གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།ཤིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༦ཚེས་༢༨ཉིན།

ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅོ་ལྔ་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།


             རང་རེའི་ཏང་གིས་བློ་མཐུན་ཡོངས་ལ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་དགོས་པའི་བླང་བྱ་བཏོན་པ་ནི། ཏང་ཡོངས་ཀྱི་བློ་མཐུན་ཚོར་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཏང་གི་ངོ་བོ་དང་དམིགས་ཡུལ་ཡིན་པ་དང་། ཕུགས་བསམ་དད་སེམས་དང་འབད་འཐབ་དམིགས་ཚད་ཀྱི་གཅིག་སྡུད་མཚོན་ཚུལ་ཡིན་པའི་དྲན་སྐུལ་བྱས་ནས་སྲིད་འཛིན་བྱེད་ཡུན་ཇི་ཙམ་རིང་བ་དེ་ཙམ་གྱིས་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་མ་བརྗེད་པ་དང་། དེ་ཙམ་གྱིས་རང་ངོས་གསར་བརྗེའི་སྙིང་སྟོབས་ཉམས་རྒྱུ་མེད། དུས་རབས་གསར་པར་ཏང་གི་རང་ངོས་གསར་བརྗེ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་བཏང་ནས་ཏང་ཉིད་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པ་དང་། མི་དམངས་ཀྱི་སེམས་གཏིང་ནས་བརྩི་བཀུར་ཐོབ་པ། རང་ངོས་གསར་བརྗེ་ཕོད་པ། དཀའ་སྡུག་གི་ཚོད་བགམ་སྣ་ཚོགས་ཐེག་པ། སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བ་བཅས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས།
             ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་24ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས“ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བའི”ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་བཅོ་ལྔ་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། རང་རེའི་ཏང་འདི་ཉིད་ལོ་བརྒྱའི་ལོ་རྒྱུས་ལྡན་པའི་ཏང་ཆེན་པོ་ཞིག་ཡིན་པའི་ངོས་ནས་ཇི་ལྟར་བྱས་ནས་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་དང་ལང་ཚོའི་སྐྱེ་སྟོབས་ནམ་ཡང་གནས་པ་དང་། ཇི་ལྟར་བྱས་ནས་མི་དམངས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་པ་དང་། ཡུན་རིང་སྲིད་འཛིན་ཐུབ་པ་བྱ་རྒྱུ་བཅས་ནི་ང་ཚོས་ངེས་པར་དུ་ལན་ཡག་པོ་འདེབས་དགོས་པ་དང་ཐག་གཅོད་ཡག་པོ་བྱེད་དགོས་པའི་རྩ་བའི་རང་བཞིན་གྱི་གནད་དོན་ཞིག་རེད། དེས་ན། རང་རེའི་ཏང་གིས་བློ་མཐུན་ཡོངས་ལ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་དགོས་པའི་བླང་བྱ་བཏོན་པ་ནི། ཏང་ཡོངས་ཀྱི་བློ་མཐུན་ཚོར་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཏང་གི་ངོ་བོ་དང་དམིགས་ཡུལ་ཡིན་པ་དང་། ཕུགས་བསམ་དད་སེམས་དང་འབད་འཐབ་དམིགས་ཚད་ཀྱི་གཅིག་སྡུད་མཚོན་ཚུལ་ཡིན་པའི་དྲན་སྐུལ་བྱས་ནས་སྲིད་འཛིན་བྱེད་ཡུན་ཇི་ཙམ་རིང་བ་དེ་ཙམ་གྱིས་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་མ་བརྗེད་པ་དང་། དེ་ཙམ་གྱིས་རང་ངོས་གསར་བརྗེའི་སྙིང་སྟོབས་ཉམས་རྒྱུ་མེད། དུས་རབས་གསར་པར་ཏང་གི་རང་ངོས་གསར་བརྗེ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་བཏང་ནས་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པ་དང་། མི་དམངས་ཀྱི་སེམས་གཏིང་ནས་བརྩི་བཀུར་ཐོབ་པ། རང་ངོས་གསར་བརྗེ་ཕོད་པ། དཀའ་སྡུག་གི་ཚོད་བགམ་སྣ་ཚོགས་ཐེག་པ། སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བ་བཅས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་རེད།
             ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་བློ་མཐུན་སུན་ཡེ་ལི་ཡིས་གནད་དོན་དེའི་ཐད་གསལ་འགྲེལ་བྱས་པ་དང་ཆབས་ཅིག་བསམ་འཆར་དང་གྲོས་འགོ་ཡང་བཏོན་པ་རེད།
             ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གནང་ཞིང་། དང་ཐོག་ཁོང་གིས་ཉིན་འགའ་ཤས་སོང་རྗེས་རང་རེའི་ཏང་དབུ་བརྙེས་ནས་ལོ་98འཁོར་གྱི་ཡོད་པས། ངས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ཚོར་དུས་ཆེན་གྱི་རྟེན་འབྲེལ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། 
             ཞི་ཅིན་ཕིང་གིས་བསྟན་གནང་དོན། ད་ཐེངས་ཀྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་བཀོད་སྒྲིག་བྱེད་པའི་དམིགས་ཡུལ་ནི་ཏང་གི་ལོ་རྒྱུས་ཉམས་མྱོང་ལ་ཕྱོགས་སྡོམ་དང་དུས་རབས་གསར་པའི་བླང་བྱ་དང་ཟུང་འབྲེལ་བྱས་ནས་ཏང་ཡོངས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ་ཧེ་བག་འཚོལ་བ་དང་དོན་འཁྱོལ་ལ་དམ་འཛིན་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་ངང་ཡག་པོ་སྤེལ་རྒྱུར་སྐུལ་འདེད་གཏོང་ཆེད་ཡིན། དེ་ནི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྣེ་ཁྲིད་དེ་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་བཀོད་སྒྲིག་གལ་ཆེན་ཞིག་ཀྱང་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་རང་དཔེ་གཞན་སྟོན་གྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་ཐད་ཏང་ཡོངས་ལ་མིག་དཔེ་འདོན་དགོས།
             ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རང་རེའི་ཏང་ནི་མར་ཁེ་སི་རིང་ལུགས་ཀྱིས་དྲག་ཆས་སྤྲས་པའི་སྲིད་ཏང་ཞིག་ཡིན་པས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བར་བྱེད་རྒྱུ་དེ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲིར་བརྩི་དགོས་པ་དང་ཆབས་ཅིག ཏང་གི་འབད་འཐབ་ཆ་ཚང་གི་འགོ་ནས་མཇུག་བར་ཁྱབ་པར་བྱེད་དགོས། ཏང་གི་ལོ་རྒྱུས་ལ་ཕྱིར་དྲན་བྱེད་སྐབས། རང་རེའི་ཏང་གིས་ཉམ་ཆུང་གི་གནས་ཚུལ་དེ་འདྲའི་འོག་རིམ་གྱིས་གོང་འཕེལ་དང་རྒྱ་སྟོབས་ཆེ་རུ་འགྲོ་དོན་དང་། ཁྲག་དྲི་བྲོ་བའི་དམག་འཐབ་དྲག་པོའི་ནང་རེ་ཐག་ཆད་པའི་གནས་ནས་རྒྱལ་ཁ་ཡང་ཡང་ཐོབ་དོན། འགག་སྒྲོལ་དཀའ་སེལ་ཁྲོད་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་རྒྱུན་ཆད་མེད་པར་བསྐྱོད་དོན་བཅས་ཀྱི་རྩ་བའི་རྒྱུ་རྐྱེན་ནི་གནས་བབ་ཡག་ཉེས་གང་ཞིག་ཏུ་གནས་རུང་། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བར་བྱེད་རྒྱུ་དེ་ཐོག་མའི་བསམ་འདུན་དང་འགན་འཁྲིར་བརྩི་རྒྱུ་བློ་ལ་བརྟན་པོར་བཅངས་ནས་བདེན་དོན་ཐད་ཕྱིར་བཤོལ་གཏན་ནས་མི་བྱེད་པའི་ངང་དམིགས་ཚད་དེའི་ཕྱོགས་སུ་མདུན་སྐྱོད་བྱས་པས་མི་དམངས་ཀྱི་སེམས་གཏིང་ནས་བརྩི་བཀུར་དང་རྒྱབ་སྐྱོར་བརྟན་པོ་ཐོབ་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་སླེབས་པས། ང་ཚོ་ལོ་རྒྱུས་ཐོག་གི་དུས་སྐབས་གང་རུང་ཞིག་ལས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་བྱེད་རྒྱུ་དང་ཉེ་བཅར་དེ་བས་ཐུབ་ཡོད་ལ། གདེང་ཚོད་དང་ནུས་པ་དེ་བས་ཆེ་བ་ཡོད། ང་ཚོས་བསྔགས་བརྗོད་དང་བསྟོད་བསྔགས་ཁྲོད་གསར་བརྗེའི་སྙིང་སྟོབས་དང་དཔའ་སྟོབས་ཉམས་ནས་ད་ཡོད་གནས་ཚུལ་ལ་ཡིད་ཚིམ་པ་དང་། ཡར་བརྩོན་བྱེད་མི་འདོད་པ། སྐྱིད་པོ་གཏོང་རྒྱུར་ཞེན་ཆགས་པ་བཅས་ཀྱི་གནས་སུ་རིམ་བཞིན་མི་ལྷུང་བར། གྲུ་གཟིངས་ཆུ་གཞུང་དུ་ཇི་ཙམ་སླེབས་ཚེ་རྦ་རླབས་དེ་ཙམ་གྱིས་དྲག་ཏུ་འཕྱུར་བ་དང་མི་ལ་སྐེད་དུ་ཇི་ཙམ་སླེབས་ཚེ་དེ་ཙམ་གྱིས་གཡང་གཟར་བློ་ལ་བརྟན་པོར་བཅངས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་རྒྱུ་དེ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཡུན་རིང་གི་ཞིབ་འཇུག་བྱ་གཞིར་བརྩི་བ་དང་ཏང་ཡོན་དང་ལས་བྱེད་པ་ཡོངས་ཀྱི་ཚེ་གང་གི་ཞིབ་འཇུག་བྱ་གཞི་ཞིག་ཏུ་བརྩི་དགོས།
             ཞི་ཅིན་ཕིང་གིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་ནི་བྱ་བ་ལས་སླ་པོ་ཞིག་མ་ཡིན་པས། ངེས་པར་དུ་རང་ངོས་གསར་བརྗེའི་སྙིང་སྟོབས་ཆེན་པོ་ལྡན་དགོས། འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་རེད་ལ། རང་རེའི་ཏང་གིས་སྲིད་བསྐྱངས་ནས་ལོ་70འཁོར་བའི་ལོ་ཞིག་ཀྱང་རེད། ཡུན་རིང་གི་སྲིད་འཛིན་ཆ་རྐྱེན་འོག་ཏང་གི་སྔོན་ཐོན་རང་བཞིན་ཉམས་ཞན་དུ་གཏོང་བ་དང་ཏང་གི་དྭངས་གཙང་རང་བཞིན་ལ་གནོད་འཚེ་བཟོ་བའི་རྒྱུ་རྐྱེན་སྣ་ཚོགས་ཡང་ཡང་ཐོན་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་དང་རྒྱབ་འགལ་དུ་སོང་བ་དང་ཏང་གི་རྨང་གཞིར་གཡོ་འགུལ་ཐེབས་པའི་ཉེན་ཁ་ཡང་ཡང་འཕྲད་པ། “ཚོད་བགམ་ཆེན་པོ་བཞི”དང“ཉེན་ཁ་རིགས་བཞི”སྔར་བཞིན་རྙོག་འཛིང་ཆེ་ལ་ཛ་དྲག་པ་བཅས་ཡོད་པས་འགོག་ཟོན་ནན་པོ་དང་དུས་ཐོག་ཏུ་བཅོས་སྒྲིག་མ་བྱས་ཚེ་ཡུན་རིང་སོང་ན་བཅོས་དཀའ་བས་གནད་དོན་ཆུང་ཆུང་གནད་དོན་ཆེན་པོར་འགྱུར་བ་དང་། གནས་ཚུལ་ཆུང་ཆུང་ནས་དོ་དམ་མ་བྱས་ན་གནས་ཚུལ་ཆེན་པོ་ལྷག་སྲིད། ཏང་གི་རང་ངོས་གསར་བརྗེའི་ལས་འགན་ལྕི་ལ་ལམ་ཐག་རིང་བས་མཚམས་འཇོག་པ་དང་ངལ་གསོ་བའི་བསམ་ཚུལ་གཏན་ནས་འཆང་མི་རུང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བར་ཏང་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་མངོན་འགྱུར་ཐུབ་པ་བྱེད་དགོས་པ་དང་། ཏང་ཡོན་དང་ལས་བྱེད་པ་ཚང་མ་དང་ལྷག་དོན་དུ་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་ཏང་ལ་སེམས་ཁྲལ་བྱེད་པ་དང་། ཏང་གི་ཆེད་འགན་འཁུར་བ། ཏང་སྟོབས་ཆེར་གཏོང་བའི་བློ་སྟོབས་འཆང་བ་བཅས་ཀྱི་བསམ་བློ་རྒྱུན་དུ་བཅངས་ནས་ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོར་རང་འགུལ་ངང་ཧུར་ཐག་ཞུགས་དགོས།
             ཞི་ཅིན་ཕིང་གིས་བསྟན་གནང་དོན། མར་ཁེ་སི་རིང་ལུགས་ནི་ང་ཚོས་ཕྱི་རོལ་ཡུལ་གྱི་འཇིག་རྟེན་དང་རང་སྣང་གི་འཇིག་རྟེན་བསྒྱུར་བཀོད་བྱེད་རྒྱུར་མཛུབ་ཁྲིད་བྱེད་པའི་བསམ་བློའི་མཚོན་ཆ་རྣོན་པོ་ཞིག་རེད། རང་རེའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་མའོ་ཙེ་ཏུང་གི་དགོངས་པ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་སྔ་རྗེས་སུ་གྲུབ་ནས་སྤྱི་ཚོགས་གསར་བརྗེ་དང་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་ཆེད་བསམ་བློའི་མཚོན་ཆ་རྣོན་པོ་ཞིག་མཁོ་འདོན་བྱས་ཡོད། རང་རེའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་ཏང་འཛུགས་སྐྱོང་གི་གཞུང་ལུགས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བས་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་བསམ་བློའི་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཞིག་གྲུབ་ཡོད་དེ། དཔེར་ན། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་བ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ། རྒྱུན་གཏན་རང་བཞིན་གྱི་སློབ་གསོ་དང་གཅིག་སྡུད་རང་བཞིན་གྱི་སློབ་གསོ་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་ཕོད་པ། ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ། ཏང་གི་དགོངས་པ། ཏང་རྩ་འཛུགས། ཏང་གི་སྤྱོད་ཚུལ། ཏང་གི་སྒྲིག་གཞི་བཅས་རྒྱུན་ཆད་མེད་པར་དྭངས་གཙང་ཡོང་བ་བྱེད་པ་སོགས་རེད། དེ་དག་ཚང་མ་ནི་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བའི་ཉམས་མྱོང་གལ་ཆེན་ཞིག་ཡིན་པས་ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ནང་གང་ལེགས་སྤྱོད་པ་དང་ཆབས་ཅིག་འཕེལ་རྒྱས་རྒྱུན་ཆད་མེད་པར་གཏོང་དགོས།
             ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་འགག་རྩ་ནི་གནད་དོན་ལ་མཐོང་ཆེན་བྱེད་པའི་རང་རྟོགས་དང་གྲི་དངོ་ནང་ལ་ཕྱོགས་པའི་བློ་སྟོབས་ལྡན་དགོས་པ་དེ་རེད། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ལག་ལེན་དངོས་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་དགོས། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ཐོག་བཏོན་པའི་ཕྱོགས་བརྒྱད་ཐད་ཀྱི་མངོན་གསལ་དོད་པོའི་གནད་དོན་ཚང་མ་ནི་ཏང་གི་རྨང་གཞིར་གཡོ་འགུལ་ཐེབས་སྲིད་པ་དང་ཏང་གི་བྱ་གཞག་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་སྲིད་པའི་གནད་དོན་རེད། དེས་ན། ངེས་པར་དུ་རང་ངོས་གསར་བརྗེ་མཐའ་གཅིག་ཏུ་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས་གནད་དོན་དེ་དག་ཐག་གཅོད་བྱེད་དགོས། ཏང་ནང་ཁུལ་གྱི་མངོན་གསལ་དོད་པའི་གནད་དོན་ཁག་གཅིག་མི་དམངས་མང་ཚོགས་ཀྱིས་རྟག་ཏུ་གསལ་པོ་མཐོང་གི་ཡོད། ཏང་ཡོན་དང་ལས་བྱེད་པའི་ཐོག་མའི་བསམ་འདུན་ལ་འགྱུར་ལྡོག་ཕྱིན་ཡོད་མེད་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ཡོད་མེད་ལ་མང་ཚོགས་ཀྱིས་གདེང་འཇོག་དང་ལག་ལེན་ནང་ཞིབ་དཔྱད་བྱེད་ཐུབ། ང་ཚོས་རང་ཉིད་ཁོ་ནར་བརྟེན་ནས་རང་ངོས་སྒྱུར་བཅོས་མི་བྱེད་པར་མི་དམངས་མང་ཚོགས་ཀྱི་བསམ་འཆར་མང་ཙམ་ཉན་པ་དང་མི་དམངས་མང་ཚོགས་ཀྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱེད་དགོས།
             ཞི་ཅིན་ཕིང་གིས་བསྟན་གནང་དོན། རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་མཐོར་གཏོང་བཅས་མཐའ་འཁྱོངས་བྱས་ཏེ་ཏང་གི་དཔུང་ཁག་རྒྱུན་ཆད་མེད་པར་དྭངས་གཙང་ཡོང་བར་བྱས་ནས་ཏང་གི་སྒྲིག་གཞི་སྐྱོན་བྲལ་ཡོང་བའི་འགན་ལེན་བྱེད་དགོས། ཞན་ཆ་གསབ་པ་དང་། སྐྱོན་ཆ་སེལ་བ། རྩ་བ་བརྟན་གཏོང་། འབྱུང་རྩ་ནས་སྔོན་འགོག ཐོན་བཟོ་ཡོད་པའི་ས་ནས་བཅོས་སྐྱོང་། ཐོན་མ་ཐག་རྡུང་རྡེག་གཏོང་བ་བཅས་མཐའ་འཁྱོངས་བྱས་ནས་ལམ་ལུགས་ཀྱི་ཞན་ཆ་གསབ་པ་དང་འབྲེལ་ལྟ་སྐུལ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། རིགས་གཞུང་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད། རིག་གནས་གསར་གཏོད་བཅས་དང་དེ་བཞིན་ཕྱོགས་གང་ཅིའི་ཐད་ཀྱི་གསར་གཏོད་ལ་སྐུལ་འདེད་གཏོང་ཕོད་པ་བྱས་ཏེ། རྙིང་དོར་གསར་འཛུགས་བརྒྱུད་འབྱུང་འགྱུར་རྒྱུན་ཆད་མེད་པར་གཏོད་དགོས། དཔེ་དེབ་དང་། ལག་ལེན། མི་དམངས་མང་ཚོགས་བཅས་ཀྱི་ས་ནས་རང་རྟོགས་ངང་སློབ་སྦྱོང་བྱས་ཏེ་ཏང་གཤིས་སྦྱོང་བརྡར་དང་ཆབ་སྲིད་ཞུན་བརྡར་ལ་ཤུགས་སྣོན་རྒྱག་པ་དང་། ཆབ་སྲིད་ཀྱི་གནས་ཚད་དང་། བསམ་བློའི་གནས་ཚད། ཀུན་སྤྱོད་ཀྱི་གནས་ཚད་མཐོ་རུ་རྒྱུན་ཆད་མེད་པར་གཏོང་བ། སྲིད་འཛིན་གྱི་འཇོན་ཐང་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་ཅིག་གཏོད་དགོས།
             ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བར་ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ཏང་ནང་ཁུལ་གྱི་གནད་དོན་ཐག་གཅོད་བྱེད་རྒྱུ་ཕན་ཚུན་གཅིག་གྱུར་དམ་ཟབ་ཐུབ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་ཏང་གི་འགོ་ཁྲིད་ཉམས་ཞན་དུ་གཏོང་བ་དང་། ཏང་གི་སྲིད་འཛིན་རྨང་གཞིར་གཡོ་འགུལ་གཏོང་བ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ལས་འགལ་བ་བཅས་ཀྱི་བྱེད་སྤྱོད་དང་འཐབ་རྩོད་བཅས་བྱས་ཏེ་ཏང་ནང་ཁུལ་དུ་གནས་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས། རྩ་བ་གཙང་མ་བརྟན་སྲུང་དང་གསར་གཏོད་ཕན་ཚུན་གཅིག་གྱུར་དམ་ཟབ་ཐུབ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། ཏང་གི་ངོ་བོ་དང་དམིགས་ཡུལ་དང་ཕུགས་བསམ་དད་སེམས་བརྟན་པོ་སྲུང་ནས་ཐོག་མའི་བསམ་འདུན་དང་འགན་འཁྲིར་གཡོ་འགུལ་མི་ཐེབས་པ་བྱེད་པ་དང་ཆབས་ཅིག འདུ་ཤེས་དང་། བསམ་ཕྱོགས། ཐབས་ཤེས། བྱེད་ཐབས་བཅས་གསར་པར་བརྟེན་ནས་ཏང་ནང་ཁུལ་དུ་གནས་པའི་འགལ་བ་དང་གནད་དོན་སྣ་ཚོགས་ཐག་གཅོད་ཡག་པོ་བྱེད་དགོས། དོ་དམ་ནན་པོ་དང་བརྩེ་བ་ཟབ་མོ་ཕན་ཚུན་གཅིག་གྱུར་དམ་ཟབ་ཐུབ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། ལྟ་སྐུལ་དོ་དམ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་མི་དགོས་པའི་ལས་རྙོག་བཟོ་མཁན་ཁ་ཤས་ལ་དོ་དམ་ནན་པོ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་འགན་འཁྲི་ཁུར་ཕོད་ལ་བྱ་སྤྱོད་སྤེལ་བ་དང་ལས་སྒྲུབ་ལས་གཏོད་བྱེད་སེམས་ལ་ཚོད་འཛིན་མི་བྱེད་པར་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཧུར་ཐག་འཕེལ་བར་བྱས་ཏེ་དུས་རབས་གསར་པར་བྱས་རྗེས་འཇོག་པ་དང་གྲུབ་འབྲས་གསར་པ་གཏོད་པའི་རྣམ་པ་ཟབ་མོ་དང་གསོན་ཉམས་དོད་པའི་རྣམ་པ་ཞིག་ཆགས་པར་བྱེད་དགོས། རྩ་འཛུགས་ཀྱི་སྐུལ་འདེད་དང་མི་སྒེར་གྱི་རང་འགུལ་ཕན་ཚུན་གཅིག་གྱུར་དམ་ཟབ་ཐུབ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། རིམ་ཁག་ཏང་རྩ་འཛུགས་ཀྱི་བླང་བྱ་ནན་པོ་དང་། སློབ་གསོ་ནན་པོ། དོ་དམ་ནན་པོ། ལྟ་སྐུལ་ནན་པོ་བཅས་ལ་བརྟེན་དགོས་ལ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་རང་རྟོགས་ངང་བྱ་སྤྱོད་སྤེལ་བ་དང་། རང་འགུལ་ངང་རང་ངོས་ལ་ཞིབ་ལྟ་བྱེད་པ། རང་ཉིད་ལ་ལྡན་པའི་ཆབ་སྲིད་ཀྱི་སྐྱོན་ཆ་ཆུང་རིགས་ཡོ་བསྲང་བཅས་བྱས་ནས་ཆབ་སྲིད་ཀྱི་སྔོན་འགོག་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུར་ཡང་བརྟེན་དགོས།
             ཞི་ཅིན་ཕིང་གིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་འགག་རྩ་ནི་ཏང་གི་རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པར་ཐུག་ཡོད། འགོ་ཁྲིད་ལས་བྱེད་པས་གོང་གིས་འོག་ལ་སྣེ་ཁྲིད་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱེད་རྒྱུར་སྣེ་ཁྲིད་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་རྒྱུར་སྣེ་ཁྲིད། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་རྒྱུར་སྣེ་ཁྲིད། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱི་བྱ་ཐབས་སྤྱོད་རྒྱུར་སྣེ་ཁྲིད། བདེན་དོན་མཐའ་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་བྱེད་པར་སྣེ་ཁྲིད་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1