ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ལ་འགོ་འཛིན་བྱས།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 06-26


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས24ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཚོགས་འདུ་བསྡུས་ཏེ།《ཀྲུང་གོ་གུང་ཁྲན་ཏང་ལས་ཁུངས་སྒྲིག་ལུགས་བྱ་བའི་སྲོལ་ཡིག》དང《ཀྲུང་གོ་གུང་ཁྲན་ཏང་ཞིང་སྡེ་བྱ་བའི་སྲོལ་ཡིག》གི་ཞིབ་བཤེར་གྲོས་མོལ་བྱས།  ཀྲུང་གུང་ཀྲུང་དབྱང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས།
        ཚོགས་ཐོག་ནས་བསྟན་དོན། ལས་ཁུངས་ཀྱི་སྒྲིག་ལུགས་ཐོན་ཁུངས་ནི་ཆབ་སྲིད་ཀྱི་ཐོན་ཁུངས་དང་སྲིད་འཛིན་གྱི་ཐོན་ཁུངས་གཙོ་བོ་ཡིན་ལ། ལས་ཁུངས་ཀྱི་སྒྲིག་ལུགས་བྱ་བས་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ལས་ཁུངས་བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་ནས་ཏང་གི་སྲིད་འཛིན་ཐོན་ཁུངས་ཆ་སྡེབ་ལེགས་སྒྱུར་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད།《ཀྲུང་གོ་གུང་ཁྲན་ཏང་ལས་ཁུངས་སྒྲིག་ལུགས་བྱ་བའི་སྲོལ་ཡིག》གཏན་འབེབས་དང་ལག་བསྟར་བྱས་པ་དེས། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཁྲིམས་སྲོལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ལས་ཁུངས་ཀྱི་སྒྲིག་ལུགས་ཁྲིམས་མཐུན་ཅན་དུ་བསྒྱུར་བ། ལས་ཁུངས་ཀྱི་སྒྲིག་ལུགས་བྱ་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཟེར།
        ཚོགས་ཐོག་ནས། རིམ་པ་སོ་སོའི་ཏང་ཨུས་ལས་ཁུངས་ཀྱི་སྒྲིག་ལུགས་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་། རྩ་འཛུགས་འགོ་ཁྲིད་ལ་ཤུགས་བསྣན་ཏེ། རིམ་པ་སོ་སོའི་ཏང་ཨུའི་རྩ་འཛུགས་པུའུ་དང་སྒྲིག་ལུགས་གཞུང་སྒྲུབ་ཁང་གིས་ཏང་ཨུ་ལ་རོགས་འདེགས་བྱས་ནས་གཅིག་གྱུར་མཐུན་སྦྱོར་དང་ལྟ་སྐུལ་མཛུབ་སྟོན་དམ་འཛིན་བྱེད་པ་དང་། ཆ་སྡེབ་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ། འབྲེལ་ཡོད་འགན་ནུས་སྡེ་ཁག་གིས་གཞོགས་འདེགས་དམ་ཟབ་བྱེད་པ་དང་། ལས་བགོ་མཉམ་ལས་བྱས་ཏེ། བྱ་བའི་མཉམ་ཤུགས་གྲུབ་པར་བྱེད་དགོས་པའི་རེ་བ་བཏོན།
        ཚོགས་ཐོག་ནས་བསྟན་དོན། 《ཀྲུང་གོ་གུང་ཁྲན་ཏང་གི་ཞིང་སྡེ་བྱ་བའི་སྲོལ་ཡིག》ནི། ཏང་གི་ཞིང་སྡེ་བྱ་བར་དོ་དམ་བྱེད་པའི་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བྱེད་པ་དང་། ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་བསྒྱུར་བའི་བྱེད་ཐབས་གལ་ཆེན་ཡིན་ལ། ཏང་གིས་ཞིང་སྡེ་བྱ་བའི་ཁྱོན་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། ཏང་གིས་ཞིང་སྡེའི་སྲིད་འཛིན་རྨང་གཞི་སྲ་བརྟན་དུ་བཏང་སྟེ། དུས་རབས་གསར་བའི་ཞིང་སྡེ་བྱ་བའི་ཐད་ནས་ནམ་ཡང་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་སྲུང་འཛིན་བྱེད་པར་ཁག་ཐེག་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་ཟེར།
        ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1