ཞི་ཅིན་ཕིང་གིས་ཁྲའོ་ཞན་གྱི་ངལ་རྩོལ་གསར་འགྱུར་སོགས་སྨྱན་བྱད་གཙོ་བོའི་སྟེང་མིང་བཀོད་རྩོམ་ཡིག་ཅིག་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 06-21


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་བཅུ་དགུ་ཉིན་ཏེ། ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་པའི་སྔོན་ཏག་ཏག་ལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲའོ་ཞན་གྱི་ངལ་རྩོལ་གསར་འགྱུར་སོགས་སྨྱན་བྱད་གཙོ་བོའི་སྟེང་ཁ་ཡིག་ལ་ཀྲུང་གོ་དང་ཁྲའོ་ཞན་བར་གྱི་མཛའ་བཤེས་རྒྱུན་འཛིན་བྱས་ཏེ་མུ་མཐུད་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས་ཞེས་པའི་མིང་བཀོད་རྩོམ་ཡིག་ཅིག་བཀོད།
        ཞི་ཅིན་ཕིང་གིས་གསུངས་རྒྱུར། ད་ལོ་ནི་ཀྲུང་གོ་དང་ཁྲའོ་ཞན་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པའི་ལོ་ཡིན། ཕྱིར་འདང་ཞིག་བརྒྱབ་ན། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་རྒན་རབས་འགོ་ཁྲིད་པས་ཐུན་མོང་གི་ཕུགས་འདུན་དང་འདུ་ཤེས་དང་གཏིང་ཟབ་པའི་གསར་བརྗེའི་མཛའ་བཤེས་ཡིད་ལ་དམ་པོར་བཅངས་ཏེ་ལག་རྡང་སྦྲེལ་ནས་ཀྲུང་གོ་དང་ཁྲའོ་ཞན་བར་དུ་སྲོལ་རྒྱུན་མཛའ་བཤེས་གསར་སྐྲུན་བྱས་པ་དང་རྒྱལ་སྤྱིའི་འབྲེལ་བའི་ལོ་རྒྱུས་སྟེང་དུ་བྱས་རྗེས་གསར་བ་བསྐྲུན། དུས་ཡུན་རིང་བོར་ཀྲུང་གོ་དང་ཁྲའོ་ཞན་ཏང་གཉིས་ཀྱི་ཡང་དག་པའི་འགོ་ཁྲིད་འོག རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཕན་ཚུན་ལ་ཡིད་ཆེས་དང་ཕན་ཚུན་ལ་རྒྱབ་སྐྱོར། ཕན་ཚུན་ལ་རོགས་རམ་བྱས་པས་ཕྱོགས་གཉིས་བར་མཛའ་བཤེས་ཟབ་མོ་ཆགས། བདག་གིས་ཐེངས་འདིའི་འཚམས་འདྲི་བརྒྱུད་དེ། ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་དང་ཁྲའོ་ཞན་གྱི་བློ་མཐུན་རྣམས་དང་ལྷན་དུ་ཀྲུང་གོ་དང་ཁྲའོ་ཞན་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བར་ཇུས་འགོད་བྱེད་པ་དང་། འཐབ་ཇུས་འབྲེལ་འདྲིས་དང་ཕན་ཚུན་བརྗེ་རེས་དང་དཔྱད་གཞིར་འཛིན་པར་ཤུགས་བསྣན་ནས། ཀྲུང་གོ་དང་ཁྲའོ་ཞན་བར་གྱི་སྲོལ་རྒྱུན་མཛའ་བཤེས་འབྲེལ་བར་ནང་དོན་གསར་བ་བསྐྲུན་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་གྱིས་ཆབ་སྲིད་ལ་བརྟེན་ནས་ཕྱེད་གླིང་གནད་དོན་ཐག་གཅོད་པའི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པར་རྒྱབ་སྐྱོར་བྱེད་པར་མ་ཟད་ཁྲའོ་ཞན་གྱི་འབྲེལ་ཡོད་ཕྱོགས་ལ་འབྲེལ་འདྲིས་དང་མཐུན་སྦྱོར་བྱེད་པར་ཤུགས་སྣོན་པ་དང་། ཕྱེད་གླིང་གནད་དོན་གྱི་གྲོས་མོལ་ཐད་ནས་གྲུབ་འབྲས་གསར་བ་ཐོབ་པར་མཉམ་དུ་སྐུལ་འདེད་བཏང་ནས། ས་གནས་ཀྱི་ཞི་བདེ་དང་བརྟན་འཇགས། དར་རྒྱས་བཅས་ཀྱི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1