གཙོ་ངོས།>> ཞིབ་འཇུག>>ལོ་རྒྱུས།

གུར་མགོན་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༦ཚེས་༢༥ཉིན།

༄༅།། བླ་ཆེན་དགོངས་པ་རབ་གསལ་གྱི་འཁྲུངས་གཞིས་སྐོར་ལ་བསྐྱར་དུ་དཔྱད་པ།

གུར་མགོན་ཚེ་རིང་།
          [ནང་དོན་གནད་བསྡུས།]བླ་ཆེན་པོ་དགོངས་པ་རབ་གསལ་གྱི་འཁྲུངས་གཞིས་དངོས་དེ་གང་དུ་ངོས་འཛིན་བྱེད་དགོས་པའི་ཐད་བོད་ཀྱི་མཁས་པ་སྔ་མ་དག་བཞེད་པ་མི་མཐུན་པ་མང་དུ་ཡོད་པ་ལས། བོད་ཀྱི་ལོ་རྒྱུས་ཆོས་འབྱུང་དང་དུས་ཕྱིས་ཀྱི་དཔྱད་ཡིག་སྤྱད་དེ་དག་ལ་དོགས་སློང་གི་ཚུལ་དུ་མཐའ་དཔྱོད་ཅུང་ཙམ་བྱས་ཡོད།
          [བརྡ་ཆད་གཙོ་བོ།] མུ་ཟུ་གསལ་འབར། དགོངས་པ་རབ་གསལ། ཏན་ཏིག  རྒྱ་ཞུ།
          [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281
          [ཡིག་ཚང་མཚན་བྱང་།] A
          [རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2015-01-0049-09
          བོད་ཀྱི་ལོ་རྒྱུས་སུ་བསྟན་པ་བསྣུབས་པའི་མེ་རོ་མདོ་ཁམས་སྨད་ནས་གསོས་པའི་གནས་ཚུལ་འཁོད་པ་ཤིན་ཏུ་མང་། ཡོངས་གྲགས་སུ་བཙན་པོ་འུ་དུམ་བརྟན་གྱིས་འདུལ་བ་འཛིན་པའི་རབ་བྱུང་བ་དག་ལ་ལ་བསད། ལ་ལ་སྐྱ་བོར་ཕབ་པ་ལས་དབུས་གཙང་གི་མཁས་པ་མི་གསུམ་དཔལ་ཆུ་བོ་རི་ལ་སྒོམ་གནས་སུ་ཡོད་པར་འདུལ་བའི་དཔེ་ཆ་དྲེལ་ཁལ་ལོངས་པ་བཏེགས་ནས་ཐོག་མར་མངའ་རིས་སུ་ཕེབས། དེར་བསྟན་པ་སྤེལ་མི་ཐུབ་པ་མཁྱེན་ནས་བྱང་ལམ་ནས་ཧོར་ཡུལ་དུ་གཤེགས། གནས་དེར་ཡང་ཆོས་ལུགས་ལ་འགོད་པར་མ་ནུས་ནས་དགེ་བསྙེན་ཤཱཀྱ་པྲ་བའམ་ཤཱཀྱ་ཤེས་རབ་ཅེས་པ་ཕྱག་ཕྱིར་ཁྲིད་ནས་མདོ་སྨད་ཨན་ཆུང་གནམ་རྫོང་དུ་གནས་བཅས་ཤིང་། བླ་ཆེན་པོ་དགོངས་པ་རབ་གསལ་ལས་རབ་ཏུ་བྱུང་བ་ནས་བསྟན་པའི་མེ་རོ་སླར་སོས་པའི་གནས་ཚུལ་བྱུང་།
          འདི་ལ་ཡོངས་གྲངས་སུ་སྨད་འདུལ་ཟེར་ཞིང་ལོ་རྒྱུས་ཐོག་གྲགས་ཆེ་བའི་བསྟན་པ་ཕྱི་དར་གྱི་འགོ་ཚུགས་པའི་དུས་ཚིགས་ཀྱང་འདི་ལ་བྱེད། རྐྱེན་དེ་ལ་བརྟེན་ནས་བསྟན་པ་ཕྱི་དར་སྐབས་འདུལ་བའི་བསྟན་པ་སླར་ཡང་གངས་ཅན་གྱི་ལྗོངས་འདིར་རིམ་གྱིས་ཤུགས་ཆེར་ཕྱིན་པའི་མཚན་མ་བྱུང་། དེ་ལྟ་བུའི་འདས་པའི་ལོ་རྒྱུས་ཀྱི་གནས་ཚུལ་ལས་བོད་ཀྱི་རིག་གནས་ལོ་རྒྱུས་ཀྱི་འགྱུར་མཚམས་ཆེན་མོའི་ཁ་ཕྱོགས་གཏན་ཁེལ་བྱུང་། འདི་ནི་བོད་གངས་ཅན་གྱི་ལྗོངས་འདིར་ནང་བསྟན་དར་ཚུགས་ཀྱི་འཕེལ་རིམ་ལ་སྔ་ན་མེད་པའི་དངོས་ཡོད་ཆ་རྐྱེན་བསྐྲུན་པའི་གནད་འགག་གི་དུས་མཚམས་ཤིག་ཡིན་པས་ལོ་རྒྱུས་གནས་ཚུལ་དངོས་ལ་བསྐྱར་ཞིབ་བྱ་རྒྱུ་ཤིན་ཏུ་གལ་ཆེ། དེས་ན་ང་ཚོར་སྨད་འདུལ་གྱི་གནས་ཚུལ་སྐོར་བཀོད་པའི་ཡིག་ཆ་མང་དུ་མཐོང་རྒྱུ་ཡོད་ཀྱང་དེ་དག་ལས་འབྱུང་བའི་བླ་ཆེན་པོ་དགོངས་པ་རབ་གསལ་སྐོར་ལ་བཤད་ཚུལ་མི་འདྲ་དུ་མ་ཡོད་པ་མ་ཟད། བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོས་ཞེས་པའི་ལོ་རྒྱུས་དངོས་དེ་ཡང་དཀྱུས་གཅིག་ཏུ་འགོད་དགོས་ཚེ་དཀའ་ཁག་མང་བོ་ཞིག་ལ་འཕྲད་པ་དང་། ཐ་ན་བསྟན་པ་སྨད་ནས་གསོས་ཚུལ་དང་འབྲེལ་བའི་བླ་ཆེན་པོའི་འཁྲུངས་གཞིས་ངོས་འཛིན་ཐད་དོན་དངོས་དག་མ་དག་གི་བཤད་ཚུལ་འགའ་རེ་ཡང་ཡོད་པས་གཤམ་ནས་བླ་ཆེན་གྱི་འཁྲུངས་གཞིས་གང་ཡིན་སྐོར་འགོད་པར་བྱའོ།།
          དང་པོ། སྔོན་བྱོན་མཁས་པའི་བཞེད་ཚུལ་འགོད་པ།
          བླ་ཆེན་པོ་དགོངས་པ་རབ་གསལ་གྱི་འཁྲུངས་གཞིས་དངོས་དེ་གནས་གང་དུ་ངོས་འཛིན་བྱེད་དགོས་པའི་ཐད་བོད་ཀྱི་མཁས་པ་སྔ་མ་དག་བཞེད་པ་མི་མཐུན་པ་མང་དུ་ཡོད་ལ། བོད་ཀྱི་ལོ་རྒྱུས་ཆོས་འབྱུང་དང་དུས་ཕྱིས་ཀྱི་དཔྱད་ཡིག་ཐོག་དེའི་སྐོར་གྱི་དཔྱད་གཏམ་འདྲ་མིན་སྣ་ཚོགས་བཀོད་ཡོད། དེ་དག་ཕྱོགས་གཅིག་ཏུ་བསྡུས་ན་འདོད་ཚུལ་གཉིས་ལས་མེད་ཅིང་། 《རྒྱལ་རབས་གསལ་བའི་མེ་ལོང་》དང་《སྔོན་གྱི་གཏམ་མེ་ཏོག་ཕྲེང་བ》 《མྱང་ཆོས་འབྱུང་》སོགས་སུ་བླ་ཆེན་གྱི་འཁྲུངས་གཞིས་ཕན་ཡུལ་གཞོང་བ་ཡིན་ཚུལ་བཀོད་ཡོད་པ་དང་། འཕན་ཡུལ་གྱི་གནས་བྱེ་བྲག་པ་འགོད་ཚུལ་ལ་《རྒྱལ་རབས་གསལ་བའི་མེ་ལོང་》ནང་འཕན་ཡུལ་ཞོག་ཅེས་པ་དང་། 《སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་》རུ་འཕན་ཡུལ་ཞོགས། 《མྱང་ཆོས་འབྱུང་》དུ་འཕན་ཡུལ་གཞོང་བ་ཞེས་ཞོག་དང་ཞོགས། གཞོང་སོགས་སྦྱོར་ཚུལ་དུ་མ་ཡོད། མིང་དེ་དག་གི་བབས་ལ་གཞིགས་ན་གཞོང་བའམ་ལུང་བའི་འབྲི་ཚུལ་དུ་མ་ཡིན་པ་རིགས་པས་དཔོག་ནུས་མོད། འཕན་ཡུལ་གཞོང་བ་ཞེས་པ་ད་ལྟའི་གནས་གང་དུ་ཡོད་ཚུལ་ནི་ངོས་འཛིན་བྱ་དཀའ་བར་ཆགས་ཡོད། མཁས་པ་དེ་དག་གི་བཞེད་དགོངས་ཀྱི་དབང་དུ་བཏང་ན་འཕན་ཡུལ་གཞོང་བ་ནི་བླ་ཆེན་གྱི་འཁྲུངས་གཞིས་ཡིན་དགོས་ཤིང་།འདོད་ཚུལ་དེ་ཚད་ལྡན་ཡིན་པའི་སྒྲུབ་བྱེད་ལ་《ནེའུ་པནྜིཏའི་ཆོས་འབྱུང་》ནང་“ཡི་གེ་ཁ་ཅིག་གི་ལུགས་ལས་ཁམས་སུ་དམར་གཡོ་རྩངས་གསུམ་གྱིས་བྱོན་པ་ལ། བོན་པོའི་བུ་མུ་ཟུ་གསལ་འབར་ཞེས་པ་ར་ལུག་འཚོ་བས་མཐོང་ནས་དད་པ་སྐྱེས་ཏེ་ཆོས་ཞུས་པས། འདུལ་བ་འོད་ལྡན་གཏད་ནས་འདི་ལ་ལྟོས་བྱས་ནས། དད་ན་རབ་ཏུ་འབྱུང་གསུངས་ནས། ལྟས་པས་དད་ནས་རབ་ཏུ་བྱུང་བའི་ལོ་རྒྱུས་འདུག་སྟེ་མཁན་སློབ་གསུམ་ཀའི་མཚན་ནས་གྲས་ཏེ། མུ་ཟུ་དགེ་བ་གསལ་དུ་བཏགས་ཟེར། ལོ་རྒྱུས་རྙིང་པ་ལ་མཐོང་བར་ངག་རྒྱུད་ལ་གཡོམ་རྒྱུགས་སུ་འཆད་པ་མང་ཡང་མ་དག་པ་ཡིན་ནོ།”① ཞེས་གདེང་ཚོད་ཆེན་པོས་བྲིས་ཡོད། དེ་བཞིན་དུ་ཇོ་ནང་ཏྰ་ར་ན་ཐས་ཀྱང“བླ་ཆེན་ཁམས་ནས་འཁྲུངས་པའི་བཞེད་ཚུལ་ལ་བསྙེན་པར་རྫོགས་པའི་མཁན་པོ་གཙང་། སློབ་དཔོན་གཡོ། གསང་སྟོན་དམར། ཁ་སྐོང་ཧ་ཤང་གཉིས་སོགས་ཡིན་པའི་ངག་བརྒྱུད་གཡོམས་རྒྱུགས་སུ་འཆད་པ་མང་སྟེ་ཤིན་ཏུ་མ་དག་སྟེ་བླ་ཆེན་འཕན་ཡུལ་གཞོང་པ་རུ་དམུ་ཟུ་གསལ་འབར་ཞེས་བྱ་བའི་བོན་པོ་གཅིག་གི་སྲས་དམུ་ཟུ་དགེ་འབར་ཞེས་སུ་འཁྲུངས་”②ཞེས་བཀོད་པ་ཡང་གོང་དང་མཚུངས་པར་བླ་ཆེན་པོ་མདོ་སྨད་ནས་འཁྲུངས་པའི་བཤད་ཚུལ་དེ་ནོར་འཁྲུལ་ཅན་ཡིན་པའི་སྒྲུབ་བྱེད་ལ་ངག་རྒྱུན་ནམ་ངག་བརྒྱུད་གཡོམས་རྒྱུགས་ཆེ་བར་ཁ་བསྒྱུར་བ་ལས་ཡང་དག་པའི་ལུང་རིགས་དང་རྒྱུ་མཚན་གཞན་བཀོད་མེད། ལྷག་ཏུ་《སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་》བོད་ལྗོངས་པར་མའི་ཐོག་“མཁན་སློབ་གསུམ་ཀའི་མཚན་ནས་གྲས་ཏེ། མུ་ཟུ་དགེ་བ་གསལ་དུ་བཏགས་ཟེར། ལོ་རྒྱུས་རྙིང་བ་ལ་མཐོང་བར་”③ཞེས་བཀོད་པའི་ཚིག་དུམ་འདི་ལས་དཔེ་ཆ་འདི་མ་བརྩམས་ཡར་སྔོན་ནས་བླ་ཆེན་སྐོར་གྱི་དཔྱད་ཡིག་རྙིང་བ་གཞན་ཞིག་ཡོད་པ་རྟོགས་ཐུབ་པ་མ་ཟད། དུས་མཚམས་ཀྱི་ངོས་ནས་བཤད་ན་《སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་》འདི་ནི་དུས་རབས་བཅུ་གསུམ་པའི་ནང་བརྩམས་པ་ཞིག་ཡིན་ཕྱིར་དེའི་ཡར་སྔོན་དུ་དཔྱད་ཡིག་གཞན་ཡོད་ཚེ་དེར་ཡང་ཡིད་རྟོན་འཕར་མིན་ལ་དོགས་པ་ཟ་བར་འགྱུར། འདོད་ཚུལ་གཉིས་པ་ནི་མཁས་པ་ལྡེའུ་དང་འགོས་ལོ། སྦ་བཞེད་ཞབས་བཏགས་མ། འབྲུག་པ་པད་དཀར། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་སོགས་ནས་བླ་ཆེན་མདོ་སྨད་ནས་འཁྲུངས་པར་བཞེད། འདོད་ཚུལ་དེ་དག་ནང་བླ་ཆེན་པོ་མདོ་ཁམས་སྨད་ནས་འཁྲུངས་པའི་བཞེད་ཚུལ་ཙམ་ལས་གོང་གི་འདོད་ཚུལ་དང་པོ་ལྟར་གྱི་ངག་བརྒྱུད་ཡིན་པས་ལྷད་ཞུགས་པའམ་མ་དག་པར་བརྗོད་ཚུལ་ལ་དོགས་སེལ་བྱས་མེད་ལ། བླ་ཆེན་གྱི་འཁྲུངས་གཞིས་དངོས་དེ་མདོ་ཁམས་ཀྱི་གནས་བྱེ་བྲག་པ་གང་ཡིན་སྐོར་སྔར་བཞིན་བམ་སྤྱི་ཙམ་དུ་སོང་འདུག 《ལྡེའུ་ཆོས་འབྱུང་》དུ་“རྨ་ལུང་རྡོ་རྗེའི་བྲག་ར། དན་ཏིག་པད་མའི་ཡང་དགོན། རྩེ་དྲུག་ལྷུན་གྱི་གོང་བ། གཡུང་དྲུང་ཤེལ་གྱི་བྲག་ཕུག་ཅེས་བྱ་བའི་གནས་དེར། བླ་ཆེན་པོ་དགོངས་པ་རབ་གསལ་སྐུ་འཁྲུངས་”④ཞེས་འབྱུང་ཞིང་། ཡིད་བཟང་བརྩེ་བའི་《དེབ་སྔོན་》དུ་“འབྲོ་སྟག་སྣང་སུམ་རྗེ་ཞེས་པའི་བློན་པོ་དེས་ཆོས་དང་ལྡན་པའི་རྒྱལ་བོའི་བཀའ་བློན་མཛད་ནས། དེས་ལོ་སུམ་ཅུ་རྩ་ལྔ་པ་ལྕགས་ཕག་ལ་སྨོན་ལམ་བཏབ་ནས་ཚེ་འཕོས་ཏེ།ཙོང་ཁ་བདེ་ཁམས་སུ་ཆུ་ཕོ་བྱི་བ་ལ་སྐུ་འཁྲུངས་”⑤ཞེས་བཀོད་ཡོད། 《འབྲུག་པ་པད་དཀར་གྱི་ཆོས་འབྱུང་》དུ་ཙོང་ཁ་ནས་སྐྱེས་པ་ཞེས་དང་། ཐུའུ་བཀྭན་ཆོས་ཀྱི་ཉི་མས་ཀྱང་ཆུ་ཕོ་བྱི་བའི་ལོར་ཙོང་ཁ་བདེ་ཁམས་སུ་བོན་པོ་བཟའ་མི་གཉིས་ཀྱི་བུར་སྐུའི་སྐྱེ་བ་བཞེས་པར་གསུངས་ཡོད། གོང་བཀོད་བཞེད་ཚུལ་དེ་དག་ལས་《ལྡེའུ་ཆོས་འབྱུང་》དུ་བཀོད་པ་ནི་དུས་ཀྱི་ཆ་ནས་སྔ་ཤས་དང་། འཁྲུངས་གཞིས་ངོས་འཛིན་བྱས་པ་ཅུང་བྱེ་བྲག་ཏུ་སོང་བ་མ་གཏོགས། འབྲུག་པ་པད་དཀར་དང་ཐུའུ་བཀྭན་ཆོས་ཀྱི་ཉི་མ་གཉིས་ཀྱི་འདོད་ཚུལ་ནི་འགོས་ལོའི་འདོད་ཚུལ་གྱི་རྗེས་སུ་འབྲངས་ནས་ཙོང་ཁའི་ཡུལ་ཁམས་ཞེས་ཤིན་ཏུ་སྤྱི་བཤད་དུ་སོང་ཡོད་པ་ཤེས་ཐུབ། དེ་བས་འདོད་ཚུལ་འདི་ལ་ཡང་ཡིད་རྟོན་འཕར་བའི་སྒྲུབ་བྱེད་བཙན་པོ་མ་བྱུང་བའི་ཁར་《ལྡེའུ་ཆོས་འབྱུང་》ནང་བཀོད་པའི་འདོད་ཚུལ་དེ་གོང་གི་འདོད་ཚུལ་དང་པོ་དང་བསྡུར་ན་སྔར་བཞིན་བམ་བཤད་ཙམ་དུ་ལུས་འདུག དེ་ལ་དམིགས་ནས་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་ནས་བླ་ཆེན་པོ་མདོ་ཁམས་ནས་འཁྲུངས་ཚུལ་ལ་བསྐྱར་དུ་རྟོག་ཞིབ་བྱས་པ་དང་། ཁ་ཚོན་ཆོད་པའི་སྒོ་ནས་བླ་ཆེན་གྱི་འཁྲུངས་གཞིས་ནི་མདོ་སྨད་དན་ཏིག་གི་ཉེ་འདབས་དེང་སང་གི་ཡ་རྫི་རྫོང་ཡིན་པར་བཤད་ཅིང་། དེའི་སྒྲུབ་བྱེད་ལ་སྔར་གྱི་དཔྱད་གཞི་དེ་དག་བཀོད་པ་ལས་གཞན་“རྒྱ་ཞུའི་སྡེ་བའི་ནང་སྔོན་ཆད་འབྲོག་སྦྲ་ནག་ཅན་དུ་ཡོད་པ་དེ་ནི་བླ་ཆེན་པོ་དེ་ཉིད་སྐུ་བལྟམས་པའི་གནས་འཁྲུལ་བ་མེད་པའོ་”⑥ཞེས་བཀོད་འདུག འོན་ཀྱང་བོད་ཀྱི་ལོ་རྒྱུས་སུ་འདོད་ཚུལ་ཕྱི་མ་འདི་གྲགས་ཆེ་བར་མ་ཟད། བླ་ཆེན་འཕན་ཡུལ་ནས་འཁྲུངས་པར་བཞེད་པའི་ལྟ་ཚུལ་མ་བྱུང་སྔོན་ནས་མདོ་ཁམས་སུ་འཁྲུངས་པའི་འདོད་ཚུལ་ལོ་རྒྱུས་དེབ་ཐེར་ནང་བཀོད་ཡོད་པ་གོང་སོང་ལྟར་ཡིན་པས་འཕན་ཡུལ་ནས་འཁྲུངས་པའི་འདོད་ཚུལ་དེ་གསལ་མེ་མཁན་པོ་དང་ནེའུ་པཎྜི་ཏས་རྫུན་བཟོ་དང་སྐུར་བ་བཏབ་པ་ཡིན་ནམ་ཞེ་ན་དེ་འདྲའི་རྒྱུ་མཚན་འཚོལ་དུ་མེད། གོང་བཀོད་འདོད་ཚུལ་གཉི་གར་ངག་རྒྱུན་ནམ་དེ་ལྟར་ཡིན་བྱེད་ཀྱི་རྒྱུ་མཚན་གང་འཚམ་མེད་ན་ལོ་རྒྱུས་སྨྲ་བའི་མཁས་པ་དག་གིས་རང་གིས་གང་འདོད་ལྟར་དེབ་ཐེར་ནང་འགོད་པའི་ངལ་བ་བསྟེན་མི་སྲིད་སྙམ། རེ་ཞིག་བཤད་ཚུལ་དེ་གཉིས་ལ་བདེན་རྫུན་འབྱེད་པའི་ལས་ཀ་བསྐྱུར་ཏེ། ཐུན་མོང་གི་འདོད་ཚུལ་འཚོལ་རྒྱུ་དང་གོང་སོང་འདོད་ཚུལ་མི་མཐུན་པ་གཉིས་ཇི་ལྟར་ཕྱོགས་སུ་གྱེས་ཚུལ་གྱི་སྒྲུབ་བྱེད་བཀོད་པ་ཡིན་ན་ལོ་རྒྱུས་དོན་དངོས་དང་མཐུན་ལ་མཁས་པའི་འདོད་ཚུལ་དེ་གཉིས་ལ་རིགས་པའི་ཐོག་གནོད་པ་མི་འབེབ།
          ཁ་ཅིག་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་ནས་བླ་ཆེན་ཐོག་མར་འཕན་ཡུལ་ནས་འཁྲུངས་པ་དང་། དེ་ནས་ཚེ་འདས་བྱུང་རྗེས་སྨོན་ལམ་གྱི་སྟོབས་ལ་བརྟེན་ནས་མདོ་ཁམས་སུ་ཚེ་འཕོས་ནས་སྐུ་སྐྱེ་བྱུང་བའི་ཚུལ་དེར་འཐད་ཕྱོགས་ནས་ཁས་ལེན་བྱས་པ་དང་། འདོད་ཚུལ་དེ་ཉིད་ཆོས་ལུགས་ཐོག་དང་ལེན་བྱར་རུང་ཡང་ལོ་རྒྱུས་རིག་པའི་ཐོག་ཁས་ལེན་བྱ་དཀའ་ཚུལ་བཤད་འདུག འོན་ཀྱང་མཁས་དབང་འདིའི་གསུང་རྩོམ་རང་ན་དེ་འདྲའི་རྗོད་ཚིག་ཙམ་བཀོད་ཡོད་ཀྱང་། རྒྱ་ཞུ་སྡེ་བའི་མཆེད་ཁུངས་འགོད་དུས་གོང་བཀོད་མཁས་པ་རྣམས་ཀྱིས་བྲིས་པའི་རང་གི་སྐུ་སྐྱེ་སྔ་མ་བོད་རྒྱལ་གྱི་མཐའ་མཚམས་སོ་སྲུང་བ་བློན་འབྲོ་སྟག་སྣང་ཁྲི་སུམ་རྗེ་ཞེས་པ་དེ་ཡིན་པའི་ཚིག་ལ་མུ་མཐུད་ནས་དཔྱད་པ་སོང་སྟེ། “ལོ་རྒྱུས་སྨྲ་བ་ཚོ་ལ་རྒྱ་ཞུར་ནི་བློན་ཆེན་དེའི་འབྲོག་རུ་ཡིན་ནམ་སྙམ་པའི་དཔྱད་གཞིའི་རྟོག་པའང་འབད་མེད་དུ་སྐྱེ་བར་སྣང་ངོ་།།”⑦ཞེས་བཀོད་ཡོད་པ་དང་། ཚིག་འདི་རྒྱ་ཞུ་སྡེ་བའི་ངག་རྒྱུན་དུ་ཡུལ་དེ་གའི་མི་རྣམས་སྲོང་བཙན་སྐབས་སོ་མཚམས་སྲུང་བར་མངགས་པ་ལས་མཆེད་ཚུལ་གྱི་སྒྲུབ་བྱེད་དུ་བཀོད་པ་ནི། གོང་གི་འབྲོག་རུ་ཡིན་ནམ་སྙམ་པའི་དཔྱད་གཞིའི་རྟོག་པ་འབད་མེད་དུ་སྐྱེ་བར་སྣང་ཞེས་པའི་ཚིག་དེས་གོ་ནུས་པ་མ་གཏོགས། བླ་ཆེན་ནི་བློན་དེ་ཚེ་འཕོས་པའི་སྐུ་སྐྱེ་ཕྱི་མ་ཡིན་པའི་ལྟ་ཚུལ་གཞར་ཡང་གསུངས་མི་འདུག
          དེ་ལས་ལྡོག་སྟེ་འཕན་ཡུལ་ནས་མཆེད་པའི་བཤད་ཚུལ་དེ་དཔའ་བོ་གཙུག་ལག་ཕྲེང་བས་མ་དག་པའི་སྐྱོན་ཐོག་ནས་ལེགས་པར་བཀག་འདུག་པ་ལ་འཐད་ལྡན་དུ་བཟུང་བར་མ་ཟད། “ཙོང་ཁ་བདེ་ཁམས་ཞེས་བརྗོད་པའི་ཤར་ལྷོའི་ཆར། རྒྱལ་བུ་དོན་གྲུབ་ཀྱི་མདོར་རྒྱལ་བའི་ལུང་གིས་ཟིན་པའི་རི་བོ་དན་ཏིག་དང་ཁད་ཤིན་ཏུ་ཉེ་བའི་རྨ་འགྲམ་དུ་ཆགས་པའི་རྒྱ་ཞུར་གྲོང་ཚོ། སྔོན་ཆད་འབྲོག་སྦྲ་ནག་ཅན་དུ་ཡོད་པ་དེ་ནི་བླ་ཆེན་པོ་དེ་ཉིད་སྐུ་བལྟམས་པའི་གནས་འཁྲུལ་བ་མེད་པའོ།།”⑧ཞེས་བླ་ཆེན་གྱི་འཁྲུངས་གཞིས་ངོ་མ་མདོ་ཁམས་ཙོང་ཁ་ནས་ཡིན་པ་གསལ་བོ་གསུངས་ཡོད། འོ་ན་འཕན་ཡུལ་གཞོང་བ་ནས་ཡིན་པའི་འདོད་ཚུལ་འདི་ལ་ཇི་ལྟར་ཁས་ལེན་མཛད་ན་གོང་གི་རྙོང་འཛིང་ཆེ་བའི་གནད་དོན་དེ་ཐག་ཆོད་པར་ངེས་ཤེ་ན། ང་ཚོའི་མུ་མཐུད་དུ་དཔྱད་གཞིའི་ཐོག་ནས་ཞིབ་རྟོག་བྱ་དགོས་སོ།།
          གཉིས་པ། བླ་ཆེན་པོ་ནི་མདོ་ཁམས་ཀྱི་མཁས་པ་ཞིག་ཡིན་ཚུལ།
          1.བླ་ཆེན་པོའི་ཡབ་མེས་ཀྱི་སྐྱེས་ཁུངས་ལྷ་ས་འཕན་ཡུལ་གཞོང་བ་ནས་ཡིན་ཚུལ་སྐོར། གོང་སོང་འདོད་ཚུལ་དང་པོའི་ནང་བླ་ཆེན་པོ་འཕན་ཡུལ་གཞོང་བ་ནས་འཁྲུངས་ཚུལ་བཤད་པ་དང་། དེ་ལ་འཕན་ཡུལ་ཞོགས་པའམ་འཕན་ཡུལ་གཞོང་བ་སོགས་འབྲི་ཚུལ་དུ་མ་ཡོད་ཀྱང་།དོན་གྱི་འབབ་ས་ནི་བླ་ཆེན་གྱི་འཁྲུངས་གཞིས་འཕན་ཡུལ་ལུང་བ་ཡིན་དོན་ལ་ཁྱད་མེད་པ་དང་། འཕན་ཡུལ་ཞེས་པའི་ས་མིང་འདི་བོད་ཀྱི་ཡིག་རྙིང་ནང་ཐེངས་དུ་མར་བྱུང་ཡོད་ཅིང་། ཁྱུང་པོ་སྤུང་སད་དང་ཞང་སྣང་གཉིས་ཀྱིས་བླངས་པའི་མགུར་ན་ངས་པོ་ནི་སྒང་དྲས་ཤྀང་ཞེས་བཀོད་པ་དེར་འགྲེལ་རྒྱག་སྐབས་“འདིར་ངས་པོ་ནི་འཕན་པོའམ་འཕན་ཡུལ་ཏེ་ཟིང་པོའི་ཡུལ་ཡིན་ཞིང་། ཡུལ་ཁམས་དེ་གྲིས་བཅད་པ་ལྟར་བཅད་ནས་ཡར་ལུང་སྤུ་རྒྱལ་པར་མངའ་བར་”⑨བཤད་ཡོད། འོན་ཀྱང་སྔོན་དུས་ངས་པོ་ཞེས་འབོད་པའི་ས་མིང་དེ་དུས་ཕྱིས་སུ་བརྩམས་པའི་ལོ་རྒྱུས་བསྟན་བཅོས་སོགས་ན་བཀོལ་སྤྱོད་བྱེད་པ་ཧ་ལམ་མི་སྣང་། ད་ལྟའི་དུས་འདིར་ངས་པོ་ཞེས་པའི་ས་ཆ་དེ་བྱེ་བྲག་ཏུ་ངོས་བཟུང་བ་མེད་པར་འཕན་ཡུལ་དུ་འགྲེལ་བ་བྱེད་ཚུལ་ཙམ་དུ་ལུས་ཡོད། བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་དུ“འཕན་ཡུལ་དང་འཕན་པོ་གཉིས་དོན་གཅིག་མིང་གི་རྣམས་གྲངས་ཡིན་པ་དང་།གནས་དེ་ནི་བོད་རང་སྐྱོང་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་གྱི་བྱང་ངོས་འཕན་ཡུལ་ངན་ཆུའི་རྒྱུད་ཀྱི་ཡུལ་མིང་”⑩ཡིན་པར་བརྗོད་ཡོད། ད་ལྟའི་རང་རེའི་རྒྱལ་ཁབ་ཀྱི་སྲིད་འཛིན་ཁྱབ་ཁོངས་ལྟར་ན་ལྷ་ས་གྲོང་ཁྱེར་དང་ཁད་ཉེ་བའི་ལྷུན་གྲུབ་རྫོང་ཁོངས་སུ་ཡོད་ཅིང་། རྒྱའི་སྐད་དུ་林周ཞེས་བཏགས་ཡོད། གནས་དེར་ངན་ཆུ་ཞེས་པའི་ཆུ་བོ་ཞིག་བཞུར་བའི་ཚུལ་ལ་གཞིགས་ན་སྔོན་གྱི་ལོ་རྒྱུས་དེབ་ཐེར་ནང་འཕན་ཡུལ་གཞོང་བ་ཞེས་པའམ་འཕན་ཡུལ་ལུང་བ་ཞེས་པའི་ས་མིང་འདོགས་ཚུལ་དང་ཆེས་མཐུན་པར་སྣང་སྟེ། བོད་མིའི་ཁ་དཔེར་ལུང་བ་རེ་ན་ཆུ་རེ་ཞེས་ཆུ་ཡོད་སར་ལུང་བ་ཡོད་པའི་གནས་ཚུལ་དང་མཚུངས་ཤིང་། དེས་ན་གོང་སོང་འཕན་ཡུལ་ལུང་བ་ཞེས་པ་དེ་ད་ལྟའི་གྲོང་ཁྱེར་ལྷ་སའི་བྱང་ཕྱོགས་དང་ཁད་ཀྱིས་ཉེ་བའི་ངན་ཆུ་དལ་གྱིས་འབབ་པའི་ལུང་ཁོག་གམ་ལུང་གཞོང་དེ་ལ་ངོས་བཟུང་ན་ཅུང་འགྲིག་པར་སེམས་ཏེ། གནས་དེ་ནི་ཕོ་བྲང་པོ་ཏ་ལ་དང་ཁད་ཉེ་བར་མ་ཟད།རི་བོ་གཉན་ཆེན་ཐང་ལྷ་དང་མུ་འབྲེལ་བའི་ཁ་ལ་རི་བོས་རྫོང་དེའི་ས་ཁོངས་ལྷོ་བྱང་གཉིས་སུ་དབྱེ་ཡོད་པ་དང་། ས་བབས་ཀྱི་དབང་གིས་རི་བོ་དེའི་བྱང་ཕྱོགས་མཐོ་ལ་ལྷོ་ཕྱོགས་དམའ། དེས་རྐྱེན་པས་ལྷོ་ཕྱོགས་སུ་དུས་བཞིའི་བསིལ་དྲོད་སྙོམས་ལ་ཆར་ཆུ་དུས་སུ་འབབ་ཅིང་ཆ་སྙོམས་དྲོད་ཚད་ཏུའུ་5.8ཡས་མས་སུ་གནས་པས་འདེབས་འཛུགས་རིགས་ཀྱི་ཞིང་ལས་གཉེར་ཆོག་པའི་ཁྱད་ཆོས་ཡོད། འཕན་ཡུལ་རྒྱུད་ཀྱི་ངན་ཆུ་ཡང་ཏག་ཏག་ལྷོ་ཕྱོགས་ན་ཡོད་པ་བཅས་འཕན་ཡུལ་ལུང་བརྒྱུད་འདིར་གནའ་དུས་སྔ་མོ་ནས་མིའི་རིགས་འདུས་སྡོད་ཀྱི་བྱས་ཡོད་པ་ཚོད་དཔག་བྱེད་ཐུབ།
          དཔྱད་གཞིའི་ཡིག་ཆ་དག་ཕན་ཚུན་བསྡུར་ནས་ཉམས་ཞིབ་བྱས་ཚེ། བླ་ཆེན་པོ་དགོངས་པ་རབ་གསལ་འཕན་ཡུལ་ནས་འཁྲུངས་ཚུལ་གྱི་བཞེད་དགོངས་དེ་ནི་ཕལ་ཆེར་ཁོང་གི་ཡབ་མེས་ཀྱི་མི་རྒྱུད་མཆེད་ཁུངས་དེ་ད་ལྟའི་ལྷུན་གྲུབ་རྫོང་གི་འཕན་ཡུལ་ངན་ཆུའི་ལུང་རྒྱུད་རང་ཡིན་པ་ལ་འཁྲུལ་བར་སོང་ནས་ཕན་ཚུན་གོ་བརྗེ་བའི་འདོད་ཚུལ་ཞིག་ཡིན་ཤས་ཆེ་སྟེ། མཁས་དབང་ཚེ་བརྟན་ཞབས་དྲུང་མཆོག་ནས་“ཡུལ་དེ་གའི་རྒན་པོ་རྣམས་ཀྱི་ངག་རྒྱུན་དུ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་གདུང་རྒྱུད་ཡིན་པར་བཤད་པ་ལྟར་ན། གནའ་དུས་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་དུས་མདོ་ཁམས་སྨད་ཀྱི་ཆར་མཐའི་སོ་མཚམས་སྲུང་བའི་བློན་དམག་དུ་མ་མངགས་པར་མཛད་པའི་བློན་ཆེན་ཞིག་གི་འབྲོག་རུ་ཆགས་པ་ལས་མཆེད་པར་མངོན་” ⑾ཞེས་དོགས་སློང་མཛད་ཡོད་པ་བཞིན་མདོ་སྨད་ཙོང་ཁའི་ཡུལ་གྱི་རྒྱ་ཞུ་སྡེ་བའི་འབྲོག་རུའི་མཆེད་ཁུངས་དེ་ལྷ་ས་ནས་ཡིན་པ་ཤེས་ཐུབ། ད་ལྟའི་ཡ་རྫི་རྫོང་དུ་རྡོ་སྦིས་ཡུལ་འཚོ་དང་ཀ་རིང་ཡུལ་འཚོ། བིས་མདོ་ཡུལ་འཚོ། རྐང་ཚ་ཡུལ་འཚོ་ཞེས་བོད་རིགས་ཡུལ་འཚོ་བཞི་ཡོད་པ་ལས་རྒྱ་ཞུ་དང་ཆེས་ཐག་ཉེ་པ་ནི་རྡོ་སྦིས་བོད་རིགས་ཡུལ་འཚོ་ཡིན་ལ། ཡོངས་གྲགས་སུ་རྡོ་སྦིས་བོད་རིགས་རྣམས་ཀྱིས་ཁོང་ཚོའི་རིགས་རུས་མཆེད་ཁུངས་བོད་བཙན་པོའི་ཞང་བློན་དར་རྒྱལ་མང་པོ་རྗེ་ལ་གཏུགས་ཡོད་པར་མ་ཟད། ད་ལྟའི་དུས་སུ་ཡང་རྡོ་སྦིས་ཡུལ་དུ་“བོད་བཙན་པོའི་སྐབས་སུ་བཀོལ་པའི་ས་མིང་དེ་དག་རྒྱུན་འཛིན་བྱས་ཡོད་པ་དང་ཡུལ་གྲུ་དེའི་གནའ་མིའི་ཤུལ་རྗེས། བགྲེས་སོང་གི་ངག་རྒྱུན། ལོ་རྒྱུས་དེབ་ཐེར་ཁུངས་ལུང་བཅས་ནས་བརྟག་དཔྱད་བཏང་ན་སྡེ་པ་དེ་གསུམ་གྱི་ཁྱིམ་ཚང་གི་ཐོག་མ་སྟེ་ག་ཅུ་བོན་པོའི་སྐབས་ནི་བོད་བཙན་པོ་རྒྱལ་རབས་སིལ་བུར་ཐོར་རྗེས།རྒྱལ་སྲས་ལགས་ཀྱིས་མངའ་བདག་བྱེད་པའི་སྐབས་སྤྱི་ལོ་960ལོ་ནས་1279བར་ཡིན་ལ། ག་ཅུ་བོན་པོ་ནི་སྡེ་པ་འདི་གསུམ་མ་ཆགས་པའི་སྔོན་གྱི་ཁྱིམ་རྒྱུད་ཐོག་མ་ཡིན། མ་མཐར་བོད་བཙན་པོའི་སྐབས་སུ་ས་ཆ་འདིར་བོད་མིའི་མེས་པོ་རྣམས་འཚོ་གནས་བྱེད་བཞིན་ཡོད་པའི་”⑿གནས་ཚུལ་ཡོད་པ་ལྟར་བླ་ཆེན་གྱི་འཁྲུངས་གཞིས་རྒྱ་ཞུ་སྡེ་བ་ནི་དེང་གི་མཚོ་སྔོན་ཟི་ལིང་ནས་ཀ་ཅུར་(临夏)བགྲོད་པའི་ལམ་དང་ཉེ་འབྲེལ་དུ་གནས་པའི་ཡ་རྫི་རྫོང་དང་གཅིག་ཏུ་འདྲེས་པ་ལས་བར་དུ་རྨ་ཆུས་བཅད་ཡོད་པ་དང་། དེ་ནས་ཕར་བྱང་ཤར་དུ་སྤྱི་ལེ་ཉི་ཤུ་ལྷག་གི་མཚམས་སུ་རྡོ་སྦིས་ཡུལ་འཚོ་ཡོད། དེ་གའི་རི་བོ་དར་རྒྱལ་ཉག་ག་ནས་ཕར་ཀ་ཅུར་སོང་ན་ལམ་ཐག་ཐུང་ལ་འགྲོ་བདེ་བ་ཡོད་པས་རྒྱ་ཞུ་སྡེ་བའི་ཉེ་འགྲམ་མ་བརྒྱུད་པར་གནའ་དུས་སུ་མ་ཟད་ད་ལྟ་ཡང་ཕར་ཚུར་འགྲོ་འོངས་ཁག་པོ་ཡིན། “སྐབས་དེར་རྡོ་སྦིས་ས་ཆ་ནི་རྒྱལ་སྲས་ལགས་ཀྱིས་མངའ་བདག་བྱས་ཡོད།དེ་ཡང་རྒྱའི་ལོ་རྒྱུས་ལས་ཀྱང་བོད་བཙན་པོའི་གདུང་རྒྱུད་དུ་གྲགས་པའི་རྒྱལ་པོ་དེ་སྐབས་དེར་ག་ཅུ་ནས་ཡ་རྫི་ལ་སོངས་ཏེ་གནས་དེར་རྒྱལ་ཁྲིམས་བཙུགས་པ་བཀོད་ཡོད་ལ།དེང་གི་རྡོ་སྦིས་ལུང་པ་ནི་ས་དེ་གཉིས་བར་གྱི་གནའ་ལམ་ཞིག་ཡིན་”⒀པ་སོགས་རིགས་པ་ཁུངས་ཐུབ་ཀྱི་ཐོག་ནས་ཀྱང་ཤེས་ཐུབ་པ་མ་ཟད། རྡོ་སྦིས་དང་རྒྱ་ཞུ་བཅས་པའི་རིགས་བརྒྱུད་མཆེད་ཁུངས་གཅིག་ཏུ་བྱས་ན། བོད་བློན་སོ་སྲུང་གི་འབྲོག་རུ་ལས་མཆེད་པར་བཤད་པ་ལ་གོ་རྒྱུ་ཆེ་བར་སེམས་སོ།།
          2.བླ་ཆེན་པོ་མདོ་སྨད་ནས་འཁྲུངས་ཚུལ་གྱི་སྐོར། བླ་ཆེན་མདོ་སྨད་ཙོང་ཁའི་ཡུལ་ནས་འཁྲུངས་ཚུལ་ལ་གོང་བཀོད་མཁས་པའི་འདོད་ཚུལ་ལས་གཞན། དང་པོ་བུད་མེད་སྒོག་འཚོང་མ།། བར་དུ་སྟག་སྣང་ཁྲི་སུམ་རྗེ།། ད་ལྟ་མུ་གཟུ་དགེ་བ་གསལ།། ཞེས་པའི་ཚིག་རྐང་གསུམ་ཅན་གྱི་ཚིགས་བཅད་འདི་ཡོད་ལ། བླ་ཆེན་གྱི་འཁྲུངས་གཞིས་དང་བཅས་པའི་གནས་ཚུལ་ལ་འབྲེལ་བ་དམ་ཟབ་ཡོད་པའི་ཚིག་རྐང་འདི་གསུམ་ནི་ཁོང་གི་ལོ་རྒྱུས་སྐོར་བཀོད་པའི་བསྟན་བཅོས་མང་ཤོས་སུ་མཐོང་ཐུབ་པ་དང་། ཚིག་རྐང་འདི་དག་གི་བབས་ལ་གཞིགས་ན་བླ་ཆེན་རང་གི་ངག་ནས་གསུངས་པ་ཡིན་ནམ་སྙམ་མོད། ཞིབ་ཏུ་བསམས་ན་སྐབས་དེ་ཤེད་ཀྱི་དམངས་ཁྲོད་དུ་དར་ཁྱབ་བྱུང་བའི་ངག་བརྒྱུད་ཀྱི་ཚིག་ཅིག་ཡིན་པ་ཤེས་ཐུབ་པ་ཕུད། ཚིག་འདི་ཐོག་མར་དམངས་ཁྲོད་དུ་དར་ཁྱབ་བྱུང་དུ་འཇུག་མཁན་གྱི་མི་དེ་ནི་བླ་ཆེན་དང་དུས་མཉམ་པའམ་ཡང་ན་བླ་ཆེན་གྱི་རིགས་རུས་ཆོ་འབྲང་སོགས་ཡབ་མེས་ཀྱི་བྱུང་ཁུངས་ལ་རྒྱུས་ལོན་ཅུང་ཡོད་མཁན་གྱི་མི་ཞིག་ཡིན་པ་གསལ་བོར་གོ་ནུས། དེར་མ་ཟད་དེ་དང་ཐག་མི་རིང་བའི་བླ་ཆེན་གྱི་སྙན་གྲགས་སྤྱི་ཚོགས་ཐོག་མངོན་པར་བསྟོད་པའི་དུས་གང་རུང་ཞིག་ཏུ་དར་ཁྱབ་བྱུང་ཚུལ་ཡང་རྟོགས་ནུས།
          ཚིག་རྐང་འདི་གསུམ་གྱི་ནང་དོན་ཐད་སྤྱི་ལྡོག་ནས་བསྟོད་སྨད་གཉིས་ལས་སྨད་པའི་ཆ་འདྲེས་པ་ཞིག་ཏུ་སྣང་ཞིང་། ཚིག་དོན་ཚགས་དམ་པ་ཞིག་མིན་ཡང་གུང་བསྒྲིགས་ནས་ཞིབ་ཏུ་དཔྱད་ཚེ། བླ་ཆེན་གྱི་མཆེད་ཁུངས་ལྷ་ས་ནས་ཡིན་པའི་སྒྲུབ་བྱེད་ཁུངས་ཐུབ་ཅིག་རྙེད་ཐུབ། དེབ་ཐེར་སྔོན་པོའི་ནང་བསྟན་པ་ཕྱི་དར་གྱི་ལོ་ཚིགས་དང་བླ་ཆེན་གྱི་གནས་ཚུལ་བརྗོད་སྐབས། “འབྲོ་སྟག་སྣང་སུམ་རྗེ་ཞེས་པའི་བློན་པོ་དེས་ཆོས་དང་ལྡན་པའི་རྒྱལ་བོའི་བཀའ་བློན་མཛད་ནས། དེས་ལོ་སུམ་ཅུ་རྩ་ལྔ་པ་ལྕགས་ཕག་ལ་སྨོན་ལམ་བཏབ་ནས་ཚེ་འཕོས་ཏེ། ཙོང་ཁ་བདེ་ཁམས་སུ་ཆུ་ཕོ་བྱི་བ་ལ་སྐུ་འཁྲུངས་”⒁པར་བཤད་ཡོད་པས་བླ་ཆེན་གྱི་འཁྲུངས་གཞིས་དངོས་དེ་མདོ་སྨད་ཙོང་ཁ་བདེ་ཁམས་ཡིན་པར་ཁས་ལེན་མཛད་འདུག ཡིན་ན་ཡང་བློན་འབྲོ་སྟག་སྣང་སུམ་རྗེས་སྨོན་ལམ་བཏབ་པ་བཞིན་ཚེ་འཕོས་པའི་གནས་ཚུལ་དེར་ཕལ་པའི་སྣང་ངོར་ཁས་ལེན་བྱ་དཀའ་ཞིང་། སྐུ་ཚེ་གོང་མའི་སྨོན་ལམ་གྱི་མཐུ་དེ་འདྲ་མངོན་འགྱུར་བྱུང་བ་བདེན་དུ་ཆུགས་ཀྱང་ལོ་རྒྱུས་བསྟན་བཅོས་མང་ཤོས་སུ་བཀོད་པ་ལྟར་ན། བླ་ཆེན་ཆུང་དུས་བོན་ཁྱིམ་ཞིག་ཏུ་བོན་ཕྲུག་དམུ་ཟུ་གསལ་འབར་ཡིན་པར་བཤད་པ་དེ་འདྲ་ན། སྐུ་སྐྱེ་སྔ་མ་ཆོས་ལ་དད་བཞིན་དུ་སྨོན་ལམ་རྒྱག་སྐབས་བོན་ལ་དད་པའི་ཁྱིམ་ཚང་ཞིག་ཏུ་སྐྱེ་བར་གསོལ་བ་བཏབ་པ་སོགས་འཇིག་རྟེན་གྲགས་ཚོད་ལ་ཡང་གནོད་པའི་སྐྱོན་ཅི་རིགས་འབེབས་ངེས་སོ།།
          ད་སྔ་ལག་སོན་བྱུང་བའི་དཔྱད་གཞིའི་ཡིག་ཆ་དག་ལས་《དེབ་སྔོན་》ནི་གོང་གི་ཚིག་རྐང་གསུམ་པོ་ཐོག་མར་བཀོད་ཡོད་ས་དེ་ཡིན་པ་དང་། ཚིག་རྐང་དེ་《དེབ་སྔོན་》དུ་འགོད་སྐབས། དེ་ལ་སྐབས་གཞན་དུ་ཞེས་པའི་ཚིག་ཅིག་བསྣན་ཡོད་པ་མ་གཏོགས་ཚིག་རྐང་དེ་དག་ལ་འགྲེལ་བཤད་གཞན་ཅི་ཡང་བརྒྱབ་མི་འདུག ཚིག་རྐང་དེ་གསུམ་གང་ནས་འཁོད་པ་སོགས་ཀྱི་གནས་ཚུལ་ཡང་མི་འདུག 《མཁས་པའི་དགའ་སྟོན་》དུ་ཡང་བླ་ཆེན་གྱི་སྐོར་བཀོད་པར་གོང་གི་ཚིག་རྐང་གསུམ་པོ་ཇི་བཞིན་ཁོལ་དུ་ཕྱུང་བ་ཙམ་ལས། དེ་ལ་དངོས་ཡོད་ཀྱི་ལོ་རྒྱུས་གནས་ཚུལ་དང་མཐུན་པའི་འགྲེལ་བ་ཅི་ཡང་བརྒྱབ་མི་འདུག འོན་ཀྱང་བསམ་པར་བྱ་བ་ཞིག་ནི་འགོས་ལོས་《དེབ་སྔོན་》དུ་བླ་ཆེན་གྱི་འཁྲུངས་གཞིས་མདོ་སྨད་ཙོང་ཁ་ཡིན་ཚུལ་ལ་བློན་སྟག་སྣང་ཁྲི་སུམ་རྗེས་སྨོན་ལམ་བཏབ་ནས་ཚེ་འཕོས་ཏེ། ཙོང་ཁ་བདེ་ཁམས་སུ་ཆུ་ཕོ་བྱི་བ་ལ་སྐུ་འཁྲུངས་ཞེས་གསལ་པོར་བྲིས་ཡོད་ཀྱང་། གོང་གི་ཚིག་རྐང་གསུམ་པོ་འཁྲུངས་གཞིས་ངོས་འཛིན་གྱི་ཁུངས་སུ་མ་མཛད་པ་དང་། སྐབས་གཞན་དུ་ཞེས་པའི་ཚིག་འདི་མ་གཏོགས་ཚིག་རྐང་གསུམ་པོར་རྒྱས་འགྲེལ་ཅི་ཡང་མ་མཛད་པའི་རྒྱུ་མཚན་གང་ལ་དགོངས་པ་སོགས་གོ་དཀའ་བར་འདུག
          གལ་ཏེ་གོང་གི་ཚིག་རྐང་གསུམ་པོར་དཔྱད་གཞིའི་རིན་ཐང་གཏན་མེད་ཚེ་འགོས་ལོས་《དེབ་སྔོན་》དུ་འགོད་མི་སྲིད་ལ། 《མཁས་པའི་དགའ་སྟོན་》སོགས་ལོ་རྒྱུས་བསྟན་བཅོས་གཞན་དང་གཞན་དུ་ཡང་དེ་ལྟར་འགོད་པའི་ངལ་བ་བསྟེན་མི་སྲིད། ཚིགས་བཅད་འདིའི་བསྟན་དོན་ལ་གཞིགས་ན་བླ་ཆེན་གྱི་འཁྲུངས་གཞིས་དང་སྐུ་སྐྱེས་སྐོར་ངག་བརྒྱུད་དུ་སོང་བའི་བཤད་ཚུལ་ཞིག་ཨེ་ཡིན་ནམ་འདོད་དེ།ནེའུ་པཎྡི་ཏ་གྲགས་པ་སྨོན་ལམ་བློ་གྲོས་ཀྱིས་《སྔོན་གྱི་གཏམ་མེ་ཏོག་ཕྲེང་བའི་》ནང་ངག་རྒྱུན་ལ་གཡོམ་རྒྱུགས་སུ་འཆད་པ་མང་ཡང་མ་དག་པ་ཡིན་ནོ་ཞེས་པའི་ངག་རྒྱུན་དེ་ནི་བླ་ཆེན་གྱི་འཁྲུངས་གཞིས་མདོ་སྨད་ཙོང་ཁ་ནས་ཡིན་པའི་བཤད་ཚུལ་དེ་ལ་གོ་དགོས་སམ་སྙམ་ཞིང་། དང་པོ་བུད་མེད་སྒོག་འཚོང་མ།། བར་དུ་སྟག་སྣང་ཁྲི་སུམ་རྗེ།།མཐའ་མར་དམུ་ཟུ་དགེ་བ་གསལ།། ཞེས་པའི་ཚིག་རྐང་འདི་གསུམ་ནི་ངག་བརྒྱུད་ཀྱི་རྣམ་པར་ཡོད་པ་ཚིགས་བཅད་རང་སྟེང་གི་ཁྱད་ཆོས་ཐོག་མངོན་གསལ་དུ་གནས་པ་དེ་བཞིན་ནོ།།
དེ་ལྟར་ན་སྐབས་དེར་དམངས་ཁྲོད་དུ་བླ་ཆེན་གྱི་འཁྲུངས་གཞིས་མདོ་སྨད་ཙོང་ཁའི་ཡུལ་དུ་ཡིན་པའི་བཤད་ཚུལ་དེ་ཅུང་རྒྱུགས་ཆེ་ཞིང་། གོང་གི་ཚིག་རྐང་གསུམ་པོ་ངག་ཏུ་རྗོད་སྐབས་དམངས་ཁྲོད་ཀྱི་ངག་རྒྱུན་ལ་འཚམ་པའི་འདོན་རྟ་དང་ཡང་ཤིན་ཏུ་ཉེ་བ་སོགས་བོད་ཀྱི་དམངས་ཁྲོད་ངག་གཏམ་སོགས་ལ་རྒྱུས་མངའ་ཡོད་མཁན་ཞིག་ཡིན་ཚེ་གོ་སླ་བ་ཡིན། འགོས་ལོས་ཀྱང་སྐབས་གཞན་དུ་ཞེས་ངག་རྒྱུན་གྱི་བཤད་ཚུལ་དེ་ཇི་བཞིན་བཀོད་པ་ལས་དེ་ལ་ཁུངས་སུ་མ་མཛད་པ་ལ་རྒྱུ་མཚན་གཞན་མེད་པ་འདྲ། ང་ཚོས་བློན་འབྲོ་སྟག་སྣང་ཚེ་འཕོས་པ་ལས་མདོ་སྨད་ཙོང་ཁའི་ཡུལ་དུ་སྐུ་སྐྱེས་བྱུང་ཚུལ་སྐོར་བཀོད་པའི་དཔྱད་གཞི་དག་ཁུངས་སུ་མཛད་དེ་ཞིབ་རྟོག་བྱས་ན། གོང་སོང་ངག་བརྒྱུད་དེའི་བརྡ་དོན་ལ་འགྲེལ་བ་ཅུང་གསལ་བོ་ཞིག་འགོད་ཐུབ་པར་འདུག སྐབས་འདིའི་བུད་མེད་སྒོག་འཚོང་བྱེད་མཁན་ནི་བླ་ཆེན་གྱི་ཡུམ་ལ་གོ་ན་འགྲིག་པར་སེམས་ཏེ། ད་ལྟའི་མདོ་སྨད་ཙོང་ཁའི་ཁོངས་གཏོགས་ཡ་རྫི་རྫོང་འདིར་ས་བབས་ཅུང་དམའ་བའི་དབང་གིས་སུར་པན་དང་སྒོག་པ། ཤི་བཀྭའ་སོགས་ཞིང་ལས་ཐོན་རྫས་གཉེར་བའི་སྲོལ་ད་ལྟ་ཡང་ཡོད། ཚིག་རྐང་གཉིས་པའི་བར་དུ་ཞེས་པ་ནི་དུས་ནམ་ཞིག་གི་ཚེ་ན་ཞེས་པའི་དོན་སྟོན་པ་མི་འགལ་ལ་སྒོག་འཚོང་བྱེད་མཁན་གྱི་བུད་མེད་དེ་དུས་ནམ་ཞིག་ན་བོད་ཀྱི་སོ་བློན་འབྲོ་སྟག་སྣང་གི་བུ་ཚ་རྒྱུད་ཅིག་དང་གཉེན་དུ་སོང་བས་ས་དེ་གའི་མི་རྣམས་ཀྱིས་མཐོ་རུ་བཀུར་བ་དང་། བུད་མེད་སྒོག་འཚོང་མ་ཉིད་རིམ་གྱིས་བོད་བཙན་པོའི་སོ་བློན་འབྲོ་སྟག་སྣང་དང་བཅས་པའི་བུ་རབས་ཚ་རྒྱུད་ཀྱི་མངའ་ཁོངས་མདོ་ཁམས་ཀྱི་བདག་མོར་གྱུར་བའི་གནས་ཚུལ་གསལ་བོར་གསུངས་ཡོད། ད་དུང་བསམ་དགོས་པ་འདི་ཡོད་དེ། ཡུལ་ཁམས་དེ་བོད་བཙན་པོའི་དཔུང་གིས་ཁ་ལོ་བསྒྱུར་བའི་གནས་ཚུལ་ལོ་རྒྱུས་བསྟན་བཅོས་དག་ཏུ་འཁོད་པ་བསྐྱར་བཤད་བྱ་དགོས་མེད་ཀྱང་། སྐབས་དེ་ཤེད་དུ་མདོ་སྨད་ཙོང་ཁའི་རྒྱ་ཞུ་སྡེ་བའི་ཉེ་འཁོར་ན། རྒྱ་བོད་མི་རིགས་གཉིས་མཉམ་དུ་གཞིས་སྡོད་བྱས་ཡོད་པའི་གནས་ཚུལ་ཡ་རྫི་རྫོང་གི་ལོ་རྒྱུས་བསྟན་བཅོས་ཅུང་སྔ་ཤས་ནང་མཐོང་དུ་ཡོད་པ་བཞིན། བུད་མེད་སྒོག་འཚོང་མ་འདི་རྒྱ་གཞུའམ་ཡ་རྫི་རྫོང་ན་གནས་བཅས་པའི་བོད་དམ་རྒྱའི་བུད་མེད་ཅིག་ཡིན་པར་ཚོད་དཔག་བྱེད་ཐུབ། དུས་སྐབས་དེའི་ནང་མདོ་སྨད་ཙོང་ཁའི་ཡུལ་དུ་བོད་རྒྱ་གཉིས་རིག་གནས་ཐོག་འབྲེལ་འདྲིས་ཡོད་པའི་ཤེས་བྱེད་ཁུངས་ཐུབ་ཅིག་ནི་བླ་ཆེན་དགུང་ལོ་ཉེར་གཉིས་ཐོག་བསྙེན་རྫོགས་མཛད་སྐབས། རྒྱའི་དགེ་སློང་ཀེ་ཝང་དང་གྱི་བན་གཉིས་ཀྱིས་ཁ་སྐོང་མཛད་ཚུལ་ལས་ཀྱང་བསམས་ནུས་སོ།།
          མཐའ་མར་དམུ་ཟུ་དགེ་བ་གསལ་ཞེས་པའི་ཚིག་འདིས་བུད་མེད་སྒོག་འཚོང་མ་དང་བོན་ལ་དད་པའི་བོད་བློན་གྱི་རྒྱུད་པ་གཉེན་དུ་བསྡེབས་པ་ལས་མཐའ་མར་བོན་ཕྲུག་ཅིག་སྟེ་དམུ་ཟུ་གསལ་འབར་སྐྱེ་བ་ཡིན་ཞེས་པར་གོ་མི་རུང་མེད་པས། ངེད་ཅག་གིས་འགོས་ལོ་ལྟར་དབུས་གཙང་ནས་ཡིན་པའི་བོད་བཙན་པོའི་བློན་པོ་ཞིག་ཚེ་དུས་བྱུང་རྗེས། སྨོན་ལམ་གྱི་སྟོབས་ལ་བརྟེན་ནས་མདོ་ཁམས་སུ་ཚེ་འཕོས་སྐུ་སྐྱེ་བྱུང་བའི་ལྷ་སྒྲུང་ལྟ་བུའི་བཤད་ཚུལ་དང་ནན་གྱིས་ཁ་སྦྱོར་དགོས་དོན་མེད་ལ། རྒྱ་བོད་ཡིག་ཚང་ཆེན་མོར་འཁོད་པའི“བླ་ཆེན་དང་བོར་བློན་པོའི་རྒྱུད་པར་སོང་བའི་ཐུགས་ཞེན་གྱི་བརྡ་མཚོན་ཡིན་ཟེར་བར་འདུག་”⒂ཅེས་པར་ཡང་འགྲེལ་ལན་གསལ་བོ་ཞིག་བཏབ་འདུག་ཕྱིར། བླ་ཆེན་གྱི་ཡབ་མེས་དག་དབུས་གཙང་གི་བློན་འབྲོ་རུས་ལས་མཆེད་ཚུལ་གོང་སོང་ཚིགས་བཅད་དེའི་ཤུགས་བསྟན་དུ་གསལ་བ་བཞིན་གོ་རྒྱུ་ཅུང་ཆེའོ།།
          གསུམ་པ། མཇུག་བསྡུ་བ།
          བླ་ཆེན་གྱི་འཁྲུངས་གཞིས་གང་ཡིན་སྐོར་བོད་ཀྱི་ལོ་རྒྱུས་བསྟན་བཅོས་ནང་བཤད་ཚུལ་གཉིས་ཡོད་པ་གོང་དུ་སྨོས་པ་བཞིན་ཡིན། ང་ཚོས་ད་སྔ་ལག་སོན་བྱུང་བའི་དཔྱད་གཞིའི་ཡིག་ཆའི་ཐོག་ནས་དཔྱད་ཚེ་བཞེད་ཚུལ་ཕྱི་མ་དེ་ཅུང་ཡང་དག་ཡིན་པར་ར་སྤྲོད་བྱེད་ཐུབ་མོད།གསལ་ཁ་མ་ཐོན་པའི་གནད་དོན་ཞིག་ནི་གོང་བཀོད་ཙོང་ཁ་ཡ་རྫི་རྒྱ་ཞུ་སྡེ་བ་དེ་བླ་ཆེན་གྱི་འཁྲུངས་གཞིས་དངོས་ཡིན་པའི་ལྟ་ཚུལ་འདོན་སྐབས་སྔར་གྱི་ལོ་རྒྱུས་བསྟན་བཅོས་ཅུང་སྔ་ཤོས་དག་ཏུ་དབོན་པ་ཅིས་བྲིས་པར་སྣང་ཞེས་འཁོད་པའི་བླ་ཆེན་ཙོང་ཁ་ནས་འཁྲུངས་པར་འདོད་མཁན་གྱི་མཁས་པའམ་ལོ་རྒྱུས་འབྲི་མཁན་དེ་ཡིན་ལ། ད་སྔའི་དཔྱད་ཡིག་ཐོག་དབོན་པ་ཅི་ཞེས་པ་དེ་མི་སུ་ཞིག་ཡིན་པ་དང་། དེས་བྲིས་པའི་ལོ་རྒྱུས་བསྟན་བཅོས་ནི་ག་འདྲ་ཡིན་པ་སོགས་ཤེས་ཐབས་མ་བྱུང་བར་མ་ཟད།དེང་དུས་ལོ་རྒྱུས་སྨྲ་བ་མང་ཤོས་ཀྱིས་ཚད་མར་འཛིན་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》ན་ཡང་“དབོན་པ་ཅིས་བྲིས་པ་《དེབ་སྔོན་》ན་སྣང་བ་ནི་”⒃ཞེས་《དེབ་སྔོན་》ནང་བཀོད་པའི་མི་མིང་ཙམ་ཁོལ་དུ་ཕྱུང་བ་ཙམ་ལས་མི་དེའི་གནས་ཚུལ་སྐོར་ངོ་སྤྲོད་གསལ་བོ་མ་བྱུང་། དེ་བས་བླ་ཆེན་གྱི་འཁྲུངས་གཞིས་དང་བཅས་པའི་ལོ་རྒྱུས་ཀྱི་བཤད་རྒྱུན་དེ་དག་ལ་སྒྲུབ་བྱེད་ཁུངས་བཙན་འགོད་མ་ཐུབ་པར་ལུས་ཡོད།
          མཆན་འགྲེལ།
①《སྔོན་གྱི་གཏམ་མེ་ཏོག་གི་ཕྲེང་བ་ཞེས་བྱ་བ་བཞུགས་སོ》 ནེའུ་པཎ་ཌི་ཏ་གྲགས་པ་སྨོན་ལམ་བློ་གྲོས་ཀྱིས་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2005ལོའི་ཟླ་12པའི་པར་ཐེངས་གཉིས་པ། ཤོག་ངོས་33ཐོག་གསལ།
②《ཇོ་ནང་རྗེ་བཙུན་ཏྰ་ར་ནྰ་ཐའི་གསུང་འབུམ་དཔེ་བསྡུར་མ་བཞུགས་སོ》 མེས་པོའི་ཤུལ་བཞག་དེབ་གྱ་དྲུག་པ། 2008ལོའི་ཟླ4པར་ཐེངས་དང་པོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས་154ཐོག་གསལ།
③མཁན་སློབ་གསུམ་ཀའི་མཚན་ནས་གྲས་ཏེ། མུ་ཟུ་དགེ་བ་གསལ་དུ་བཏགས་ཟེར། ལོ་རྒྱུས་རྙིང་བ་ལ་མཐོང་བར་ཞེས་པའི་ཚིག་དུམ་འདི་བོད་ལྗོངས་པར་མའི་ནང་གུག་རྟགས་ནང་བཀོད་ཡོད་ཅིང་དཔེ་སྐྲུན་གསལ་བཤད་དུ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ལྡན་ལྷུན་སངས་རྒྱས་ཆོས་འཕེལ་གཉིས་ཀྱིས་གུག་རྟགས་དེའི་ནང་བཀོད་པ་དག་ནི་མ་དཔེ་སོ་སོར་འཁོད་པའི་ཡིག་གཤམ་འཆན་བུ་རྣམས་པར་སྐྲུན་བདེ་ཆེད་མཚམས་སོ་སོའི་དཀྱུས་གཅིག་ཏུ་འཁོད་པར་བཤད་པ་ལ་གཞིགས་ན་མ་ཡིག་མི་གཅིག་པ་འགའ་ཡོད་པ་ཤེས་ལ། ཚིག་དུམ་འདི་ནི་དཔེ་ཆ་རྩོམ་མཁན་ནམ་པར་བཤུས་རྒྱག་མཁན་གྱིས་མ་ཡིག་ལ་བཏབ་པའི་མཆན་བུ་དངོས་ཡིན་པ་ཤེས་ཐུབ།
④《ལྡེའུ་ཆོས་འབྱུང》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས་368ཐོག་གསལ།
⑤《རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་བཞི་པ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1992ལོའི་ཟླ་2པར་པར་ཐེངས་དང་པོ་དཔར། ཤོག་ངོས་490ཐོག་གསལ།
⑥⑦⑧《རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་བཞི་པ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1992ལོའི་ཟླ་2པར་པར་ཐེངས་དང་པོ་དཔར། ཤོག་ངོས་491、490、490ཐོག་གསལ།
⑨《བརྡ་རྙིང་ཡིག་ཆ་ཚིག་དོན་ཀུན་ཁྲོལ》 གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010ལོའི་ཟླ་5པའི་པར་ཐེངས་གཉིས་པ།ཤོག་ངོས་368ཐོག་གསལ།
⑩ 《བོད་རྒྱ་ཚིག་མཛོད་ཆེན་མོ》 མི་རིགས་དཔེ་སྐྲུན་ཁང་། 2003ལོའི་ཟླ་1པའི་པར་ཐེངས་དྲུག་པ། ཀྲང་དབྱི་སུན་གྱིས་གཙོ་འགན་བཞེས་ནས་རྩོམ་སྒྲིག་བྱས། ཤོག་ངོས་1779ཐོག་གསལ།
⑾ 《རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་བཞི་པ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1992ལོའི་ཟླ་2པའི་པར་ཐེངས་དང་པོ། ཤོག་ངོས་490ཐོག་གསལ།
⑿⒀《ཀྲུང་གོའི་བོད་རིག་པ》 2007ལོའི་དེབ་བཞི་པའི་ཐོག་བཀོད་པའི་ཨ་ལྡོང་དཔལ་རྡོ་ཐར་གྱིས་བྲིས་པའི་དཔྱད་རྩོམ་《རྡོ་སྦིས་ལོ་རྒྱུས་ལས་སྟོད་པ་ཁག་གསུམ་གྱི་བྱུང་རིམ་རགས་ཙམ་གླེང་བ་》ཞེས་པའི་ཤོག་ངོས་27、25ཐོག་གསལ།
⒁《དེབ་ཐེར་སྔོན་པོ》 འགོས་ལོ་གཞོན་ནུ་དཔལ་གྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོའི་ཟླ་1པའི་པར་ཐེངས་དང་པོ། ཤོག་ངོས་89ཐོག་གསལ།
⒂ 《རྒྱ་བོད་ཡིག་ཚང་ཆེན་མོ》 དཔལ་འབྱོར་བཟང་པོས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2011ལོའི་ཟླ་6པའི་པར་ཐེངས་གཉིས་པ། ཤོག་ངོས་211ཐོག་གསལ།
⒃《ཆོས་འབྱུང་མཁས་པའི་དགའ་སྟོན》དཔའ་བོ་གཙུག་ལག་ཕྲེང་བས་བརྩམས།  མི་རིགས་དཔེ་སྐྲུན་ཁང་།  2006ལོའི་ཟླ་1པའི་པར་ཐེངས་དང་པོ།  ཤོག་ངོས་243ཐོག་གསལ།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1