན་རང་བཞིན་གྱི་ལས་གནས་ཐོག་བཀོད་སྒྲིག་བྱས་ནས་ཡོང་འབབ་བརྟན་པོ་ཡོང་རྒྱུར་འགན་ལེན་བྱས་བྱུང་ཞེས་བཤད།
        2016ལོར་གྲོང་སྡེའི་བཅའ་སྡོད་ལས་དོན་རུ་ཁག་གིས་ཡེ་ཤེས་རྡོ་རྗེ་ལ་ཕག་གཉིས་བྱིན་ཡོད་པས་ཁོས་གསོ་ཚགས་ནན་ཏན་བྱས་རྗེས་ལོ་མཇུག་ཏུ་ཕག་བཙོངས་པའི་ཡོང་འབབ་སྒོར6000རག་ཡོད། ཕག་གསོས་ནས་ཡོང་འབབ་ཐོབ་རྗེས་ཡེ་ཤེས་རྡོ་རྗེ་ལ་བསམ་ཚུལ་གསར་པ་ཞིག་སྐྱེས་ཡོད་པ་སྟེ། ད་ཆ་མི་ཚང་མས་ལུས་ཟུངས་གསོ་བར་དང་དོད་བྱེད་པ་དང་། བོད་ཕག་གི་འཚོ་བཅུད་རིན་ཐང་མཐོ་བ། ཁྲོམ་རའི་བྲིན་ཁ་རྒྱུག་པ། རིན་གོང་མཐོ་བ་བཅས་ཡོད་པས་གོ་སྐབས་དེ་དམ་འཛིན་བྱས་ནས་གསོ་ཚགས་ཀྱི་གཞི་ཁྱོན་ཆེ་རུ་བཏང་བ་རེད། རོགས་སྐྱོར་ལས་བྱེད་པས་རོགས་རམ་འོག་ཡེ་ཤེས་རྡོ་རྗེ་ཡིས་ཕག་ཚང་བསྐྲུན་ནས་བོད་ཕག10གསོས་ཡོད། འོན་ཀྱང་གནམ་གཤིས་ལ་ཚོད་དཔག་མི་ཐུབ་པར2017ལོའི་སྤྱི་ཟླ9པར་གསོས་པའི་བོད་ཕག་བཤས་གཏོང་ལ་རན་སྐབས་ལག་རྩལ་མི་འདང་བ་དང་དོ་དམ་ཡག་པོ་མ་བྱུང་བའི་རྐྱེན་གྱིས་བོད་ཕག་དྲུག་ལ་ནད་ཕོག་ནས་ཤི་བ་རེད། གནས་ཚུལ་དེ་ཐོས་རྗེས་གྲོང་སྡེའི་བཅའ་སྡོད་ལས་དོན་རུ་ཁག་གིས་འཕྲལ་མར་ཁོའི་ཁྱིམ་དུ་གནས་ཚུལ་རྒྱུས་ལོན་བྱེད་པར་བསྐྱོད་པ་དང་ལུའུ་ཀྲོའུ་རོགས་སྐྱོར་ལས་དོན་རུ་ཁག་གི་འདབ་པ་རྫོང་ཞིང་འབྲོག་ཚན་རྩལ་ཅུས་ཀྱི་ཚན་རྩལ་མི་སྣར་འབྲེལ་བ་བྱས་ཏེ་ནད་བརྟག་རྩ་བཤེར་བྱས་ནས་ལག་རྩལ་མཛུབ་ཁྲིད་བྱས་པ་རེད། དུས་མཚུངས་སུ་རྫོང་གིས་སྒྲིག་འཛུགས་བྱས་པའི་གསོ་ཚགས་འདེབས་འཛུགས་ལག་རྩལ་གསོ་སྦྱོང་ཚོགས་འདུར་ཞུགས་བཅུག་ཡོད།ཉིན་བཅུའི་རིང་ལ་གསོ་སྦྱོང་ནང་ལག་རྩལ་མཛུབ་ཁྲིད་བྱས་ཡོད་པར་མ་ཟད་ས་གནས་ས་ཐོག་ཏུ་ལྟ་སྦྱོང་བྱས་ཡོད་པས་དཔེ་རང་ལ་མཚོན་ན་ཕན་པ་ཆེན་པོ་ཐོབ་ཡོད་ལ་བོད་ཕག་ཡག་པོ་གསོ་ཐུབ་པའི་ཡིད་ཆེས་དེ་བས་ཆེན་པོ་སྐྱེས་བྱུང་ཞེས་བཤད།
        2018ལོའི་སྤྱི་ཟླ2པའི་ཉིན་ཞིག་ལ་ཡེ་ཤེས་རྡོ་རྗེ་ལ་གྲོང་སྡེའི་བཅའ་སྡོད་རོགས་སྐྱོར་ལས་བྱེད་པའི་ཁ་པར་འབྱོར་ནས་ལུའུ་ཀྲོའུ་ཡིས་རོགས་སྐྱོར་བྱས་པའི་གསོ་ཚགས་ཐོན་ལས་ཀྱི་ཁ་གསབ་རོགས་དངུལ་སྒོར5000རག་བྱུང་།བོད་ཕག་དང་ཕག་ཕྲུག་ཉོ་བར་སྤྱོད་རྒྱུ་ཡིན་ཞེས་བཤད། ཁོང་གིས་སླར་ཡང་ནང་མི་དང་མཉམ་དུ་བོད་ཕག་གསོས་ནས2018ལོར་ཡོང་འབབ་སྒོར་ཁྲི10ལས་བརྒལ་ནས་དབུལ་ཕོངས་ལས་ཐར་བ་རེད།
        ཡེ་ཤེས་རྡོ་རྗེ་ཡིས་འཛུམ་དམུལ་དམུལ་ངང་ནས་འཚོ་བ་ཡག་པོ་སྐྱེལ་འདོད་མེད་མཁན་སུ་ཡོད། ད་ཆ་སྲིད་ཇུས་ཡག་པོ་ཡོད་ལ་ཐོན་ལས་ཀྱང་ཡག་པོ་ཡོད། ང་ཚོ་རང་ཉིད་ཀྱིས་ལས་ཀ་བྱེད་འདོད་ཡོད་ཚེ་འཚོ་བ་ཉིན་རེ་ལས་ཉིན་རེར་ཡག་པོར་འགྲོ་བ་ནི་སྨོས་ཅི་དགོས། མདོར་ན་བདེ་སྐྱིད་ཅེས་པ་ནི་རང་ཉིད་ཀྱི་ལག་ཟུང་གིས་འབད་འཐབ་ལ་བརྟེན་ནས་བྱུང་བ་ཞིག་རེད་ཅེས་བཤད་པ་རེད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1