ཞི་ཅིན་ཕིང་གིས་ལྗར་པན་གྱི་གཞོན་ནུ་ཞིག་ལ་འཕྲིན་ལན་སྐུར་གནང་འདུག

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 07-01



            ཞི་ཅིན་ཕིང་གིས་དོམ་ཁྲ་བུམ་པའི་རྩོམ་བསྡུའི་འགྲན་བསྡུར་ཆེན་པོའི་བྱ་དགའ་ཐོབ་མཁན་ལྗར་པན་གྱི་གཞོན་ནུ་ཞིག་ལ་འཕྲིན་ལན་སྐུར་གནང་བ།
            ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལྗར་པན་དུ་ཕེབས་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཏ་པན་དབུ་ཚོགས་ལ་ཞུགས་ཉེར་ཡོད་པའི་སྐབས་སུ་དོམ་ཁྲ་བུམ་པའི་ལྗར་པན་གྱི་གཞོན་ནུ་ཡོངས་ཀྱི་རྩོམ་ཡིག་བསྡུ་བའི་འགྲན་བསྡུར་ཆེན་པོའི་ཁྲོད་བྱ་དགའ་ཐོབ་པའི་ལྗར་པན་གྱི་གཞོན་ནུ་ཀྲུང་ཏའོ་ཏ་ཏི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཚམས་འདྲི་དང་སྨོན་འདུན་ཞུས་པ་དང་། ཀྲུང་གོ་དང་ལྗར་པན་གྱི་མཛའ་གྲོགས་བྱ་གཞག་ནང་ལས་དོན་སྒྲུབ་མཁན་ཁོང་གི་བསམ་འདུན་བཟང་པོ་མཚོན་པར་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཏའོ་ཏ་ཏི་ལ་འཕྲིན་ལན་བསྐུར་གནང་ནས། རྒྱལ་ཁབ་གཉིས་པོའི་གཞོན་ནུ་ཚོས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད།
            ཞི་ཅིན་ཕིང་གིས་འཕྲིན་ཡིག་ནང་། ཁྱེད་ཀྱི་འཕྲིན་ཡིག་འབྱོར་བྱུང་། ཁྱེད་ཀྱིས་དུས་ཡུན་རིང་པོའི་ནང་རྒྱ་ཡིག་སློབ་སྦྱོང་བྱས་པ་དང་འབྲེལ་ཀྲུང་གོའི་རྩོམ་རིག་ལ་ཞིབ་འཇུག་བྱས་ནས། རྩོམ་ཡིག་བསྡུ་བའི་འགྲན་བསྡུར་ནང་ཧུར་ཐག་ཞུགས་པ་དང་ཀྲུང་གོར་འཚམས་འདྲི་གནང་ནས་སྤེལ་རེས་བྱེད་སྒོའི་ནང་ཞུགས་པ་བརྒྱུད་ཀྲུང་གོར་ངོས་འཛིན་བྱེད་ཚད་མང་དུ་ཕྱིན་པ་དང་། ཀྲུང་གོའི་གྲོགས་པོ་དང་བརྩེ་དུང་ཟབ་ཏུ་ཕྱིན་ཡོད་པས་ང་རང་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་ཡོད།
            ཞི་ཅིན་ཕིང་གིས་འཕྲིན་ཡིག་ནང་། ཀྲུང་གོ་དང་ལྗར་པན་ནི་ཁྱིམ་མཚེས་ཉེ་པོ་ཡིན་ཞིང་། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་རྨང་གཞི་དམངས་ཁྲོད་དུ་ཡོད་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་མཛའ་གྲོགས་ཀྱི་འབྱུང་འགྱུར་གཞོན་ནུའི་མི་རབས་ལ་བཅོལ་ཡོད། ཀྲུང་གོ་དང་ལྗར་པན་རྒྱལ་ཁབ་གཉིས་པོའི་གཞོན་ནུ་ཚོས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་བསམ་ཤེས་བྱ་རྒྱུ་གཏིང་ཟབ་ཏུ་གཏོང་བ། ཡུན་རིང་མཛའ་གྲོགས་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། དེ་བས་མཛེས་སྡུག་ལྡན་པའི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འབྱུང་འགྱུར་གཏོད་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ལ། ཁྱེད་ནས་ཀྲུང་གོ་དང་ལྗར་པན་བར་གྱི་མཛའ་མཐུན་ལས་དོན་ནང་སྔར་བས་ཧུར་ཐག་ཞུགས་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད།
            ཀྲུང་ཏའོ་ཏ་ཏི་ཡིས་སློབ་ཆེན་འགྲིམས་པའི་སྐབས་སུ་རྒྱ་ཡིག་སློབ་སྦྱོང་དང་ཀྲུང་གོའི་རྩོམ་རིག་ལ་ཞིབ་འཇུག་བྱས་པ་དང་། ཀྲུང་གོ་དང་འབྲེལ་བ་ཡོད་པའི་རྩོམ་ཡིག་བསྡུ་བའི་འགྲན་བསྡུར་ནང་ཐེངས་མང་ཞུགས་མྱོང་ཡོད་པ་མ་ཟད་ཀྲུང་གོར་འཚམས་འདྲི་གནང་མྱོང་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1