༄༅།། ཡིག་རྙིང་འབལ་ནི་གླང་དཀར་པོར་གོ་བ་ནས་གླིང་དཀར་པོར་གྱུར་ཚུལ་རྒྱས་པར་གླེང་པ།

ཁ་སྒང་བཀྲ་ཤིས་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས།དུས་དེབ། སྤེལ་དུས། 06-21


ཁ་སྒང་བཀྲ་ཤིས་ཚེ་རིང་།
___བོད་ལ་ནང་བསྟན་རིག་གནས་མ་དར་བའི་ཡར་སྔོན་ཆེས་སྔ་བའི་དུས་སྐབས་ཤིག་ཏུ་གླང་དཀར་པོ་བླ་ཟོག་ཏུ་བཀུར་བའི་རིག་གནས་ཤིག་དར་མྱོང་།
          ནང་དོན་གནད་བསྡུས། རུས་འབལ་གྱི་ཐོག་མའི་འབྲི་སྟངས་ནི་བལ་འདི་ཡིན་པ་ནས་རིམ་གྱིས་བ་ཡིག་ལ་འས་འཕུལ་ཡོད་པ་བཞིན་བཀླག་པ་གཞིར་བྱས་ཏེ་འབལ་གྱི་འབྲི་ཚུལ་བྱུང་། དེ་ཡང་ཐོག་མའི་དུས་སུ་བ་དང་ལ་གཉིས་བཀླག་པའི་དུས་སུ་བར་ཚེག་ཡོད་པ་བཞིན་སོ་སོར་འཕྲལ་ཏེ་བ་ལང་ངམ་བ་གླང་དུ་བཀླག་པ་ནས་རིམ་གྱིས་བལ་ནི་བ་གླང་གི་དོན་ཡིན་པ་སྟོན་བྱེད་དུ་བལ་གླང་ཞེས་མིང་བླ་ཐབས་སུ་བསྣན་པའི་འབྲི་ཚུལ་བྱུང་སྟེ་བ་ལང་དང་བ་གླང་དུ་འབྲི་བའི་ད་ལྟའི་རྣམ་པ་འདི་བྱུང་། ཆེས་སྔོན་གྱི་དུས་སུ་བ་གླང་ངམ་གླང་དཀར་པོ་བླ་ཟོག་ཏུ་བཀུར་བའི་རུས་རྒྱུད་ལ་གླང་གི་རུས་རྒྱུད་དམ་གླང་ལྷ་སྡེ་དཀར་པོར་གྲགས་ཤིང་། རུས་དེ་ནས་མཆེད་པའི་སྒྲུང་རབས་སྣ་ཚོགས་བྱུང་བར་གླང་སྒྲུང་ཞེས་གྲགས་པ་ཡིན་ཀྱང་། གེ་སྒྲུང་ཞིབ་འཇུག་པ་རྣམས་ཀྱིས་གླང་དང་གླིང་གཉིས་ཀྱི་རིག་གནས་ཀྱི་བསྟན་དོན་མི་འདྲ་བའི་ཚུལ་ལ་དཔྱད་པ་མེད་པར་གླང་སྒྲུང་ལ་གླིང་སྒྲུང་དང་གླང་དཀར་པོར་གླིང་དཀར་པོ་ཞེས་ཡི་གེར་བཀོད་པ་ནས་མི་རྣམས་ཀྱི་སྣང་ངོར་དེ་ལྟར་ཡིན་སྙམ་པའི་སྣང་བ་སྐྱེས་སུ་བཅུགས། དུས་སྐབས་དེ་ཙམ་གྱི་དུས་ནས་སྔོན་གྱི་འབལ་ལམ་གླང་དཀར་པོའི་མིང་དོན་ལ་འབྲེལ་བའི་རིག་གནས་ཀྱི་གོ་དོན་རྣམས་ཀྱང་རྦད་དེ་བརྗེད་པའི་ད་ལྟའི་རྣམ་པ་འདི་བྱུང་འགོ་ཚུགས།
          ཚིག་གཙོ་བོ། འབལ། འབའ་ལ། བལ་གླང་དང་རླང་། གླང་དང་གླིང་།
          ཏུན་ཧོང་ནས་ཐོན་པའི་ཤོག་དྲིལp.t.1288དོན་ཆེན་གནད་བསྡུས་ཀྱི་ཐིག་ཕྲེང་101-3ནང་། བློན་ཅེ་ཅུང་བཟང་དྔ་འབལ་ལྡོང་ཙབ་གཉིས་གྱིས་བསྡུ་སྟེ། རུ་བཞི་མཁོས་བགྱིས་པར་ལོ་ཆིག ཅེས་དང། P.T.1089་ཤོག་དྲིལ་ཐིག་ཕྲེང་54ནང་། འབལ་དྲ་མ་ལེགས་རྩེ་རྗེ་ཆུ་ངུ། ཅེས་འཁོད་པའི་འབལ་འདི་ནི་བོད་ཀྱི་རུས་ཤིག་ཡིན་པ་ཤེས་ཤིང་། རུས་དེ་གནས་ཡུལ་གཙོ་ཆེ་བ་ནི་ད་ལྟའི་མཚོ་སྔོན་གྱི་འབའ་རྫོང་སོགས་ས་ཆ་དེ་དག་ཡིན་པ་ནི་དཀོན་མཆོག་བསྟན་པ་རབ་རྒྱས་(1801-?)ལགས་ཀྱིས་མཛད་པའི་《མདོ་སྨད་ཆོས་འབྱུང》དུ། འབལ་གྱི་མཐོན་པོ་བཅུ་གསུམ་སོགས་དཀར་ཕྱོགས་སྐྱོང་བ་མང་པོ་གནས་ཤིང་། བཀའ་གདམས་གླེགས་བམ་ལས་ལུང་བསྟན་པའི་གནས་དངོས་གཞི་རྩེ་འབལ་གྱི་གཞུང་འདི་ཡིན་ལ[①]། ཞེས་ད་ལྟའི་རྩེ་ཁོག་དང་སོག་རྫོང་གི་ཡུལ་བསྟན་ཞིང་། ཡང་། མང་འབལ་བྱ་གསུམ། སྦྲ་ནག་ཁ་གསུམ། ཞེས་དང་།     འབལ་མདོར་ཐར་ཤུལ་གོང་མས་དགོན་བཏབ་པ་ད་ལྟ་སྟོངས[②]། ཞེས་པས་ད་ལྟའི་འབའ་རྫོང་གི་ས་ཆ་རྣམས་ཀྱང་འབལ་ལམ་འབའ་ཡིས་རུས་རྒྱུད་ཀྱིས་བཟུང་བའི་ཡུལ་ཡིན་པ་བསྟན་ཞིང་། དེ་ལས་གཞན་ཡང་མཚོ་སྔོན་པོའི་འབའ་ལུང་དང་། མགོ་ལོག་ཁུལ་གྱི་རྨ་རྒྱལ་སྦོམ་ར། ཁམས་ཀྱི་འབའ་ཐང་། ཡུན་ནན་གྱི་འབའ་ལུང་སོགས་ས་ཁུལ་དེ་དག་ཀྱང་རུས་རྒྱུད་འདིར་འདུས་པའམ་མཆེད་ཡུལ་དུ་གྱུར་བ་ནི་ད་ལྟའང་ཡུལ་མིང་དེ་རྣམས་ཀྱི་སྒྲ་ཟུར་ཉམས་པའི་ཚུལ་གྱིས་བརྗོད་བཞིན་པ་འདིས་ཤེས་པས། རུ་ཚོ་འདི་གནས་ཡུལ་རྒྱ་ཆེ་ཚུལ་དེ་ལྟ་བུ་ཞིག་རེད། བོད་བཙན་པོའི་ཆབ་སྲིད་འཚོ་བའི་ཁྲོད་རུས་རྒྱུད་འདིས་གོ་གནས་གལ་ཆེན་ཟིན་ཡོད་པ་ནི་བློན་ཆེན་འབལ་ལྡོང་ཙབ་དང་ལང་མྱེས་གཟིགས་སོགས་རུས་རྒྱུད་འདི་ནས་ཐོན་པ་ལས་ཤེས་ཐུབ་བོ། ད་ལྟ་ང་ཚོའི་རུས་ཆེན་དེའི་མིང་ཏུན་ཧོང་ཡིག་རྙིང་དང་མདོ་སྨད་ཆོས་འབྱུང་ནས་བྱུང་བ་ལྟར། འབལ་གྱི་ལ་ཡིག་རྗེས་འཇུག་ལྟར་ཀློག་པའམ། ཡང་ན་ངག་རྒྱུན་ཏུ་རྗེས་འཇུག་འ་ཡིག་ལྟར་འབའ་རུ་ཀློག་པའི་ཚུལ་དེ་དག་རྒྱུན་ལྡན་དུ་གྱུར་པས་ཀློག་ཚུལ་དེར་རྒྱུ་མཚན་གཞན་ཞིག་ཡོད་པར་བསམ་བློ་གཏོང་མི་ཐུབ་པ་ལྟ་བུར་གྱུར་ཀྱང་།མཁས་དབང་སི་ཏུས།  སྔོན་འབྲི་ཁུང་སྐྱོབ་པ་[③]རིན་པོ་ཆེ་བཞུགས་པའི་ཚེ་གནའ་བོའི་དུས་བཞིན་དུ་ཡིག་ཀློག་ཚུན་ཆད་ཀྱང་བརྩེགས་འཕུལ་སོགས་ཀྱི་སྒྲ་ཟུར་ཕྱིན་པར་འདོན་པའི་སྲོལ་བཟང་པོ་བྱུང་པར་གྲགས་པ་དང་། ཁམས་ཕྱོགས་ཀྱི་མཐའི་ཨ་མདོ་དང་རྒྱལ་མོ་རོང་སོགས་བྱང་ཤར་གྱི་ཆ་རྣམས་སུ་འཁོད་པའི་སྐྱེ་བོ་དག་ལའང་གནའ་བོའི་དུས་སུ་བོད་ཡུལ་དབུས་ནས་བྱུང་པའི་ཀློག་ཚུལ་མ་ཉམས་པ་ཡིན་པར་གྲགས་པའི་ཡི་གེ་ཀློག་ཚུལ་དང་དེ་དག་གི་ཡུལ་སྐད་བཅས་ལའང་གྱོང་ཉམས་ཆེ་ཙམ་ལས་འཕུལ་རྟེན་སོགས་ཀྱི་ཟུར་དག་པར་འདོན་པ་འབྱུང་བར་མངོན་སུམ་གྱིས་གྲུབ་པ་སོགས་ཀྱིས་ཀྱང་མཚོན་ནུས་སོ[④]། ཞེས་གསུངས་པ་ལས། སྔོན་གྱི་དུས་སུ་ཁམས་ཕྱོགས་ཀྱི་མཐའི་ཨ་མདོ་ཁུལ་དུའང་འཕུལ་རྟེན་རྣམས་དེང་སང་རྒྱལ་རོང་སྐད་ལྟར་ཟུར་དག་པར་ཀློག་པའི་སྲོལ་གནས་པ་གསལ་བཤད་བྱས། ཡིན་ན་ཡང་། ད་ལྟ་ཨ་མདོ་བ་སུ་ཞིག་གི་ངག་ནས་སྔོན་གྱི་ཀློག་སྟངས་དང་ད་ལྟའི་ཀློགས་ཀྱི་ཁྱད་ཇི་འདྲ་མ་འཁྲུལ་མ་ནོར་བར་སྟོན་མཁན་ཉིན་སྐར་གྱིས་ཀྱང་མཚོན་མི་ནུས་པའི་དུས་འདིར། སྔོན་གྱི་ཡིག་རྙིང་འབལ་གྱི་རྗེས་འཇུག་འཕྲལ་ནས་ཀློག་པའི་ཚུལ་རིགས་པའི་ལམ་ནས་བསྟན་ཀྱང་གོ་དཀའ་བའམ། བཤད་ཚུལ་དེར་ཡིད་ཆེས་མཁན་དཀོན་པར་མཐོང་མོད། བོད་ཀྱི་རིག་གནས་དང་ལོ་རྒྱུས་རིང་མོའི་ཁྲོད་སྔོན་གྱི་ཀློག་ཚུལ་ཁག་ཅིག་རིམ་གྱིས་ཉམས་ཟིན་པའི་ཤུལ་ནས་བྱེ་མ་ལས་གསེར་བཙགས་པའི་དཔེ་ལྟར་རྒྱ་བོད་ཀྱི་ཡིག་ཚང་དུ་བཙལ་ན་རེ་འགའ་རྙེད་སྲིད་པ་འདི་ལྟ་སྟེ།རྒྱའི་ཡི་གེ《通典》ནང་ཁྲི་འདུས་སྲོང་(676-704)གི་མཚན་ལ乞黎弩悉笼ཞེས་བཀོད་པའི་乞黎ཞེས་པ་ནི་ཁྲིའི་རུ་ཅེས་རུ་སྒྲ་ཟུར་བའི་ཚུལ་དུ་འཕྲལ་ནས་བཀླག་པའི་དཔེ་ཡིན་ཞིང་། དེ་ལས་བརྟག་ན་བོད་ཀྱི་ཡི་གེར་ཁྲི་རལ་ཞེས་བྱུང་པ་ཡང་བཀླག་སྟངས་དེའི་འབྲི་ཚུལ་རྒྱུན་འབྱམས་སུ་གྱུར་བ་ཞིག་ཡིན་ནམ་སྙམ། གཞན་ཡང་ཨ་མདོའི་ཡུལ་དུ་རྩད་གཅོད་ལ་རྩར་གཅོད་ཟེར་ཞིང་། རྩར་གཅོད་བྱེད་མཁན་མེད་པ་ལ། རྩ་ར་བྱེད་མཁན་མེད་ཅེས་རྗེས་འཇུག་ཡི་གེ་འཕྲལ་པའི་ཚུལ་དུ་སྨྲ། སྐྱེ་རྒུའི་རྒུ་འདི་ཡོད་ཚད་དམ་ཐམས་ཅད་ཀྱི་དོན་ལ་འཇུག་པ་དང་། སྒྲ་དེ་ཡུལ་སྐད་དམ་ཁ་སྐད་དུ། མི་རུ་གའམ་མི་རུ་གོ ཅེས་སྨྲ་བ་དང་། ཏུན་ཧོང་ནས་ཐོན་པ་P.T.849ཤོག་དྲིལ་གྱི་ཐིག་ཕྲེང་79པར། ལེགས་སྦྱར་གྱི་དམྱལ་བའི་སྐད་དོད་ན་ར་ཀ་དང་། ད་ལྟའི་འབྲི་ཚུལ་ལ་ན་ར་ཀཿཞེས་སྒྲ་སོ་སོར་འཕྲལ་ནས་བཀླག་པ་ཡང་བོད་ཀྱི་སྐད་དུ་ན་རག་ཅེས་ཀཿཡིག་དེ་ར་ཡིག་གི་རྗེས་སུ་ཡར་སྦྱར་ནས་འབྲི་ཞིང་བཀླག  རིན་ཆེན་པོ་ཆེ་མ་ར་ག་ཏ་ (IOL.Tib.j.194-96-5)ཞེས་པ་མར་གད་དང་། མརྒད་དུ་འབྲི་བ་དང་། P.T.1283ཤོག་དྲིལ་གྱི་ཕུ་བོས་ནུ་བོར་བཏམས་ཤིང་བཏམས་པའི་མདོར། ལེགས་གྱི་ར་བ་འོ། ཞེས་པ་ལེགས་ཀྱི་རབ་བོ། ཅེས་པའི་འབྲི་ཚུལ་ཡིན་པ་ལ། དེའི་དུས་སུ་ར་དང་བ་སོ་སོར་ཕྲལ་བའི་ཚུལ་དུ་ཀློག་པ་ནས་ད་ལྟ་རྗེས་འཇུག་ཡར་སྦྱར་བའི་ཚུལ་དུ་བཀླག་པ་སོགས་སྔོན་གྱི་ཡི་གེ་ཁག་ཅིག་གི་འབྲི་ཚུལ་དང་ཀློག་ཚུལ་ཐད་ད་ལྟར་མི་འདྲ་བའི་ཁྱད་པར་ཡོད་ཅིང་། དེ་ལྟའི་ཚུལ་ནི་སྤྱིར་བཏང་བོད་ཡིག་ལ་བྱང་པ་ཙམ་གྱིས་རང་དགར་ཤེས་མི་ཐུབ་པའི་རྣམ་པ་ཞིག་ཡིན། རུས་རྒྱུད་འབལ་གྱི་ཀློག་སྟངས་སམ་རྗེས་འཇུག་འཕྲལ་ནས་ཀློག་པའི་ཚུལ་དེ་ཡར་སྔོན་སྤྱི་ལོ་དུས་རབས་གཉིས་པའི་དུས་ཀྱི་རྒྱའི་ལོ་རྒྱུས་ཡི་གེར་བཀོད་པ་ལས་ཀྱང་གསལ་པོར་ཤེས་ཐུབ་སྟེ།  《北史•吐谷浑传》ནང་རུས་ཆེན་དེར白兰羌[⑤]ཟེར་ཚུལ་བཀོད་པའི་ནང་白兰ནི་ད་ལྟ་ང་ཚོས་འབལ[⑥]་ཅེས་འབོད་པའི་རུས་རྒྱུད་དེའི་མིང་བརྗོད་རྒྱའི་ཡི་གེར་བཀོད་པ་ཞིག་ཡིན་ལ།གདངས་དེ་གཞིར་བཟུང་ནས་དཔྱད་ན། བོད་བཙན་པོའི་དུས་སྐབས་སུ་རུས་འབལ་བྱ་བ་འདིའི་བཀླག་པའི་དུས་སུ་རྗེས་འཇུག་གི་ལ་སྒྲ་འཕྲལ་ནས་སྒྲ་ཟུར་བའི་ཚུལ་དུ་བཀླག་པ་ཡིན་ཞིང་། གནས་ལུགས་དེ་ལྟར་ན། སྔོན་གྱི་དུས་སུ་འབལ་གྱི་བཀླག་སྟངས་དངོས་ནི་འབའ་ལའམ་བ་གླང་དུ་བཀླག་པའི་ཡི་གེ་ཡིན་པ་གསལ་པོར་ཤེས་ཐུབ། དགེ་ཆོས་ཀྱིས་རྒྱའི་ཡི་གེ་དེ་བོད་ལ་འགྱུར་དུས། དང་སྱང་དང་། བ་ཡི་ལང་། འཇང་རིགས་རྣམས་བོད་ཀྱི་ཆབ་འོག་ཏུ་འདུས[⑦]། ཞེས་དང་། མགོ་ལོག་རུས་མཛོད་དུ། སྨད་རོལ་གྱི་སྟོད་གཉན་རྩེའི་ས་ཆ། བར་མཁར་རེའི་ས་ཆ། སྨད་བ་ལེའི་ས་ཆ་ཡིན་ལ[⑧]། ཞེས་བཀོད་པའི་སྔ་མ་བ་ཡི་ལང་ཞེས་དང་། ཕྱི་མ་བ་ལེ་ཞེས་པ་རྣམས་ནི་སྔོན་གྱི་འབལ་གྱི་ཀློག་སྟངས་འགྱུར་བའི་མིང་ཡིན་པའང་ཤེས་སླའོ།།
          འབལ་ལམ་འབའ་ལར་འབོད་པའི་མིང་འདི་མདོ་སྨད་ཀྱི་གནས་རི་གྲགས་ཆེན་རྨ་ཆེན་གངས་རིར་འབྱོར་བ་ནི་《མཁས་དགའ》་ལས། སྨད་ཀྱི་དཔའ་སྡེ་ནི་རྨ་པོམ་ར་[⑨]མན་ཆད་ཀ་ཐང་ཀླུ་ཚེས་ཡན་ཆད། ཅེས་དང་། 《སྲིད་པའི་རྨ་རབས།》ལས་ཀྱང་། པོམ་ར[⑩]ཞེས་མགོ་ཅན་མེད་པ་དང་། མགོ་ཅན་ཡོད་པ་རྨ་ཆེན་སྦོམ་ར་དང་སྤོམ་ར་ཅེས་པའི་འབྲི་ཚུལ་དེ་དག་བྱུང་། མགོ་ཅན་ཡོད་མེད་ཀྱི་ཁྱད་པར་དེ་སྔོན་དང་ད་ལྟ་གཉིས་ལ་ཁྱད་པར་མངོན་གསལ་ཡོད་དེ། དཔེར་ན། བསྙེན་བཀུར་ལ་བསྙེན་བསྐུར་དང་།  མཉེས་ལ་བརྙེས། དེ་ཙིག་ལ། དེ་རྩིག ཅེས་དང་།  ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པ་[11]ལས།  གཏུགས་ལ་བསྟུགས།  ཆ་ཙམ་ལ་ཆ་རྩམ་ཞེས་དང་། སྟག་ཚང་ལོ་ཙཱ་བའི(1405-1455)་གསུང་འབུམ་དུ། དགུན་ལ་རྒུན[12]་བྲིས་པ་དང། ཏུན་ཧོང་གཏེར་ཡིག་ལས་བྱ་དགའ་ལ་བྱ་སྒར་འབྲི་བ་སོགས་ལས་སྔོན་མགོ་ཅན་མ་ཡིན་པ་ཁག་ཅིག་ལ་རྗེས་སུ་མགོ་ཅན་སྦྱོར་བཞིན་ཡོད་པ་བསྟན་ལ། མགོ་ཅན་བྱུང་ཚུལ་གཞན་ཞིག་ནི་བཅོམ་ལྡན་རིག་རལ་(1228-1305)གྱིས། མོས་སྤ་གུས་སྤ་ཤེས་སྤ་དང་།  སྐྱེས་སྦུ་བཅོས་སྦུ་འབྲས་སྦུ་དང་།  །སྤྲས་སྟེ་སྨྲས་སྟེ་འདུས་སྟེ་དང་།  ། བྱས་སྟེ་བགྱིས་སྟེ་གནས་སྟེ་དང་། ལས་སྒྱི་རིགས་སྒྱི་ཆོས་སྒྱི་དང་།  ། དངོས་སྤོ་ཤེས་པ་བྱ་རྨ་ཐག། སྐྱེ་རྨ་ཐག་ལ་སོགས་པ་རྣམས།  ། གོང་མ་འོག་ཏུ་འདྲེས་པ་སྟེ། །དེ་ཀུན་མ་འདྲེས་བཀླག་པར་བྱ[13]། ཅེས་ད་ལྟ་མགོ་ཅན་མིན་པའི་ཡི་གེ་ཁག་ཅིག་ལ་མགོ་ཅན་བྱུང་བ་ནི་གོང་མའི་རྗེས་འཇུག་ཕྱི་མའི་མགོར་བྱུང་བའི་འབྲི་ཚུལ་ཡིན་པར་བཤད། སྦོམ་རའི་སྦོམ་དེ་ཡང་གཏུགས་ལ་བསྟུགས་བཞིན་འབལ་གྱི་མིང་གཞི་བ་ཡིག་དེར་མགོ་ཅན་སྦྱར་བའི་རྣམ་པ་ཡིན་པ་རྗེས་སུ་དཔོག་ཐུབ། སྐབས་འགར་སྦོམ་ར་ཅེས་འབལ་ལམ་བལ་གྱི་རྗེས་འཇུག་ལ་ཡིག་དེ་ར་ཡིག་ཏུ་གྱུར་བ་ནི། མཚམས་སྦྱོར་ལྔ་པའི་སྒྲ་མདོར། ར྄་ཡིག་དང་ལ྄་ཡིག་གཉིས་སྐབས་འགར་འདྲ་བའི་ཡི་གེར་བཤད་པས། ཞེས་པ་བཞིན། བོད་ཀྱི་སྐད་དུའང་ར་ལ་གཉིས་ཀ་གང་བདེར་བྱེད་པའི་ཚུལ་ཡིན་པ་ནི། ཏུན་ཧོང་ནས་ཐོན་པའི་ཡི་གེ་or8212ཤོག་དྲིལ་གྱི་ཐིག་ཕྲེང་52ནང་། ཞང་རྒྱལ་ཟིགས་དང་ཞང་སྡོང་རྩན་ལས་སྩོགས་པ་བུམ་ལྀང་ལྕག་ཟམ་རྒལདེ། ཞེས་དང་། ཡང་ཤོག་དྲིལ་དེའི་ཐིག་ཕྲེང་80ནང་དུ། དགུན་སྨད་རྒྱ་རྗེ་ནོས་ནས་རྒྱ་རྗེ་གསར་དུས་བཅུག་པ་དབྱར་དང་ས་རིས་ལས་སྩོགས་པས་བུམ་རིང་ལྕག་ཟམ་རྒྱལ་ཏེ་དྲ་ཅེན་དྲང་ཏེ། ཅེས་བུམ་ལྀང་དང་བུམ་རིང་གང་བདེར་བྲིས་པ་དང་། དེ་བཞིན་P.T.126ཤོག་དྲིལ་ནང་།  ལྷོ་ཕྱོགས་འཛམ་གྲིང་སྡིག་ཡུལ་ན། ཞེས་འཛམ་གླིང༌གི་གླིང་ལ་གྲིང༌ཞེས་འདོགས་ཀྱི་ར་དང་ལ་བརྗེས་ནས་བྲིས་པ་དང་། ཤོག་དྲིལ་I.O.737Aཐིག་ཕྲེང་430ནང་། མཛམ་ལིང་རྒྱལ་པོ་མཛད་ཆིང༌། །ལྷ་འི་ལུགས་དང་མཐུན། ཞེས་ལ་ཡིག་མིང་གཞིར་བྲིས་པ་དེ་དག་ནི་འབལ་གྱི་རྗེས་འཇུག་ལ་དང་སྦོམ་རའི་ར་གཉིས་ཀ་ཕན་ཚུན་བརྗེས་རུང་བའི་ཡི་གེ་ཡིན་པའི་ཁུངས་ཡིན་ལ། སྦོམ་ར་ནི་འབལ་ལམ་བལ་གྱི་སྒྲ་འགྱུར་བའི་འབོད་ཚུལ་ཡིན་པ་ཤེས་བྱེད་ཀྱང་ཡིན། དེ་ལྟའི་རྣམ་པ་དེ་བོད་ལ་ཡི་གེ་བྱུང་པའི་དུས་སྐབས་དེ་ཙམ་ནས་ངོས་འཛིན་དུ་ཡོད་པར་མ་ཟད། དེའི་ཡར་སྔོན་ཡི་གེ་འབྲི་སྲོལ་མེད་པའི་དུས་ཤིག་ནས་རང་རེའི་སྐད་བརྡའི་ཁྲོད་སྤྱོད་བཞིན་ཡོད་པའང་ཞོར་ལ་ཤེས་ཐུབ། ཁོ་བོས་བྱས་པའི་《ར་ས་དང་ལྷ་སའི་གོ་དོན་ལ་ཐོག་མར་དཔྱད་པ》[14]ཅེས་པར་འདིའི་ཚུལ་ཞིབ་ཏུ་གླེང་ཡོད། ད་ལྟ་མགོ་ལོག་རྨ་སྟོད་རྫོང་དུ་བེ་རུ་དུག་མཚོ་ཞེས་པའི་མིང་དེ་ཡང་སྔོན་གྱི་རུས་ཆེན་འབལ་གྱི་མིང་འདི་ལས་གྱེས་པའི་རུ་སྡེ་བེ་རུ[15]རྣམས་གཞིས་ཆགས་པའི་གནས་ཤིག་ཡིན་ཞིང་། རུ་སྡེ་དེས་རྗེ་ས་པཎ་(1182-1251)གྱི་དུས་སུ་ཧོར་རྒྱལ་པོར་མགོ་འདོགས་ཞུ་བ་ནི་སྤྲིངས་ཡིག་ཏུ། ངས་བི་རི་ཁྲིད་ནས་ངོ་བལྟས ། འདིར་ཤིན་ཏུ་ངོ་བལྟ་ལེགས་པས། སྟོད་མངའ་རིས། དབུས་གཙང་བ་རྣམས་ངོ་བལྟས། བི་རི་ཐ་ཐད་[16]ཚོ་ཡང་ངོ་བལྟ་བར་ཡོད་བྱས་པས[17]། ཞེས་བཀོད་པ་ལས་ཤེས་ཤིང་། དེའི་རྗེས་སུ་རུས་ཆེན་འདི་ཧོར་དམག་གི་བྱེ་བྲག་སྟོབས་ཤུགས་སུ་གྱུར་ཏེ་བོད་ལ་སྡང་སྡིག་སྟོན་མཁན་གྱི་གྲས་སུ་ཡོད་པ་ནི་ས་སྐྱ་པཎ་ཆེན་གྱི་སློབ་མ་རྒྱལ་བ་ཡང་དགོན་པའི་(1213-1258)རྣམ་ཐར་དུ། སེམས་ཅན་སྤྱི་མཐུན་གྱི་ལས་ཀྱི་དབང་གིས།  ཧོར་དང་བེ་རེའི་འཇིག་འུད་ཆེན་པོ་བྱུང་སྟེ།  ཧོར་འདམ་དུ་སླེབ།  མི་མཐོང་ཚད་བསོད།  ནོར་མཐོང་ཚད་འཁྱེར།  ཁྱིམ་ཐམས་ཅད་སྲེག།  གཙུག་ལག་ཁང་ཐཾད་ཤིག།  ཁྱད་པར་དུ་བཙུན་པ་ལ་སྡང་།  དེའི་ཁྲོད་ན་ལོ་ཙྪ་ཤེས་པའམ།  བོད་སྐད་ཤེས་པ་ནི་བརྒྱ་བརྒྱའི་[18]གསེབ་ན་རེ་རེའི་ཙམ་ལས་མེད།  ངོ་ལྟའི་ཁ་སྐད་ཙམ་ཡོད་ཀྱང་།  ཁྲིམས་ལུགས་དང་ཧོར་གྱི་བྱ་བ་བྱེད་མི་ཤེས།  ཧོར་དང་སོག་པོ་ཅེས་མིང་ཐོས་པ་ཙམ་ལ།  རྡོག་པ་ས་ལ་མི་ཚུགས།  མི་ཐམས་ཅད་ལས་ཀྱི་གཤིན་རྗེའི་ལག་ཏུ་ཚུད་པ་ཙམ་དུ་འཇིགས་ཤིང་ཡ་ང་།  དེ་ལ་མགོན་སྐྱབས་དང་།  རེ་ས་གཞན་མེད་པས[19]།ཞེས་བཀོད་པ་ནི་བེ་རི་སོག་པོར་མགོ་འདོགས་ཞུ་རྗེས་ཀྱི་གནས་ཚུལ་ལོ། བེ་རི་དང་རྨེ་རུ་དོན་གཅིག་པར་སེམས་ཆོག་པ་ནི་སྔོན་གྱི་དུས་སུ་བ་དང་མ་གཉིས་ཕན་ཚུན་བརྗེ་བའི་ཡི་གེ་ཡིན་པ་ལས་ཤེས་ཐུབ་སྟེ། ཏུན་ཧོང་ཡིག་རྙིང་P.T.1288ཤོག་དྲིལ་གྱི་བཙན་པོའི་ལོ་ཚིགས་གནད་བསྡུས་ཀྱི་ཐིག་ཕྲེང་10པར། ……བཙན་མོ:མུན་ཆང:ཀོང:ཅོ། མགར:སྟོང་རྩན་ཡུལ་ཟུང་གྱྀས་སྤྱན་དྲང་སྟེ:བོད:ཡུལ་དུ:གཤེགསོ། ཞེས་སྲོང་བཙན་གྱི་བཙུན་མོ་བུན་ཆང་ཀོང་ཇོར་བཙུན་མོ་མུན་ཆང་ཀོང་ཇོ་ཞེས་བཀོད་འདུག་པ་དང་།P.T.960ཤོག་དྲིལ་གྱི་ཐིག་ཕྲེང་22པར། བུ་ཡང་དང་མོ་བཙས་པའི་སར་བོར་ཏེ་། ཅེས་བ་དང་མ་བརྗེས་ནས་བྲིས་པ་འདི་དག་ལས་ཤེས་ཐུབ། བེ་རི་ཞིབ་འཇུག་པ་ཁ་ཅིག་གིས་རྗེ་ས་པཎ་དུས་ཀྱི་བེ་རི་བཙལ་ནས་རྙེད་མ་ཐུབ་པ་ཡང་ཡི་གེ་འགྱུར་ལུགས་ཀྱི་ངོས་ནས་དཔྱད་པ་མ་སོང་བའི་གནད་དེར་ཐུག་པས། དེའི་དུས་ཀྱི་བེ་རི་གཏན་མེད་དུ་གྱུར་བའི་ཁུངས་ནི་དེ་ལྟར་བཙལ་ཆོག  
          བོད་བཙན་པོའི་དུས་སྐབས་སུ་སླེབས་དུས་རུས་ཆེན་འབལ་གྱི་མིང་དེ་ཡང་ཕྱོགས་གཉིས་སམ་དུ་མར་གྱེས་པ་ནི། ཏུན་ཧོང་ནས་ཐོན་པའི་ཤོག་དྲིལ་1288ཐིག་ཕྲེང་102-8ནང་། བློན་ཅེ་ཅུང་བཟང་དྔ། འབལ་ལྡོང་ཙབ་དྔ་ལང་མྱེས་ཟིགས་གསུམ་གྱིས་བསྡུསྟེ།  རུ་བཞི་འབྲོག་སོགི་མཁོས་བགྱིས། ཞེས་བྱུང་བ་ལས་རུས་འབལ་དང་མི་འདྲ་བའི་ལང་ཟེར་བའི་རུས་མིང་བྱུང་བ་དང་།P.T.1286ཤོག་དྲིལ་གྱི་ཐིག་ཕྲེང་20པར། ཡུལ་སུམ་ཡུལ་གྱྀ་ཡ་སུམ་ནའ།   རྗེ་འབལ་ལྗྀ་མང་རུ་ཏི། བློན་པོ་རླང་དང་ཀམ་གཉྀས། ཞེས་རྒྱལ་ཕྲན་དང་རྗེ་བློན་རྣམས་གྱི་མིང༌ལྷན་དུ་བཀོད་པ་ལས་དུས་སྐབས་དེར་རླང་བྱ་བའི་རུས་མིང་འབྲི་ཚུལ་ཡང་བྱུང་ཡོད་པ་དེ་དག་ནི་རུས་འབལ་འདི་ཉིད་ཀྱི་བཀླག་སྟངས་འབལ་ལའམ། འབའ་ལང་བྱ་བ་དེ་རུས་རྒྱུད་སོ་སོར་གྱུར་བའི་དུས་ཀྱི་རུས་མིང་དེ་དག་ཡི་གེར་འགོད་ཚུལ་ཡིན། སུམ་ཡུལ་དེ་གང་དུ་ཡོད་པའི་ཐད། ཀྲང་ཡུན་ལགས་ཀྱིས། སུམ་པ་རྣམས་ཀྱི་སྔོན་གྱི་སྡོད་གནས་ད་ལྟའི་གཞིས་ཀ་རྩེ་རྣམ་གླིང་རྫོང་[20]ཡིན་པར་བཤད་པ་དང་། མཁས་དབང་ཆབ་སྤེལ་ལགས་ཀྱིས་སུམ་པ་ལྕགས་རྒྱལ།(མཚོ་སྔོན་དང་། བར་ཁམས་ས་ཁུལ་)[21]ཞེས་འཁོད་འདུག་པ་དང་། དེ་ལས་གཞན་ཡང་ལི་ཡུལ་ཕྱོགས་སུ་ཡོད་ཚུལ་ཁོ་བོས་བྱས་པའི་དཔྱད་རྩོམ་[22]གྱི་མཆན་ཨང་བཞི་བར་གསལ་བས། སུམ་པའི་རུ་འདི་སྔོན་གྱི་དུས་ནས་བོད་ཡུལ་སྟོད་སྨད་ཀུན་ཏུ་ཁྱབ་ཡོད་པ་ཞིག་རེད། གོང་གསལ་ཡིག་རྙིང་ལས་རླང་ཞེས་བྱུང་པ་ལས་བརྟག་ན། བོད་ཀྱི་རུས་རླངས་[23]ལྷ་གཟིགས་ཀྱི་གདུང་རྒྱུད་དུ་གྲགས་པའི་རླངས་དེ་ཡང་རྗེས་ཀྱི་འགྲེལ་ལུགས་ལྟར་མ་ཡིན་པར་སྔོན་གྱི་རུས་འབལ་ལས་གྱེས་པའི་ལང་འདིའི་འབྲི་སྟངས་སུ་གྱུར་བ་ཞིག་རེད། བོད་རིག་པ་སྨྲ་བ་དབང་རྒྱལ་ལགས་ཀྱིས་ཤིན་ཅང་ནས་རྙེད་པའི་ཁྲམ་ཤིང་ཨང་175པ། ་་་་་རོ་དང་། ཆོག་རོ་གཙང་བཞེར་ཁྱི། དང་སྤྲང་རྗེ་སྟག་བཟང་འཆོས་ཀྱི་་་་་། ཞེས་པའི་སྤྲང་རྗེ་སྟག་བཟང་འཆོས་ཀྱི། ཞེས་པ་རྒྱ་ཡིག་ལ་བསྒྱུར་བའི་དུས་སུ། 白兰王悉诺桑曲[24]ཞེས་བསྒྱུར་བ་ལས། སྤྲང་རྗེ་ཞེས་པ་འདི་ཡང་འབལ་གྱི་རུས་རྒྱུད་འདིའི་འབྲི་ཚུལ་གཞན་ཞིག་གམ་ཡང་ན་རུས་དེ་ལས་གྱེས་པ་ཞིག་ཡིན་ནམ་སྙམ།
          འབལ་དང་། བལ་གླང་། སྦོམ་ར་བྱ་བའི་མིང་དེ་དག་གི་མཚོན་དོན་ཅི་ཞེ་ན། བླ་ཟོག་གླང་གི་སྒྲ་འདི་མཚོན་པ་ཡིན་ཏེ། ཡི་གེ་མ་བྱུང་པའི་ཡར་སྔོན་མི་ལོ་ཁྲི་ཕྲག་དུ་མའི་རིང་རུས་རྒྱུད་མི་འདྲ་བའི་མེས་པོ་རྣམས་ལ་བླ་ཟོག་མི་འདྲ་བ་རེ་ཡོད་པ་རྣམས་ཀྱིས་གདོད་མའི་བརྗོད་སྟངས་ཇི་ལྟ་བུ་ཡིན་པ་དེ་བཞིན་ངག་ནས་ངག་བརྒྱུད་ནས་རྒྱུད་འཛིན་བྱས་ཤིང་། བོད་ལ་ཡི་གེ་ཡོད་པ་ནས་བརྗོད་ཚུལ་ཇི་ལྟར་བྱུང་བའི་སྒྲ་ལྟར་འབལ་ཞེས་བྲིས་ཀྱང་ཀློག་ལ་སྔར་བཞིན་བ་ལའམ། བ་ལང་། བལ་གླང་ཞེས་ཀློག་ཅིང་། དོན་ལའང་འགྱུར་བ་ཅི་ཡང་མེད་པའི་ཚུལ་དེ་དག་ནི་སྔོན་གྱི་ཡི་གེའི་ཀློག་གདངས་དང་སྒྲ་འབྱིན་ཚུལ་ལ་དཔྱད་པ་མེད་པར་ཟེར་སྒྲོས་ཙམ་གྱི་རྗེས་སུ་འབྲངས་པའི་ད་ལྟའི་གྲོང་བ་རྒད་པོ་རྣམས་ཀྱིས་རང་དགར་ཤེས་མི་ཐུབ་ལ། དཔྱོད་པའི་ཡུལ་ཡང་མིན་ནོ། འབལ་གྱི་ཀློག་ཚུལ་དེ་རིམ་གྱིས་འགྱུར་ཏེ་ད་ལྟ་འབའ་ཞེས་པའི་ཀློག་ཚུལ་དང་འབྲི་ཚུལ་སྤྱོད་བཞིན་ཡོད་པ་ནི་ད་ལྟའི་རྣམ་པ་སྟེ།  ཏུན་ཧོང་ནས་ཐོན་པའི་ཤོག་དྲིལ་P.T. 98V-41ཁྲོད། ཡོན་བདག་ཆབ་སྲིད་ཀྱི་བློན་པོ་ཆེན་པོ་འབའ་ཙེ་སྱོང་གི་སྐུ་རིམ་གྲོ་བཞེངས་གསོལ་པ་ལགས། ཞེས་དང་། ཤོག་དྲིལ་ P.T.1288-83ཁྲོད། འབའ་ད་ཤྀ་ཕྱག་བཙལད་པར་ལོ་ཆིག ཅེས་པའི་འབའ་ཡིག་དེ་དག་ནི་རྒྱའི་ཡི་གེ་马འདིའི་གདངས་འགོད་ཚུལ་ཡིན་པས་ད་ལྟའི་ཡུལ་མིང་འབའ་འདིར་འཁྲུལ་བར་མི་བྱ་སྟེ། དེའི་ཐད་ཁོ་བོས་《ཏུན་ཧོང་ཡི་གེ་“འབའ་”དང་ཡུལ་མིང་“འབའ”ཡི་ཁྱད་པར་བརྗོད་པ》ཅེས་པའི་དཔྱད་རྩོམ་སྤེལ་བ་དེ་སྤྱིའི་ཆ་ནས་འགྲིག་ན་ཡང་རུས་འབལ་བྱ་བའི་སྒྲའི་བཀླག་སྟངས་འབལ་གྱི་སྒྲ་འགྱུར་བའི་འབའ་དང་རྒྱའི་རུས་མིང་དུ་བྱེད་པའི་འབའ་རྣམས་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་ཐད་དཔྱད་པ་ཞིབ་མོ་འགྲོ་མ་ཐུབ་ལ། འབའ་ཡི་ས་མིང་བྱུང་ཚུལ་དེ་ཡང་དམངས་ཁྲོད་ཀྱི་ངག་རྒྱུན་ཙམ་ལ་ཁུངས་གཏུགས་པ་ནི་དཔྱད་རྩོམ་དེའི་ཞན་ཆ་ཆེན་པོར་གྱུར་བས་འདི་ནས་ཀློག་པ་པོ་རྣམས་ལ་གཟོད་གསོལ་ཞུའོ།།
          བ་གླང་ངམ་བལ་གླང་བླ་ཟོག་ཏུ་བཀུར་བའི་རིག་གནས་ཀྱི་ཐོག་མའི་བྱུང་ཁུངས་དེ་རྒྱ་གར་འཕགས་པའི་ཡུལ་ཡིན་ཏེ། བྲམ་ཟེ་རྣམས་ཀྱིས་བ་གླང་ནི་ལྷའི་སྒོ་ཟོག་ཏུ་འདོད་པ་དང་། ཡུལ་དེར་དེང་སང་ཡང་བ་གླང་གི་ཤ་ཟ་བ་ཕར་ཞོགས། དེར་རྡོ་དང་དབྱུག་པས་གཞུས་མཁན་ཡང་ཉིན་སྐར་གྱི་རྗེས་སུ་འགྲོ་ཙམ་ཡིན། ཡུལ་གཞན་དུ་བ་གླང་མཆོད་སྦྱིན་དུ་བྱེད་པ་དེ་ཡང་བ་གླང་འདི་མཆོད་རྫས་མཆོག་ཏུ་བྱེད་པའི་འདུ་ཤེས་ནོར་འཁྲུལ་ཅན་གྱི་བྱེད་ལས་ཤིག་ཡིན་པར་ངེས། སྟོན་པ་སངས་རྒྱས་བྱོན་དུས་ད་དུང་བ་གླང་བླ་ཟོག་ཏུ་བཀུར་བའི་སྲོལ་ལ་གནས་པ་ནི། ཏུན་ཧོང་ནས་ཐོན་པའི་P.T.966ཤོག་དྲིལ་གྱི་ཤོག་ལྷེ་3པའི་ཐིག་ཕྲེང8པར་ཁོང་གི་འཁྲུངས་རབས་བཀོད་པ་ལས། སངས་རྒྱས་བལ་གླང་དཀར་པོར་[25]སྤྲུལ་ནས། ཡུཾ་ལྷ་མཛེས་ཀྱི་ལྷུམས་སུ་གཤེགས་ཏེ། རྒྱལ་པོའ་ཟས་གཙང་གི་སྲས་སུ་བལྟམས་ནས་རབ་ཏུ་བྱུང་སྟེ། ཞེས་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ཡུམ་སྒྱུ་མ་ལྷ་མཛེས་ཀྱི་ལྷུམས་སུ་ཞུགས་དུས་སུ་བལ་གླང་དཀར་པོའི་རྣམ་པར་སྤྲུལ་ནས་བྱོན་ཚུལ་བཀོད་པ་ལྟར་རང་རེའི་བསྟན་བཅོས་རྣམས་སུ་སྟོན་པ་གླང་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན་གྱི་ཚུལ་དུ་ཡུམ་གྱི་ལྷུམས་སུ་ཞུགས་པར་བཤད་པ་འདིས་བདེན་དཔང་བྱ་ཐུབ།  ཏུན་ཧོང་ནས་ཐོན་པའི་དཔའ་སྐོང་ཕྱག་བརྒྱ་བའི་ཤོག་དྲིལ་P.T.17གྱི་ཐིག་ཕྲེང་87པར། བྱང་ཤར་ཀྱི་ཕྱོགས་ཀྱི་སངས་རྒྱས་ཏིང་ངེ་འཛིན་ཀྱི་གླང་པོ་དམ་པའྀ་དཔལ་དེ་བཞིན་གཤེགས་པ་ལ་ཕྱག་འཙལ་ལོ་། ཞེས་དང་། བསྟན་འགྱུར་དུ། སྟོན་པ་གླང་པོ་དེ་ལ་ཕྱག་འཚལ་ལོ[26]། ཞེས་དང་། རྡོ་སྦིས་དགེ་བཤེས་ཀྱིས་རྗེ་བླ་མར་དགག་ཕྱོགས་ནས་བསྟོད་པར། འབྲོག་རི་གླང་པོ་དེ་ལ་བདག་ཕྱག་འཚལ[27]། ཞེས་པའི་བརྗོད་ཚུལ་དེ་དག་གིས་སྔོན་གྱི་དུས་སུ་བླ་ཟོག་གླང་འདི་ནི་ཆེས་མཆོག་ཏུ་བཀུར་བ་ཞིག་དང་སྟོན་པ་གླང་པོ་ཞེས་པས་སྟོན་པ་མཆོག་ཏུ་གྱུར་བ་དང་། འབྲོག་རི་གླང་པོ་ཞེས་བརྗོད་པས་དགེ་ལུགས་པའི་ཤིང་རྟའི་སྲོལ་འབྱེད་རྗེ་རིན་པོ་ཆེ་མཆོག་གམ་རྩེ་མོར་གྱུར་བའི་སྐྱེས་བུ་ཡིན་ཚུལ་མཚོན་ཞིང་དེ་ལྟར་བསྔགས་བརྗོད་གནང་ཚུལ་ནི་ཆེས་ཡིད་དུ་འོང་བ་ཞིག་དང་ཚང་མས་དང་ལེན་བྱེད་ཐུབ་པ་ཞིག་ཡིན་པ་དེ་ཡང་རིག་གནས་དེའི་ངོས་ནས་དཔྱད་ན་གོ་བ་ལེན་ཐུབ་པ་ཞིག་རེད།
          བ་གླང་བླ་ཟོག་ཏུ་བཀུར་བའི་རིག་གནས་དེ་རྒྱ་གར་ཙམ་དུ་མ་ཟད། བོད་ལའང་ཆེས་སྔ་མོ་ཞིག་ནས་དར་བ་ནི། 《ལྡེའུ་ཆོས་འབྱུང་རྒྱས་པ》ལས། ལྷེ་གླང་རུ་དཀར་དང་བཅས་པ་གནང་ངོ་[28]།  ཞེས་རྗེ་གཉའ་ཁྲི་མི་ཡུལ་དུ་གཤེགས་ཁར་ཡབ་ཀྱི་དཀོར་རྫོང་བྱིན་པའི་གྲས་སུ་ལྷེ་གླང་རུ་དཀར་བྱ་བའི་གླང་པོ་ཡོད་ཚུལ་བཀོད་ཡོད་པ་དང་།བོད་རྒྱལ་གྲི་གུམ་བཙན་པོའི་དུས་སུ་དེ་ལྟའི་སྲོལ་ལ་གནས་པ་ནི་《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས། ལྷ་སྲས་མཆེད་གསུམ་ཡབ་ཀྱི་དཀོར་མཛོད་ནས། །ལྷ་ཡི་གླང་བུ་ཅེ་འུ་རུ་དཀར་ཞེས། །འཕུར་ཤེས་ཞོན་ནས་ཀོང་པོའི་ཡུལ་དུ་བྲོས[29]། ཞེས་བཀོད་པ་འདི་ལས། བློན་པོ་ལོ་ངམ་གྱིས་བོད་རྒྱལ་དྲི་གུམ་བཙན་པོ་བཀྲོངས་རྗེས་སུ། དེའི་སྲས་རྣམས་དཀོར་མཛོད་གྱི་གླང་དཀར་པོར་ཞོན་ནས་བྲོས་ཤིང་ཉེན་ཁ་ལས་ཐར་བའི་བརྗོད་ཚུལ་འདིས་ཤེས་ཤིང་། རིམ་གྱིས་བ་གླང་བླ་ཟོག་ཏུ་བཀུར་བའི་རྣམ་པ་དེ་ཡང་བོད་རང་སའི་ཐུན་མིན་གྱི་ཕྱུགས་རིགས་གཡག་འདིར་ངོས་འཛིན་པའི་འགྱུར་བ་བྱུང་བ་ནི་《མི་བུ་གདོང་དྲུག་གི་རུས་མཛོད》[30]དུ། སྒ་ནི་ཤིང་ཁམས་ལུག་ལ་བླ། སྒོ་ནི་མེ་ཁམས་ར་ལ་བླ། ལྡོང་ནི་ས་ཁམས་ཤ་བར་བླ། སྦྲ་ནི་ལྕགས་ཁམས་རྐྱང་ལ་བླ། འབྲི་ནི་ཆུ་ཁམས་གཡག་ལ་བླ། ཅེས་བོད་ཀྱི་བླའི་རིག་གནས་གླེང་པའི་ཁྲོད། གནག་ཕྱུགས་གཡག་འདི་བླ་ཟོག་ཏུ་ངོས་འཛིན་བྱས་ཡོད་པ་དང་།  ཏུན་ཧོང་ནས་ཐོན་པའི་ P.T.126ཤོག་དྲིལ་གྱི་ཐིག་ཕྲེང146པར། ལྷ་གཡག་ཤམ་པོ་མཆིས་སམ་མ་མཆིས། ཞེས་དང་། བོད་རྒྱལ་གྲི་གུམ་གྱི་བཙུན་མོ་དེ་རྟ་འཚོར་ཕྱིན་ནས། གཉིད་ལོག་པའི་རྨི་ལམ་ན། ཡར་ལྷ་ཤམ་པོའི་སྤྲུལ་བ་མི་དཀར་པོ་ཅིག་དང་འབྲེལ་པ་རྨིས། གཉིས་སད་ཙ་ན། སྔས་མགོ་ནས་གཡག་དཀར་པོ་ཅིག་ལངས་ནས་སོང་པ་མཐོང་[31]། ཞེས་སྤུ་རྒྱལ་བཙན་པོའི་བླ་གནས་ཡར་ལྷ་ཤམ་པོ་ནི་གཡག་དཀར་པོ་ཞིག་གི་རྣམ་པར་བཀོད་ཡོད་པ་རྣམས་ནི་བོད་ལ་སྔོན་གྱི་དུས་སུ་རིག་གནས་འདི་དར་བའི་རྣམ་པ་སྟེ་བ་གླང་བླ་ཟོག་ཏུ་བཀུར་བའི་རིག་གནས་ཤིག་ཡོད་པའི་ཚུལ་ཤེས་བྱེད་ཡིན།
          འབལ་དང་། བལ་གླང་ཞེས་པའི་མིང་གཞི་བ་ཡིག་འདིར་དཀར་པོའི་དོན་ཡོད་པ་ནི་ཚྭ་དཀར་པོར་བ་ཚྭ་དང་། ལོ་མང་སྐྱེས་པའི་རྩྭ་ལྡུམ་ལོ་མ་ཆེ་ཞིང་བ་སྤུ་དཀར་པོས་ཁྱབ་པ། མེ་ཏོག་དཀར་པོ་ཤིང་བལ་དང་འདྲ་ལ། སྐམ་ཡང་མདོག་མི་འགྱུར་བ་རྩྭ་ལྡུམ་དེར་བ་ལི་ཞེས་དང་། སུ་རུ་དཀར་པོ་ལ་བ་ལུ། ཏུན་ཧོང་ནས་ཐོན་པའི་P.T.123V་ཤོག་དྲིལ་གྱི་ཐིག་ཕྲེང་143.པར། །བ་མོའི་རེག་པ་མྱེད་དོ་ཞེས་བྱ་བས་ནི། བསྒྲུབ་པར་བྱ་བའ་ཆོས་བསྟན་ཏོ། །བ་མོའི་རེག་པ་ནྀ་ཁ་བའི་རེག་པའོ། ཞེས་བ་མོའི་འགྲེལ་ལ་ཁ་བ་བཀོད་ཡོད་པ་དང་། མདོ་སྨད་ཀྱི་ཡུལ་དུ་སྟོན་ཁར་རྩྭ་ལྡུམ་དང་མེ་ཏོག་ལ་ཁ་བ་ལྟ་བུ་གྲང་རླུང་ཆེ་བས་བསིལ་བ་དཀར་པོ་བྱུང་བར་སྟོན་ཁའི་བ་མོ་ཞེས་བརྗོད་པ་དང་།  ཏུན་ཧོང་ནས་ཐོན་པའི་ཤོག་དྲིལ་P.T.967ཐིག་ཕྲེང་4-5པར། བའ་ཚའི་ཆུ་ཁོལ་མའས་བཀང་སྟེ། སེམས་ཅན་དེ་དག་དམྱལ་སྲུངས་ཀྱྀས་བཟུང་ཞྀང་རྫ་མའྀ་ནང་དུ་ཁྱིའུ་ཚུགས་སུ་འབྱོར་ཞྀང་འཚོད་དོ་། གྲང་བའྀ་དམྱལ་བ་བརྒྱད་ཀྱང་། རླུང་དང་ལྷགས་པ་དང་། བ་མོ་དང་། ཆབ་བྲོམ་གྀ་འཁྱགས་དོང་མང་པོ་གནས་པ་ལ།  ཞེས་བཀོད་པའི་བའ་ཚའི་ཆུ་ནི་བ་ཚྭའི་ཆུ་ཡིན་པ་དང་། བ་མོ་ནི་འཁྱག་རོམ་སྟེ་ང་ཚོའི་ཁ་སྐད་དུ་དར་ཞེས་བརྗོད་པའི་བརྡ་ཡིན་པ་རྣམས་ཀྱིས་བ་གླང་ནི་ཁ་མདོག་དཀར་པོ་སྟེ་གླང་དཀར་པོ་ཞེས་པའི་མིང་འབོད་ཡིན་པ་དང་དེ་ལྟ་བུ་རྒྱུ་མཚན་དུ་བྱས་ནས་རྒྱའི་ཡི་གེར་白兰ཞེས་དང་བོད་ཀྱི་ཡི་གེར་འབལ་ཞེས་བྱུང་བ་ནི་གོང་གསལ་གྱི་དཔེ་རྣམས་ལས་རྟོགས་པར་འགྱུར། ཁ་ཅིག་གིས་རྒྱ་བོད་མིང་བརྡ་གཅིག་པར་གྱུར་པ་དེ་འདྲ་མི་སྲིད་པའི་དོགས་པ་སློང་སྲིད་ཀྱང་ཡ་གླིང་གི་མི་རྣམས་ཀྱི་སྐད་ཁོངས་གཅིག་ཏུ་གྱུར་བའི་གནས་ལུགས་ཀུན་ལ་གསལ་ཞིང་ཁོ་ཚོ་ཡུན་རིང་འཚོ་བའི་ཁྲོད་ཕན་ཚུན་གྱི་མིང་བརྡ་གཅིག་འདྲ་སྤྱོད་པ་མང་སྟེ་དཔེར་ན། བོད་ཀྱི་སྐད་ལ་ཐེམ་པ་དང་། ལྟོ་བ། དུག་དང་། དོང་། བོའུ། མིག་སོགས་རྒྱའི་སྐད་ལའང་台阶,肚子,毒,洞,武,目སོགས་མིང་བརྡ་གཅིག་པའི་མིང་དེ་འདྲ་བརྗོད་ཀྱིས་མི་ལང་པ་ཡོད་ཅིང་། ད་ལྟའི་དུས་སུའང་རང་རང་གི་སྐད་དུ་བརྩིས་ནས་སྤྱོད་བཞིན་ཡོད་པ་ལྟར། བལ་དང་འབལ་གྱི་རྗེས་འཇུག་འཕྲལ་པའི་འབའ་དང་བ། རྒྱའི་ཡི་གེར白འབྲི་བ་རྣམས་ཀྱི་དོན་འདྲ་བའང་གནས་ལུགས་དེ་དག་ལས་ཤེས་ཐུབ་བོ། མིང་བརྡ་འདྲ་བ་དེ་རྣམས་ཐོག་མར་རྒྱ་བོད་ཀྱི་མི་རིགས་སུ་ཞིག་སྐད་ལས་མཆེད་པའམ། སྐད་རིགས་གང་ཞིག་གང་གིས་ཁུངས་སུ་གྱུར་ཚུལ་སོགས་ནི་ལོ་ངོ་སྟོང་ཕར་ཞོགས། མི་ལོ་ཁྲི་ཕྲག་བརྒལ་པའི་རྒད་པོ་བཞུགས་ཀྱང་ཐག་གཅོད་ཐབས་མེད་པས། དེ་འདྲའི་ཚུལ་ཙམ་ཤེས་པར་བྱ་བ་ལས་ཕུ་ཐག་གཅོད་བསམ་པ་ནི་རང་ཉིད་ངལ་བའི་རྒྱུ་ཡིན་པ་ཤེས་པར་བྱའོ། བོད་མི་རིགས་འདིས་གྲང་ངད་ཆེ་བའི་གངས་རི་དང་། ལྷགས་རླུང་ལྡིང་བའི་ཁ་བ་སོགས་དཀར་པོ་མཆོག་ཏུ་བྱེད་ཅིང་ཡིད་དུ་འོང་བའི་གནས་སུ་ངོས་འཛིན་པའི་སྲོལ་གཞོམ་གཞིགས་མེད་པ་གཤིས་སུ་གྲུབ་པའང་རིག་གནས་དེ་འདྲའི་འདུ་ཤེས་ཤིག་ལ་འབྲེལ་ཡོད་སྙམ།
          དེས་ན་བོད་གྱི་ཡུལ་ནས་གླང་དཀར་པོ་བླ་ཟོག་ཏུ་བྱེད་པའི་རུས་རྒྱུད་ཚོ་བ་དེར་གླང་གི་རུ་སྡེ་ཟེར་ཞིང་དེ་ཡང་གླང་དཀར་པོ་མཆོད་པའམ་བཀུར་ཡུལ་དུ་བྱེད་པས་གླང་ལྷ་སྡེ་དཀར་པོ་ཟེར་བ་ཡིན་པ་ནི་གོང་གསལ་གྱི་རྒྱུ་མཚན་ལས་རྟོགས་པར་འགྱུར་བས། བོད་ཀྱི་སྔོན་གྱི་མི་རྣམས་ལ་བླའི་རིག་གནས་འདི་གལ་ཆེ་ཞིང་ལོ་རྒྱུས་ཀྱི་ཕུ་ཐག་རིང་མོ་ཡོད་པ་དེ་ལྟར་ཤེས་ཐུབ། དེ་ལས་བརྟག་ན་གླང་གི་རུ་སྡེ་དེས་གཙོ་བོར་བྱས་ནས་འཆད་པའམ་རྒྱུན་སྐྱོང་པའི་སྒྲུང་གླུ་རིང་མོ་དེར་གླང་སྒྲུང་ཞེས་གྲགས་པ་ཡིན་པའང་ཤུགས་ལ་རྟོགས་ཐུབ། སྒྲུང་བ་རྣམས་ཀྱི་ངག་ནས་གླང་སྒྲུང་དང་གླང་ལྷ་སྡེ་དཀར་པོ་ཞེས་སྙན་མོའི་དབྱངས་རྟར་དྲངས་པའི་སྒྲུང་རབས་གྱེར་ནས་དུས་སྐབས་རིང་མོ་ཞིག་འགོར་བ་བརྒྱུད། ཧ་ལམ་དུས་རབས་བཅོ་བརྒྱད་པའི་ཡས་མས་སུ་གེ་སར་སྒྲུང་གླུ་རྣམས་ཡི་གེར་འགོད་པ་དང་པར་གཞི་བཞེངས་འགོ་ཚུགས་ཤིང་། སྐབས་དེའི་སྒྲུང་དཔེ་དག་བསྒྲིགས་བྱེད་མཁན་རྣམས་ཀྱིས་ས་མིང་དང་མིའི་མིང་། རུས་མིང་སོགས་མིག་སྔའི་ནང་བསྟན་རིག་གནས་སུ་བསྟུན་ཐབས་བྱེད་ཁྲོད་ནས་རིག་གནས་ཀྱི་བསྟན་དོན་མི་འདྲ་བའི་གླང་དང་གླིང་གི་དོན་ལ་དཔྱད་པ་མེད་པར་ཐམས་ཅད་གླིང་སྒྲུང་ངམ་གླིང་ལྷ་སྡེ་དཀར་པོ་ཞེས་བཀོད་པ་ནས་མི་ལོ་སྟོང་ཕྲག་དུ་མའི་རིང་གླང་དཀར་པོ་བླ་ཟོག་ཏུ་བཀུར་བའི་གླང་གི་རུ་སྡེའི་མིང་དང་དེའི་རིག་གནས་ཀྱི་བསྟན་དོན་རྩ་བ་ནས་བརླག་པའི་དུས་རབས་ཀྱི་འགོ་ཚུགས་སོ།
          དེ་ལྟར་བོད་ཡུལ་འདིར་སྔོན་གྱི་དུས་སུ་བླ་ཟོག་གླང་འདི་བཀུར་བའི་རིག་གནས་བྱུང་ཤིང་དེར་དམན་པའི་དོན་ཅུང་ཙམ་ཡང་མེད་པ་ལགས་ན། གླང་དང་གླིང་ལ་དམན་མཆོག་གི་འདུ་ཤེས་འཛིན་པ་ནི་རང་ཉིད་ཤེས་རྒྱ་དམན་པའི་རྟགས་སུ་ཤེས་པར་བྱའོ།
          རིག་གནས་དེའི་ངོས་ནས་བརྟག་ན། དེང་སང་བོད་ཀྱི་ཡུལ་ཕྲན་ཁག་ཅིག་ཏུ་གླང་ཤ་མི་ཟ་བ་དང་དུད་འགྲོ་ཁྱི་སོགས་སྲུང་མར་བྱེད་པའི་མི་སྡེ་ཡོད་པ་རྣམས་ནི་བླའི་རིག་གནས་གླང་སོགས་ལ་འབྲེལ་བའི་བྱེད་སྟངས་ཞིག་ཡིན་ནམ་སྙམ་ཏེ་འགྲེལ་ཚུལ་གཞན་ལྟར་བྱས་ན་འོས་སམ་སྙམ་པའི་དོགས་པ་ཞིག་ངང་གིས་འཆར།
          མདོ་ཁམས་ཀྱི་ཡུལ་ཕལ་མོ་ཆེར་རུས་འབལ་ལམ་དེང་སང་གླིང་དུ་འབྲི་བའི་གླིང་ལྷ་སྡེ་དཀར་པོས་ཁྱབ་ཡོད་པ་ནི་སློབ་དཔོན་དམུ་དགེ་ལགས་ཀྱིས་གླིང་གི་རུ་སྡེ་བརྗོད་དུས། རྨ་སྟོད་སྨད་བར་གསུམ་སོགས་མདོ་ཁམས་ཀྱི་ས་ཐམས་ཅད་བཟུང་[32]། ཞེས་གསུངས་པ་ལྟར་ཡིན་ལ། བྲག་སྒོམ་པ་དཀོན་མཆོག་བསྟན་པ་རབ་རྒྱས་ལགས་ཀྱིས་མཛད་པའི་《མདོ་སྨད་ཆོས་འབྱུང་》ལས། སུམ་པའི་རང་རྣམ་དུ། གླང་རིའི་འདབས་ཀྱི་རྨ་ཆུ་ཁར་ཡོད་པའི་མཆོད་རྟེན་གོ་མ་ས་ལ་ཞེས་པ[33]། ཞེས་དང་། ཡང་རང་རྣམ་དེ་རུ། ཁོང་པེ་ཅིན་ནས་ཕྱིར་དགོན་ལུང་དུ་བྱོན་དུས། དེ་དུས་ཉིང་ཤ་ནས་ལམ་མ་ཐོན་པར་གླང་རིའི་རྒྱབ་ནས་ཁད་ཀྱིས་འོངས་ཏེ་དགོན་ལུང་དུ་ཁྲ་ཟླའི་ཡར་ངོའི་ཟླ་བ་དང་པོའི་ཉིན་སླེབས[34]། ཞེས་བཀོད་པ་རྣམས་ལས་སྔོན་མི་ཉག་གི་ཡུལ་ཏེ་ད་ལྟའི་ཉིན་ཤ་ཧུའེ་རིགས་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་ཡོད་པའི་རྒྱ་ནག་གླང་རིར་(贺兰山)གྲགས་པའི་རི་བོ་དེར་གླང་རི་ཟེར་ཚུལ་གསུང་ཞིང་། དེས་སྔོན་མི་ཉག་གིས་བླ་ཟོག་གླང་[35]བཀུར་བ་ཤེས་ཐུབ་ལ། ཁོ་ཚོའི་འཚོ་ཡུལ་གྱི་རི་བོར་གླང་གི་མིང་འབྱོར་བའི་རི་བོ་ཞིག་ཏུ་ངོས་འཛིན་སྲོལ་བྱུང་བ་ཡང་རིག་གནས་དེ་འདྲ་ཞིག་ལ་བརྟེན་པ་ཤེས་ཐུབ། མི་ཉག་ནི་ལྡོང་སྤྱང་རིགས་གཙོར་བོར་བྱས་པའི་མི་རིགས་ཤིག་ཡིན་པར་བཤད་པ་དང་ཁོ་ཚོ་ཐོག་མར་མདོ་དབུས་མཐོ་སྒང་དུ་གནས་འཆའ་བ་ནས་རིམ་གྱིས་མི་ཉག་གི་ཡུལ་དུ་སྤོས་ནས་བསྟན་པ་ཕྱི་དར་གྱི་ཐོག་མའི་དུས་སུ་མི་ཉག་རྒྱལ་ཁབ་བཙུགས། སྙན་ངག་པ་འཇུ་སྐལ་བཟང་ལགས་ཀྱིས་མི་ཉག་གི་ཡིག་ཚང་དུ་གླང་དཀར་བསྟོད་པ་ཞེས་པ་མཐོང་མྱོང་ཚུལ་གླེང་མྱོང་བ་དང་། ཁོང་ཚོས་བླ་ཟོག་གླང་ཏུ་བྱེད་ཅིང་རྒྱབ་རིར་གླང་རིར་འབོད་པ་དེས་རྒྱལ་རབས་དེའང་གནའ་བོའི་རུས་འབལ་བྱ་བའི་རིགས་རུས་སུ་འབྲེལ་བ་ངེས་ཅན་ཡོད་པ་ཤེས་ཐུབ། ལན་གྲུ་དང་། ལང་ཇུ་སོགས་ད་ལྟའི་ས་མིང་དེ་དག་ཀྱང་ཐོག་མར་གླང་གི་སྐད་དོད་འདི་ལ་གཞོལ་བའི་ས་ཆ་ཞིག་ཡིན་ནམ་སྙམ། རྒྱ་ནག་གླང་ཆེན་འགྱིང་རི་ནི་འཕགས་པ་ཀུན་ཏུ་བཟང་པོའི་གནས་སུ་གྲགས་པས་གནས་རི་དེ་རུས་རྒྱུད་འདིར་འབྲེལ་བར་ཁ་ཚོན་གཅོད་མི་ཐུབ་ཀྱང་དཔྱད་པའི་གནས་སོ།།
          དེ་ལྟར་འབལ་དང་། འབའ་ལ། བལ་གླང་དུ་གྲགས་པའི་གླང་འདི་བླར་བཀུར་བའི་རུས་རྒྱུད་དེར་ད་ལྟ་གླིང་དཀར་པོར་གྲགས་ཤིང་དེའི་ཚུལ་རྒྱས་པར་བརྗོད་པ་སྐབས་སུ་མ་བབ་པས་འདིར་འབལ་གྱི་ཀློག་སྟངས་འགྱུར་བའི་རུས་མིང་འབལ་དང་འབའ་ཡི་གོ་དོན་དང་འགྱུར་ལུགས་ཙམ་གླེང་བ་ཡིན། ཕྱིས་སུ་བོད་ཀྱི་རིགས་རུས་ཀྱི་གོ་རིམ་འཆོལ་ཞིང་གདུང་ཁུངས་གསལ་པོ་འདེད་དུ་མེད་པས། 《མི་བུ་གདོང་དྲུག་གི་རུས་མཛོད》དུ། རུས་པ་གཙང་མར་མ་ཤེས་ན། དེ་ཡང་ལྡོང་ལ་བསྡུ་ཞེས་ཟེར[36]། ཅེས་པ་ལྟར་མདོ་སྨད་ཀྱི་རུས་ཕལ་མོ་ཆེ་ནི་ལྡོང་གི་རུས་སུ་བསྡུས་ཆོག་པ་ནི་དོན་ལ་རིགས་རུས་ཀྱི་ངོས་འཛིན་འཆོལ་ཞིང་ཁུངས་གསལ་པོ་བརྗོད་དུ་མེད་པ་རྣམས་རུས་ཆེན་འདིར་སྦྱོར་ཅི་ཐུབ་བྱེད་པའི་ངོས་འཛིན་ནམ་བྱེད་སྟངས་ཤིག་ཡིན། ད་ལྟ་ལྷག་པར་ངོས་འཛིན་དཀའ་བར་གྱུར་བའི་དུས་འདིར། རང་གི་རིགས་རུས་ཀྱི་ཁུངས་གསལ་པོ་བསྟན་དུ་ཡོད་པ་ཆེས་ཉུང་ཡང་། རང་རང་སྐྱེས་ཡུལ་གྱི་ས་མིང་ངམ་སྔོན་གྱི་རུས་མིང་ཇི་ལྟར་ཡོད་པ་དེ་རང་གི་རུས་སམ་ཡུལ་གང་ཡིན་སྟོན་བྱེད་དུ་སྤྱོད་པའི་སྲོལ་དེ་རྒྱུན་འཁྱོངས་བྱས་ན་ད་ལྟ་དང་མ་འོང་པའི་དུས་སུ་ལོ་རྒྱུས་ཀྱི་མི་སྣ་གང་ཡིན་དང་ཡུལ་དེའི་ལོ་རྒྱུས་བྱུང་རབས་བརྗོད་པར་གོ་ནོར་མི་འབྱུང་བ་སོགས་དགེ་མཚན་མི་དམན་པ་ལྡན་པས་ལུགས་འདི་རྒྱུན་འཁྱོངས་བྱས་ན་འོས་པ་ཙམ་ཡིན་པ་ལས། ད་ལྟའི་རུས་མིང་གང་དེར་རྒྱུ་མཚན་ནམ་ཁུངས་ཇི་འདྲ་ཡོད་མེད་ཀྱི་དཔྱད་པ་མི་འོས་སོ། །
          མཆན་འགྲེལ།
          [①] བྲག་སྒོམ་པ་དཀོན་མཆོག་བསྟན་པ་རབ་རྒྱས་མཛད།《མདོ་སྨད་ཆོས་འབྱུང》ཤ་255་ལ་གསལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1982ལོ།
          [②] བྲག་སྒོམ་པ་དཀོན་མཆོག་བསྟན་པ་རབ་རྒྱས་མཛད།《མདོ་སྨད་ཆོས་འབྱུང》ཤ་270. 267་ལ་གསལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1982ལོ།
          [③] མཚན་གཞན་ལ་སྐྱོབ་པ་འཇིག་རྟེན་མགོན་པོར་འབོད། ཁོང་ནི་སྤྱི་ལོ1143-1217འཚོ་བཞུགས།
          [④] སི་ཏུ་སྐུ་ཕྲེང་བརྒྱད་པ་1700ལོར་འཁྲུངས། 《ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན》ཤོག་ངོས་119ལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1992ལོ།
          [⑤] འདིའི་འབྲི་ཚུལ་གཞན་དུ་白狼་ཟེར་བ་ནི་དུས་སྐབས་དེར་འབའ་ལའམ། འབའ་ལང་། ཡང་ན་འབའ་རླང་སོགས་བོད་ཀྱི་སྒྲའི་བརྗོད་ལུགས་ལྟར་རྒྱའི་ཡི་གེར་འཁོད་པ་ཞིག་ཡིན་པས། ཡིག་དོན་ལྟར་གོ་མི་རུང་། གཞན་ཡང་《གངས་ལྗོངས་ཉི་གཞོན》2013དུས་དེབ་དང་པོའི་ཤོག་ངོས་58ནང་།白狼国ཟེར་བའི་སྐད་དོད་དུ་བོན་ནག་རྒྱལ་རབས་ཞེས་བསྒྱུར་བ་ནི་ལོ་རྒྱུས་ཀྱི་ཡི་གེར་ཁུངས་གཏུག་ཏུ་མེད་པའི་བསྒྱུར་ཚུལ་ལོ། ཆང་ནི་སྔོན་ནུབ་རྒྱུད་ཀྱི་མི་རིགས་རྣམས་ཀྱི་སྤྱི་མིང་སྟེ་འདིར་བླ་ཐབས་སུ་བཏགས་པའི་མིང་ཡིན།
          [⑥] ཡི་གེ་འདིའི་སྔོན་གྱི་འབྲི་སྟངས་ནི་བལ་ཅེས་འབྲི་ཞིང་ཀློག་དུས་བ་ལ་ཞེས་བ་གླང་གི་སྒྲར་ཀློག་དགོས་ལ། བ་ཡིག་དེར་འས་འཕུལ་ཡོད་པ་བཞིན་ཀློག་པས་རྗེས་ཀྱི་ཡི་གེར་འབལ་ཅེས་པའི་འབྲི་ཚུལ་བྱུང་། དེའི་རྗེས་སུ་བལ་གྱི་འབྲི་ཚུལ་དེར་མིང་བླ་ཐབས་སུ་བསྣན་པའི་ཚུལ་གྱིས་བལ་གླང་ཞེས་འབྲི་བ་ནི་ཏུན་ཧོང་ཡིག་རྙིང་དུ། ནུབ་གྱྀ་བལ་གླང་སྤྱོད།(P.T.1257-9.8) ཅེས་དང་། བལ་གླང༌།(P.T.1257-9.22) ཞེས་གླང་པོ་རིན་པོ་ཆེའི་མིང་བྲིས་པ་རྣམས་ལས་ཤེས་ཐུབ་བོ།
          [⑦] གངས་ཅན་རིག་མཛོད། ༡༢པ། དགེ་ཆོས་གསུང་རྩོམ་དེབ་གསུམ་པ། ཤོག་ངོས274ལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1990ལོ།
          [⑧] གྱི་ལུང་བཀྲ་ཤིས་རྒྱ་མཚོ་དང་ཐུགས་མཆོག་རྡོ་རྗེས་བརྩམས།《བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་ཞེས་བྱ་བ》ཤ29ལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1992ལོ།
          [⑨] དཔའ་བོ་གཙུག་ལག་ཕྲེང་བས་མཛད། 《མཁས་པའི་དགའ་སྟོན》ཤོག་ངོས189ལ། མི་རིགས་དཔེ་སྐྲུན་ཁང་།1986ལོ།
          [⑩]《སྲིད་པའི་རྨ་རབས།》ཤོག་ངོས། 256ལ། མི་རིགས་དཔེ་སྐྲུན་ཁང་། 2012ལོ།དམ་ཅན་རྨ་གཉན་པོམ་ར་ནི། རི་ཕྲན་འབུམ་གྱི་དབུས་ན་འགྱིང་།
          [11]《ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པ》གུ་གེ་གྲགས་པ་རྒྱལ་མཚན་གྱིས་མཛད་པ། སྣུམ་པར།
          [12]《སྟག་ཚང་ལོ་ཙཱ་བའི་གསུང་འབུམ་པོད་གཉིས་པ》ཤོག་ངོས130ལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོ།
          [13] བཅོམ་ལྡན་རིག་རལ་གྱིས་མཛད། 《སྒྲའི་བསྟན་བཅོས་སྨྲ་བ་རྒྱན་གྱི་མེ་ཏོག་ཅེས་བྱ་བའི་དཀར་ཆག་བཞུགས་སོ།》 《བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས》དེབ53པ། ཤོག་ངོས་388པ་དང་། 389པར་གསལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2006ལོ།
          [14]《བོད་ལྗོངས་ཞིབ་འཇུག》2013.2
          [15] བེ་རིའི་འབྲི་ཚུལ་ལ། བི་རི་དང་བེ་རེ་སོགས་བྱུང་། རུས་འདི་ཕྱིས་ཀྱི་ཁམས་དཀར་མཛེས་དང་ཆབ་མདོ་ཁུལ་གྱི་བེ་རི་དེ་མིན་ཚུལ་རྒྱལ་མོ་འབྲུག་པ་ལགས་ཀྱིས་མཛད་པའི་《ལོ་རྒྱུས་སྟེང་གི་བེ་རི་དང་བེ་རི་རྒྱལ་པོའི་སྐོར་གླེང་པ》ཞེས་པར་གསལ། 《ཀྲུང་གོའི་བོད་རིག་པ》2012.2
          [16] བེ་རིར་འབྲེལ་བའི་རུས་རྒྱུད་ཚོ་བ་གཞན་དག་རྣམས་ཀྱི་དོན།
          [17] བློ་བཟང་ཆོས་གྲགས་དང་བསོད་ནམས་རྩེ་མོས་བསྒྲིགས།《རྩོམ་ཡིག་གསེར་གྱི་སྦྲམ་བུ། 》སྟོད་ཆ།  132ལ།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།1994ལོ་པར་ཐེངས་གསུམ་པ།
          [18] དབུས་སྐད་སྨྲ་ཤེས་པ་བརྒྱ་ཆའི་བརྒྱ་ནང་ན་རེ་རེ་ཙམ་ཞེས་པ་ཡིན་ནམ་སྙམ།
          [19]《བོད་ཀྱི་ལོ་རྒྱུས་དང་རྣམ་ཐར་ཕྱོགས་བསྒྲིགས་ཆེན་མོ་བཞུགས་སོ།》༼ལ༽(26) 《རྒྱལ་བ་ཡང་དགོན་པའི་རྣམ་ཐར།》  ཤོག་ངོས་32-33ལ།  སྤྱིའི་ཤོག་ངོས་།  613ལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010ལོ།
          [20] 张云著。《丝路文化•吐蕃卷》64页。浙江人民出版社。1995年。
          [21] ཆབ་སྤེལ་ཚེ་བརྟན་ཕན་ཚོགས་དང་ནོར་བྲང་ཨོན་རྒྱན་གྱིས་མཛད། 《ལོ་རྒྱུས་གཡུ་ཕྲེང》ཤོག་ངོས་118 ལ།  བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། 1889ལོ།
          [22] ཁ་སྒང་བཀྲ་ཤིས་ཚེ་རིང་། 《དུས་རབས་བདུན་པ་དང་བརྒྱད་པའི་དུས་ཀྱི་བོད་ལི་མཛའ་མཐུན་འབྲེལ་བའི་སྐོར་དཔྱད་པ།》 ཤོག་ངོས229ལ། 《བོད་ཀྱི་ཡིག་རྙིང་ཞིབ་འཇུག》 མི་རིགས་དཔེ་སྐྲུན་ཁང་། 2003ལོ།
          [23]མཁས་པ་ལྡེའུ་མཛད། 《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ》ཤ17ལ། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། 1992ལོ། རླངས་སོ་རླངས་སོ་ལན་གསུམ་རླངས། ཞེས་རླངས་པ་འཕྱུར་བ་ལས་མིང་དེ་བྱུང་ཚུལ་གླེང་འདུག། 
          [24] 王尧、陈践编著。《吐蕃简牍综录》51页。文物出版社。1986年
          [25] ཏུན་ཧོང་ནས་ཐོན་པའི་ཡི་གེར་རྒྱལ་སྲིད་སྣ་བདུན་བགྲང་པའི་ཁྲོད་གླང་པོ་རིན་པོ་ཆེའི་མིང་ལ། བལ་གླང༌།(P.T.1257-9.22) ཞེས་བཀོད་འདུག་པས་རྒྱ་གར་ཡུལ་ནས་བ་གླང་དང་གླང་ཆེན་ལ་བལ་གླང་དཀར་པོ་ཟེར་བ་དང་བོད་ནས་བ་གླང་དང་ལྷ་གཡག་དཀར་པོར་བླ་ཟོག་ཏུ་ངོས་འཛིན་པའི་ཐུན་མིན་ཁྱད་ཆོས་བྱུང་ཡོད་།
          [26]《བསྟན་འགྱུར》མངོན་པ། ༼གུ༽ 157བསྟན་འགྱུར། དེབ་༨༠པ། ཤོག་ངོས་4ལ། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 2001ལོ།
          [27]《རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་གཉིས་པ》ཤོག་ངོས༡༠ལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།1982ལོ།
          [28]《ལྡེའུ་ཆོས་འབྱུང་རྒྱས་པ》མཁས་པ་ལྡེའུ་མཛད་པ། ཤོག་ངོས234ལ།  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ།
          [29] དཔའ་བོ་གཙུག་ལག་ཕྲེང་བས་བརྩམས།《ཆོས་འབྱུང་མཁས་པའི་དགའ་སྟོན་》སྟོད་ཆ། ཤོག་ངོས162ལ། མི་རིགས་དཔེ་སྐྲུན་ཁང་། 1986ལོ།
          [30] གྱི་ལུང་བཀྲ་ཤིས་རྒྱ་མཚོ་དང་ཐུགས་མཆོག་རྡོ་རྗེས་བརྩམས། 《བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་ཞེས་བྱ་བ》ཤ6ལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1992ལོ།
          [31] ས་སྐྱ་བསོད་ནམས་རྩེ་མོ། 《རྒྱལ་རབས་གསལ་མེ》ཤ55ལ། མི་རིགས་དཔེ་སྐྲུན་ཁང་། 1981ལོ། 《དེབ་དམར་》དུའང་མི་དཀར་པོ་ཅིག་ལ་འཕྲད་ཚུལ་བཤད་ཡོད།
          [32]《རྗེ་བཙུན་བསམ་གཏན་རྒྱ་མཚོ་དཔལ་བཟང་པོའི་གསུང་འབུམ་པོད་དྲུག་པ།》ཤ461ལ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2009ལོ། 
          [33] བྲག་སྒོམ་པ་དཀོན་མཆོག་བསྟན་པ་རབ་རྒྱས་མཛད།《མདོ་སྨད་ཆོས་འབྱུང་》ཤོག་ངོས138ལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1982ལོ།
          [34]《པཎྚི་ཏ་སུམ་པ་ཡེ་ཤེས་དཔལ་འབྱོར་མཆོག་གི་སྤྱོད་ཚུལ་བརྗོད་པ་སྒྲ་འཛིན་བཅུད་ལེན་ཞེས་བྱ་བ་བཞུགས་སོ།》ཤ215ལ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 2001ལོ། 
          [35] 贺兰ནི་གླང་གི་སྒྲ་འདིའི་འབོད་ཚུལ་ཡིན་པ་དང་། 山ནི་རྒྱའི་སྐད་དུ་རི་བོའི་མིང་བླ་ཐབས་སུ་བསྣན་པའི་སྒྲའོ།
          [36] གྱི་ལུང་བཀྲ་ཤིས་རྒྱ་མཚོ་དང་ཐུགས་མཆོག་རྡོ་རྗེས་བརྩམས།《བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་ཞེས་བྱ་བ》ཤ 6ལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1992ལོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1