རོང་བྲག་རྫོང་དུ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐེབས།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 07-01


    རོང་བྲག་རྫོང་སྲིད་གཞུང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ6ཚེས27ཉིན་གྱི་ཆུ་ཚོད19དང་སྐར་མ10ནས་ཚེས28ཉིན་གྱི་ཆུ་ཚོད2བར་རོང་བྲག་རྫོང་རྫོང་ཡོངས་སུ་དྲག་ཆར་བབས་ནས་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐེབས་པས། འགྲིམ་འགྲུལ་དང་གློག་ཤུགས། ཞིང་ལས་སོགས་རྨང་གཞིའི་སྒྲིག་བཀོད་ལ་ཚད་གཞི་མི་འདྲ་བའི་གནོད་སྐྱོན་ཐེབས་ཡོད་པ་རེད།  རྫོང་དང་ཤང་། གྲོང་ཚོ་བཅས་ཀྱིས་དུས་ཐོག་ཏུ་ཉེན་བརྡ་གཏོང་བ་དང་། བབ་བསྟུན་གྱིས་བཀོད་སྒྲིག་བྱས་པར་བརྟེན། མི་སྣ་ཤི་རྨས་སོགས་བྱུང་མེད་པ་རེད།
    ཚེས28ཉིན་གྱི་ཆུ་ཚོད8པའི་བར་རིམ་རྩིས་བྱས་ན་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་བྱུང་བ29དང་། རི་ཉིལ་བ11 མང་ཚོགས་དུད་ཚང534དང་མི3093གནས་སྤོ་བྱས་པ། གཞུང་ལམ་སྨི6000ཆུས་བཤགས་པ་དང་སྨི8300ལ་གནོད་འཚེ་ཐེབས་པ། ཟམ་པ2ཆུས་བཤགས་པ་དང་ཟམ་པ3ཆུས་བཀབ་པ། རྨོ་ཞིང་མུའུ10ཆུས་བཤགས་པ་དང་མུའུ64ལ་ཆུ་འཁྱིལ་ཏེ་གནོད་འཚེ་ཐེབས་པ། གློག་ཤུགས་སྒྲིག་བཀོད་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ནས་རྫོང་ཡོངས་སུ་གནས་སྐབས་གློག་མཁོ་འདོན་བྱེད་མཚམས་བཞག་པ་དང་། ཁང་པ་ཁ་ཤས་ལ་གནོད་འཚེ་ཐེབས་པ་སོགས་གནོད་འཚེའི་གནས་ཚུལ་ཞིབ་ཕྲའི་སྒོས་ཞིབ་བཤེར་ཞིབ་བསྡུར་བྱེད་བཞིན་ཡོད་པ་རེད།
   གནོད་འཚེ་བྱུང་རྗེས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་བ་སྟེ། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་འཕྲལ་མར"ཁུལ་སྲིད་གཞུང་གིས་དུས་ཐོག་ཏུ་བཀོད་སྒྲིག་གནང་རོགས་ཞུ་བ་དང་རོང་བྲག་རྫོང་གིས་ནུས་ཤུགས་ཡོད་རྒུས་གནོད་འཚེ་ཐེབས་པའི་མང་ཚོགས་བཀོད་སྒྲིག་ཡག་པོ་བྱས་ཏེ་གནོད་འཚེ་ཐེབས་པའི་མང་ཚོགས་ལ་ཉེན་མེད་སྡོད་གནས་དང་འཐུང་ཆུ་གཙང་མ། ཟ་མ་ཚ་ཁོལ་སོགས་མཁོ་སྤྲོད་བྱེད་པར་ཁག་ཐེག་བྱེད་དགོས"ཞེས་མཆན་བཀོད་མཛུབ་སྟོན་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས"མི་སྣའི་བདེ་འཇགས་གཙོ་བོར་འཛིན་པ་དང་། ནུས་ཤུགས་ཡོད་རྒུས་གནོད་འགོག་བྱས་ཤིང་གནོད་འཚེ་ཐེབས་པའི་མང་ཚོགས་བཀོད་སྒྲིག་ཡག་པོ་བྱེད་པ། གནོད་འཚེའི་རྐྱེན་ངན་ལ་ལྟ་ཞིབ་ཚད་ལེན་དང་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་མི་སྣ་ཤི་རྨས་མི་ཡོང་བའི་འགན་ལེན་བྱེད་དགོས"ཞེས་མཛུབ་སྟོན་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1