གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༦ཚེས་༢༡ཉིན།

ཇོ་རིའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་བདུན་པ་འགོ་ཚུགས་པས་མང་ཚོགས་ཀྱི་རིག་གནས་སྤྲོ་སེམས་སྤར་བ།

ཟླ་6ཚེས་18ཉིན། འཁྲབ་སྟོན་པས་ཇོ་རིའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་འགོ་ཚུགས་མཛད་སྒོའི་ཐོག་འཁྲབ་སྟོན་བྱེད་པ་རེད།
     ཟླ་6ཚེས་17ཉིན། ཇོ་རིའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་བདུན་པ་གཞིས་རྩེ་གྲོང་ཁྱེར་དུ་འགོ་ཚུགས་པ་རེད། སྐབས་འདིའི་ཇོ་རིའི་རིག་གནས་ཡུལ་སྐོར་དུས་ཆེན་ནི་ཅི་ལིན་ཞིང་ཆེན་དང་གཞིས་རྩེ་གྲོང་ཁྱེར་གྱིས་མཉམ་དུ་གཙོ་གཉེར་བྱས་ཤིང་། དུས་ཡུན་གཟའ་འཁོར་གཅིག་ཡིན་ལ། དེའི་རིང་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་བར་བརྒྱུད་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་གཞིས་རྩེའི་རིག་གནས་ཀྱི་གཟི་ཉམས་དང་སྒོ་དབྱེའི་ཉམས་འགྱུར་ལ་རོལ་མྱོང་བྱེད་པར་འཇུག་རྒྱུ་རེད།
     ཟླ་6ཚེས་18ནས་ཚེས་24ཉིན་བར། གཙོ་གཉེར་ཕྱོགས་ཀྱིས་སྐབས་དང་པོའི“ཇོ་རི་བུམ་པའི”དམངས་ཁྲོད་ཞབས་བྲོའི་སྒྱུ་རྩལ་གསར་རྩོམ་གྱི་འགྲན་བསྡུར་ཆེན་མོ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་སྐོར་བྲོ་འཁྲབ་སྟོན། སྐབས་གསུམ་པའི་ལྷ་མོའི་གཞས་གདངས་འགྲན་བསྡུར་ཆེན་མོ། ལྷ་མོ་འཁྲབ་སྟོན། རྫོང་དང་ཆུས་18ཀྱི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན། རྫོང་དང་ཆུས་18ཀྱི་བརྗོད་དོན་གཙོ་བོའི་ཉིན་མོའི་རིག་རྩལ་སྐོང་འཐེན་འཁྲབ་སྟོན། དེ་མིན་བྱང་ཤར་ཅི་ལིན་གྱི་ཁྱད་ཆོས་ལྡན་པའི་ཆེད་དོན་རིག་རྩལ་འཁྲབ་སྟོན་སོགས་རིག་གནས་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད། 
     གསར་འགོད་པས་འགོ་ཚུགས་མཛད་སྒོའི་ཐོག་ལྷ་མོ་དང་། ལྷོ་གཞས། རྒྱ་གཞས། སྟོད་གཞས་སོགས་ས་གནས་རང་གི་སྲོལ་རྒྱུན་གླུ་གར་ཕུད། ད་དུང་ཀྲུང་གོ་གསར་པར་བསྟོད་གླུ་འབུལ་བ་དང་། དུས་རབས་གསར་པར་བསྔགས་བརྗོད་བྱེད་པ། ཏང་གི་བཀའ་དྲིན་ལ་ཐུགས་རྗེ་ཆེ་ཞུ་བ་བཅས་ཀྱི་རིག་རྩལ་ལེ་ཚན་ཡང་ཡོད་པ་མཐོང་། ལོ་34ལ་སླེབས་པའི་བུ་ཁྲིད་ཀྱིས་བུ་ཕྲུག་པང་དུ་བཟུང་ནས་སྐྱིད་གྲོང་རྫོང་ནས་འགྲུལ་སྐྱེལ་རླངས་འཁོར་ནང་ཆུ་ཚོད་བདུན་བརྒྱད་ཙམ་བསྡད་དེ་སླེབས་ཤིང་།  ཁོ་ཚོ་གཉེན་ཉེའི་ཁྱིམ་དུ་གཟའ་འཁོར་གཅིག་ལ་སྡོད་རྒྱུ་རེད། མོས“ལོ་གཅིག་ལ་ཐེངས་གཅིག་མ་གཏོགས་མེད་ལ། རྫོང་ན་འཁྲབ་སྟོན་ཆེ་གྲས་མཐོང་དཀོན་པོ་འདུག་”ཅེས་བཤད། 
     གཞིས་རྩེ་ནི་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་ཡིན་ཞིང་། “རི་བོ་སྟོང་གི་ཁྱིམ་རྒྱུད་དང་། ཆུ་བོ་ཁྲི་ཡི་འབྱུང་ཁུངས་”ཞེས་པའི་མཚན་སྙན་ཡོད། འདི་རུ་ཇོ་མོ་གླང་མ་དང་། ཡར་ཀླུང་གཙང་པོ། འཁྱགས་རོམ་དང་མཚེའུ། ནགས་ཚལ་དང་རྩྭ་ཐང་སོགས་བརྗིད་ཆགས་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་ཡོད་པ་མ་ཟད། ད་དུང་སྣ་མང་ཕུན་སུམ་ཚོགས་པའི་དམངས་སྲོལ་དང་། སྐར་ཚོགས་ལྟར་ཁྱབ་པའི་ལྷ་ཁང་དང་དགོན་པ། ངོ་མཚར་རྨད་དུ་བྱུང་བའི་རྡོ་བརྐོས་ལྡེབས་རིས་སོགས་ཀྱང་ཡོད་པ་རེད། 
     ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་གཞིས་རྩེ་གྲོང་ཁྱེར་ཡོངས་སུ་Aརིམ་པའི་མཛེས་ལྗོངས་ཁུལ་58ཡོད་ཅིང་། སྐར་ལྡན་མགྲོན་ཁང་66ཡོད་པ་དང་། སྐར་ལྡན་ཁྱིམ་ཚང་མགྲོན་ཁང་104ཡོད་པ་རེད། 2018ལོར། ལོ་ཧྲིལ་པོར་ཡུལ་སྐོར་བ་སྣེ་ལེན་ཞུས་ཚད་མི་ཐེངས་ཁྲི་695ཟིན་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་55.3ཟིན་པ་དེ་སོ་སོ2017ལོ་ལས་35%དང་28%འཕར་ཡོད་པ་རེད།
ཟླ་6ཚེས་18ཉིན། འཁྲབ་སྟོན་པས་ཇོ་རིའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་འགོ་ཚུགས་མཛད་སྒོའི་ཐོག་འཁྲབ་སྟོན་བྱེད་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1