༄༅༎དར་རྩེ་མདོ།

འབའ་ཟླ་བ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-26


འབའ་ཟླ་བ།



ཨ་སྔོན་དགུང་ལ་འཐིབས་དྭངས་མོད་ས།།
ཧ་ལམ་དབྱར་སྟོན་དགུན་ལས་མེད་ས།།
ཨ་དབྱངས་མཛའ་གླུ་གླིང་བཞིར་གྲགས་ས།།
ཧ་ཅང་ཆུང་ཡང་མགྲོན་བརྒྱ་འཁོར་ས།།

ས་འཛིན་གསུམ་གྱི་ལྟེ་བར་ཆགས་ས།།
ཤ་མར་ཐུད་སོགས་ཟས་སྣ་འཛོམས་ས།།
ལྭ་དང་དར་རས་ཚོང་ལས་དར་ས།།
ར་ལུག་ཟོག་གིས་རྩེ་འཇོ་རོལ་ས།།

ཡ་ཐོག་གངས་རི་དབུ་འཕང་མཐོ་ས།།
འ་ཅག་བོད་ལ་བཏུང་ཇ་འདྲེན་ས།།
ཟ་འོག་མནབས་པའི་ཀོང་ཇོ་ཕེབས་ས།།
ཞ་ཉེ་ལྕགས་ཀྱི་ཉག་ཕྲན་བཟོ་ས།།

ཝ་ལེར་རྒྱུན་དྭངས་ཆུ་མིག་འབབ་ས།།
ཛ་སག་ཧོར་གྱི་བཙན་རྫོང་བཅའ་ས།།
ཚ་གདུང་གཡོལ་བའི་རང་བྱུང་ཕ་ས།།
ཙ་རི་གནས་ལྟར་ཀུན་གྱིས་སྨོན་ས།།

མ་སྨད་མཚོ་མོ་རླབས་ཕྲེང་གཡོ་ས།།
བ་ལུ་སྟག་མ་མེ་ཏོག་བཀྲ་ས།།
ཕ་རི་ཚུར་རིར་བྱ་བྱེའུ་གྲགས་ས།།
པ་ཏྲ་བཞིན་དུ་བོད་ཁམས་མཛེས་ས།།

ན་བུན་དཀར་པོ་ལང་ལོང་གཡོ་ས།།
ད་དུང་སྦྲང་ཆར་ཟིམ་ཟིམ་བབས་ས།།
ཐ་ཆད་སྦག་བཙོག་མཁའ་དབུགས་མེད་ས།།
ཏ་ལེ་སྐལ་བཟང་སྤྱོད་པའི་ཞིང་ས།།

ཉ་མའི་ལྷ་སྐལ་ཇོ་བོ་བཞུགས་ས།།
ཇ་སྐོལ་ཐང་དུ་གནམ་གྲུ་བབས་ས།།
ཆ་རྒྱུས་ཡོད་མེད་ཐམས་ཅད་འཛོམས་ས།།
ཅ་ཅོ་མི་ཆེ་སོས་དལ་ཆེ་ས།།

ང་ལས་ལྷག་པ་མང་པོས་བསྟོད་ས།།
ག་ལ་བསམ་ཡང་དགེ་མཚན་ལྡན་ས།།
ཁ་རྗེ་དར་བའི་མི་ཆེན་འབྱུང་ས།།
ཀ་ཡེ་དར་མདོ་ཁམས་ཀྱི་རྒྱལ་ས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1