རྔ་བ་ཁུལ་བོད་ཀྱི་སྐད་དང་ཡི་གེའི་སྲོལ་ཡིག་གསོ་སྦྱོང་ཚོགས་འདུ་འཚོགས།

གྲགས་པ་བསྟན་འཛིན། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-28


        ཟླ་6པའི་ཚེས་24ཉིན་ནས་25ཉིན་བར་ཤར་རྒྱལ་མོ་ཚ་བ་རོང་གི་ཆར་གཏོགས་འབར་ཁམས་གྲོང་ཁྱེར་དུ། བོད་ཀྱི་སྐད་དང་ཡི་གེ་ཚད་ལྡན་གྱི་ངང་བཀོལ་སྤྱོད་བྱེད་པར་སྐུལ་མ་དང་། ལས་དོན་སོ་སོའི་ཁྲོད་དུ་བོད་ཀྱི་སྐད་དང་ཡི་གེའི་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་དང་ཡི་གེའི་སྲོལ་ཡིག་ཅེས་པར་སློབ་སྦྱོང་བྱེད་པའི་གསོ་སྦྱོང་ཚོགས་འདུ་གལ་ཆེན་ཞིག་འཚོགས། སྲོལ་ཡིག་འདི་ལ་2017ལོའི་ཟླ་12པའི་ཚེས་29ཉིན་རྔ་བ་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོགས་འཆམ་བྱུང་ཞིང་། 2018ལོའི་ཟླ་7པའི་26ཉིན་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བའི་ཐོག་ཆོག་མཆན་གནང་།
        ཐེངས་འདིའི་གསོ་སྦྱོང་ཚོགས་འདིའི་དབུ་ཚུགས་མཛད་སྒོར་རྔ་བ་ཁུལ་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཁུལ་དཔོན་གཞོན་པ་ཀོ་ཉིང་ཕེབས་ཡོད་པ་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་བོད་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་དང་དར་སྤེལ་གཏོང་རྒྱུ་ནི་རང་སྐྱོང་ཁུལ་གྱི་དབང་ཆ་གལ་ཆེན་ཞིག་ཡིན་ལ། རྔ་བ་ཁུལ་གྱི་ས་གནས་རིམ་པ་སོ་སོའི་རྒྱལ་ཁབ་ཀྱི་ལས་ཁུངས་ཀྱིས་ངེས་པར་དུ་བོད་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་དང་དར་སྤེལ་གཏོང་རྒྱུར་ཁྲིམས་ལྟར་འགན་སྲུང་བྱེད་དགོས་ཅིང་། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་མཐུན་སྒྲིལ་སྲ་བརྟན་དུ་བཏང་སྟེ། མི་རིགས་སོ་སོ་མཉམ་དུ་མཐུན་སྒྲིལ་ཡར་ཐོན་དང་། དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས་པར་བསྟན།
         ཚོགས་འདུ་ལས་བོད་ཀྱི་སྐད་ཡིག་གི་བྱ་བཞག་དར་རྒྱས་གོང་འཕེལ་འགྲོ་ཆེད། རྔ་བ་ཁུལ་གྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་བཅས་ཀྱི་འཛུགས་སྐྲུན་ཁྲོད་དུ་བོད་ཀྱི་སྐད་དང་ཡི་གེའི་ནུས་པ་འདོན་སྤེལ་གང་ལེགས་བྱ་བར་སྐུལ་ལྕག་བྱས་པ་དང་། རྔ་བ་ཁུལ་གྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་བོད་རིགས་སྤྱི་དམངས་ཀྱིས་བོད་ཀྱི་སྐད་དང་ཡི་གེར་སློབ་སྦྱོང་བྱེད་པར་འགན་སྲུང་དང་མི་རིགས་གཞན་གྱི་སྤྱི་དམངས་ཀྱིས་ཀྱང་བོད་ཀྱི་སྐད་དང་ཡི་གེར་སློབ་སྦྱོང་དང་དེ་བཀོལ་སྤྱོད་བྱེད་པར་སྐུལ་སློང་བྱས། ཡིག་ཆ་དང་། སྙན་ཞུ་གལ་ཆེན། ཐ་སྙད་གསར་བ། སྤྱི་ཚོགས་སྤྱོད་ཡིག་གི་ལོ་ཙཱ་དང་། དེ་དག་ཚད་ལྡན་ཡིན་མིན་བཅས་ལ་བོད་ཀྱི་སྐད་དང་ཡི་གེའི་རྩོམ་སྒྱུར་སྡེ་ཁག་གིས་འགན་འཁུར་དགོས་པ་དང་། སྒོ་བྱང་དང་། ཚོང་རྟགས། ས་མིང་མཚོན་རྟགས། འགྲིམ་འགྲུལ་མཚོན་རྟགས་སོགས་སུ་བཀོལ་བའི་ཡི་གེ་ལ་མི་རིགས་ཆོས་ལུགས་ལས་དོན་སྡེ་ཁག་གིས་འགན་ཁུར་དགོས་ཀྱང་། ས་གནས་འགའ་རུ་རྩོམ་སྒྱུར་སྡེ་ཁག་མེད་པས་མི་རིགས་ཆོས་ལུགས་ལས་དོན་སྡེ་ཁག་གིས་འབྲེལ་ཡོད་ཀྱི་འགན་འཁུར་དགོས་པར་བསྟན།
        གཞན་ཡང་བོད་ཀྱི་སྐད་དང་ཡི་གེ་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། བོད་ཡིག་གི་དཔེ་རྙིང་དང་། ལོ་རྒྱུས་ཡིག་ཚང་། ངག་རྒྱུན་སོགས་མྱུར་སྐྱོབ་དང་། འཚོལ་སྡུད། ལོ་ཙྰ། དཔེ་སྐྲུན་བཅས་ཀྱི་ལས་ཀ་ངེར་པར་དུ་བསྒྲུབ་དགོས་ཤིང་། འཇིག་ཉེན་ཡོད་པའི་བོད་ཀྱི་ཡུལ་སྐད་བརྡ་རྙིང་ལ་ཚན་རིག་དང་མཐུན་པར་སྲུང་སྐྱོང་བྱ་དགོས་པར་བསྟན།
        ཐེངས་འདིར་ཀན་ལྷོ་དང་དཀར་མཛེས་ཀྱི་འབྲེལ་ཡོད་ལས་སྣེའི་མཁས་པ་གཉིས་དང་རང་ཁུལ་གྱི་འབྲེལ་ཡོད་ལས་སྣེའི་མཁས་པ་གཉིས་གདན་འདྲེན་ཞུས་ཏེ་ཉིན་གཅིག་དང་ཕྱེད་ཀྱི་རིང་དུ་འབྲེལ་ཡོད་ཀྱི་ཤེས་བྱ་ཁྲིད་པ་དང་ཉམས་མྱོང་བརྗེ་རེས་བྱས། ཁུལ་མི་རིགས་ཆོས་ལུགས་དོན་གཅོད་ཨུ་ཡོན་ལྷན་ཁང་དང་ཁུལ་རྩོམ་སྒྱུར་ཅུས་གཉིས་ཀྱིས་གཙོ་བྱས་པའི་ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས་དང་། མའོ་རྫོང་ཕུད་པའི་གཞན་རྔ་བ་ཁུལ་གྱི་འབར་ཁམས་གྲོང་ཁྱེར་དང་རྫོང་ཁག་སོ་སོའི་འབྲེལ་ཡོད་ལས་ཁུངས་ཁག་གསོ་སྦྱོང་ཚོགས་འདུ་ལ་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1