ཞི་ཅིན་ཕིང་གིས་G20ཡི་དབུ་ཚོགས་ཐོག་ཏུ་གསུང་བཤད་གལ་ཆེན་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 07-01


       ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་བཞི་པར་ཞུགས་པ་མ་ཟད་གལ་ཆེའི་གསུང་བཤད་གནང་ནས། འཕར་སྣོན་གྱི་སྒུལ་ཤུགས་སྔོག་འདོན་བྱེད་པ་དང་། འཛམ་གླིང་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ། གོང་འཕེལ་གྱི་དཀའ་གནད་གཏོར་བ་བཅས་བྱས་ནས། ཕྱོགས་འགལ་ཐག་གཅོད་འོས་འཚམ་བྱ་དགོས་པའི་ནན་སྟོན་གནང་བ།
       སྤྱི་ཚེས་༢༨ཉིན། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་བཞི་པ་ལྗར་པན་ཏ་པན་དུ་འཚོགས་ཡོད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དབུ་ཚོགས་ལ་ཕེབས་པ་མ་ཟད། འགོ་བརྗོད་དུ་༼ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱེད་པ་དང་། མཉམ་ཤུགས་བཏོན་ནས་སྤུས་ཚད་མཐོ་བའི་འཛམ་གླིང་དཔལ་འབྱོར་བསྐྲུན་དགོས་༽ཞེས་པའི་གལ་ཆེའི་གསུང་བཤད་གནང་ཡོད། ཁོང་གིས། རྒྱལ་ཁབ་ཉི་ཤུ་ཚོགས་པས་སྒྱུར་བཅོས་གསར་སྐྲུན་རྒྱུན་འཁྱོངས་བྱས་ནས། འཕར་སྣོན་གྱི་སྒུལ་ཤུགས་སྔོག་འདོན་བྱེད་པ་དང་། དུས་བསྟུན་མཉམ་སྐྱོད་རྒྱུན་འཁྱོངས་བྱས་ནས། འཛམ་གླིང་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ། དཀའ་ངལ་འཕྲད་ཀྱང་མདུན་སྐྱོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། གོང་འཕེལ་གྱི་དཀའ་གནད་གཏོར་དགོས། རོགས་ཟླའི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས། ཕྱོགས་འགལ་ཐག་གཅོད་འོས་འཚམ་བྱ་དགོས་ཞེས་ནན་སྟོན་གནང་བ་དང་། ཞི་ཅིན་ཕིང་གིས། ཀྲུང་གོས་སྔར་ལས་ལྷག་པའི་སྒོ་ནས་ཁྲོམ་ར་སྒོ་དབྱེ་བྱས་ནས། འབད་བརྩོན་ཆེན་པོས་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་བ་དང་། འཛམ་གླིང་དཔལ་འབྱོར་ལ་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསྐྲུན་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུའི་ཁྱབ་བསྒྲགས་གནང་ཡོད།
       དབུ་ཚོགས་འགོ་མ་ཚུགས་གོང་། ཞི་ཅིན་ཕིང་དང་ཚོགས་ཞུགས་འགོ་ཁྲིད་མི་སྣ་གཞན་དག་རིམ་པ་བཞིན་ཕེབས་འབྱོར་ཟིན་པ་དང་། ལྗར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས་སྣེ་ལེན་གནང་ཡོད།
       ས་གནས་དེ་གའི་དུས་ཚོད་ཉིན་དགུང་དབུ་ཚོགས་འགོ་ཚུགས་ཡོད། ཨན་པེ་ཅིན་སན་གྱིས་གཙོ་སྐྱོང་གནང་བ་མ་ཟད། ཞི་ཅིན་ཕིང་ནས་ཁྲིད་སྟོན་རང་བཞིན་གྱི་གསུང་བཤད་གནང་རྒྱུའི་གདན་ཞུ་མཛད་ཡོད།

       ཞི་ཅིན་ཕིང་གིས། རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་ཐོན་ནས་ལོ་༡༠སོང་རྗེས། འཛམ་གླིང་དཔལ་འབྱོར་སླར་ཡང་ལམ་བཞི་མདོ་ཁར་སླེབས་ཡོད། རྒྱལ་ཁབ་ཉི་ཤུ་ཚོགས་པར་འགག་རྩའི་དུས་སྐབས་སུ། འཛམ་གླིང་དཔལ་འབྱོར་དང་འཛམ་གླིང་བཅོས་སྐྱོང་གི་ཁ་ཕྱོགས་བརྟན་པོར་འཛིན་རྒྱུ་དང་། ཁྲོམ་རའི་སེམས་ཤུགས་ཆེ་རུ་བཏང་ནས། མི་དམངས་ལ་རེ་བ་སྦྱིན་པའི་འགན་འཁྲི་ཡོད། ང་ཚོས་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་བརྩི་འཇོག་བྱ་དགོས་པ་དང་། ཁྲོམ་རའི་ནུས་པ་འདོན་སྤེལ་བྱས་ནས། ཐོན་སྐྱེད་གོང་འཕེལ་གྱི་བླང་བྱ་དང་འཚམ་པ་བྱ་དགོས། གོང་འཕེལ་གྱི་དུས་བབ་ཁོང་དུ་ཆུད་པ་བྱས་ནས། སྔར་བས་སྒོ་དབྱེའི་རྣམ་པའི་ཐོག་ནས་གོང་འཕེལ་གྱི་གོ་སྐབས་དམ་འཛིན་བྱེད་པ་དང་། སྔར་བས་ལེགས་པའི་མཉམ་ལས་ཀྱི་རྣམ་པའི་ཐོག་ནས་གཉིས་ཕན་གཉིས་རྒྱལ་བརྩོན་ལེན་བྱས་ནས། འཛམ་གླིང་དཔལ་འབྱོར་ཡང་དག་པའི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་ཁྲིད་སྟོན་བྱ་དགོས། ཐུན་མོང་གི་འབྱུང་འགྱུར་གཏོད་རྒྱུ་དང་། ཐུན་མོང་གི་ཁེ་ཕན་ལ་གཞིགས་པ། རྒྱང་རིང་གོང་འཕེལ་ལ་དམིགས་པ་བཅས་བྱས་ནས། འཛམ་གླིང་ཡུན་རིང་ཞི་བདེ་དར་རྒྱས་ཡོང་རྒྱུ་དང་། རྒྱལ་ཁབ་ཁག་གི་མི་དམངས་བདེ་སྡོད་ལས་བརྩོན་ཡོང་བའི་འབད་བརྩོན་བྱ་དགོས་ཞེས་བསྟན་གནང་ཡོད།
       ཞི་ཅིན་ཕིང་གིས། གཤམ་གསལ་གྱི་གྲོས་འགོ་ཁག་བཏོན་གནང་ཡོད་པ་སྟེ།
       དང་པོ། སྒྱུར་བཅོས་གསར་གཏོད་རྒྱུན་འཁྱོངས་བྱས་ནས། འཕར་སྣོན་སྒུལ་ཤུགས་སྔོག་འདོན་བྱ་དགོས། ང་ཚོས་གྲུབ་གཞིའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། གྲངས་ཀའི་དཔལ་འབྱོར་གོང་འཕེལ་གཏོང་བ། མཉམ་འབྲེལ་མཉམ་མཐུད་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་འགན་ལེན་བྱ་ཐབས་འཐུས་ཚང་གཏོང་བ་སོགས་བརྒྱུད་ནས། སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་གང་ཐུབ་བྱ་དགོས། ཕན་ཡོད་ཀྱི་ཁྲོམ་རའི་ཁོར་ཡུག་སྐྲུན་པ་དང་། གསར་གཏོད་ལ་བརྩི་འཇོག་དང་སྲུང་སྐྱོང་སྐུལ་མ་བཅས་བཏང་ནས། རྒྱལ་སྤྱིའི་གསར་སྐྲུན་མཉམ་ལས་དར་སྤེལ་གཏོང་དགོས།
       གཉིས་པ། དུས་བསྟུན་མཉམ་སྐྱོད་རྒྱུན་འཁྱོངས་བྱས་ནས། འཛམ་གླིང་བཅོས་སྐྱོང་འཐུས་ཚང་གཏོང་དགོས། ང་ཚོས་ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་ཤུགས་སྣོན་རྒྱག་པ་དང་། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ལ་དགོས་ངེས་ཀྱི་སྒྱུར་བཅོས་བྱས་ནས། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱིས་སྔར་བས་ནུས་ལྡན་གྱི་སྒོ་ནས་ཁྲོམ་ར་སྒོ་དབྱེ་དང་། གོང་འཕེལ་ལ་སྐུལ་འདེད་གཏོང་བའི་དམིགས་ཡུལ་ལག་ལེན་ཐུབ་པ་བྱ་དགོས། དངུལ་རྩའི་བདེ་འཇགས་དྲ་བའི་ཐོན་ཁུངས་འདང་ངེས་འགན་ལེན་བྱ་དགོས་ལ། གལ་ཆེའི་དངུལ་རྩའི་སྒྲོམ་གཞིའི་འཐུས་ཚབ་རང་བཞིན་ཡང་སྔར་བས་ལུགས་མཐུན་ཡོང་བ་བྱ་དགོས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཕ་རི་སིའི་གྲོས་ཆོད་དོན་འཁྱོལ་བྱས་ནས། ནུས་པའི་འབྱུང་ཁུངས་བཅོས་སྐྱོང་དང་། ཁོར་ཡུག་བཅོས་སྐྱོང་། གྲངས་ཀ་བཅོས་སྐྱོང་བཅས་འཐུས་ཚང་གཏོང་དགོས།
       གསུམ་པ། དཀའ་ངལ་འཕྲད་ཀྱང་མདུན་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ནས། གོང་འཕེལ་གྱི་དཀའ་གནད་གཏོར་དགོས། ཀྲུང་གོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་བཏོན་པའི་དམིགས་ཡུལ་ནི་ཐོན་ཁུངས་སྔར་བས་མང་བ་སྐུལ་སློང་བྱེད་པ་དང་། མཉམ་འབྲེལ་མཉམ་མཐུད་ཀྱི་སྒྲོག་ཐག་དམ་དུ་གཏོང་བ། འཕར་སྣོན་གྱི་སྒུལ་ཤུགས་ཆེ་རུ་གཏོང་བ། ཁྲོམ་རའི་སྦྲེལ་མཐུད་མངོན་འགྱུར་ཡོང་བ་བཅས་བྱས་ནས། རྒྱལ་ཁབ་དང་ས་ཁུལ་དེ་བས་མང་བ་དཔལ་འབྱོར་འཛམ་གླིང་ཅན་ནང་ཞུགས་ཐུབ་པ་བྱ་རྒྱུ་དེ་ཡིན། རྒྱལ་ཁབ་ཉི་ཤུ་ཚོགས་པས་མུ་མཐུད་ནས་གོང་འཕེལ་དེ་སྤྱི་ཡོངས་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་གྱི་སྔོན་ལ་འཇོག་པའི་གནས་བབ་ཐོག་བཞག་ནས། གོང་འཕེལ་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་དགོས།
       བཞི་པ། རོགས་ཟླའི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས། ཕྱོགས་འགལ་ཐག་གཅོད་འོས་འཚམ་བྱ་དགོས། རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་རྣམས་གོང་འཕེལ་གྱི་དུས་རིམ་མི་འདྲ་བར་གནས་ཡོད་པས། འགག་རྩ་ནི་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས་ཀྱི་རྣམ་འགྱུར་ཐོག་ནས། འདྲ་མཉམ་གྲོས་མོལ་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་བཞག ཕྱོགས་འགལ་དོ་དམ་དང་ཚོད་འཛིན། ངོས་འཛིན་གཅིག་གྱུར་ཆེ་རུ་གཏོང་རྒྱུ་བཅས་ཡིན་ཞེས་གྲོས་འགོ་བཏོན་གནང་ཡོད།
       ཞི་ཅིན་ཕིང་གིས། མིག་སྔར་ཀྲུང་གོའི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་བྱུང་ཡོད། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་གལ་ཆེའི་བྱ་ཐབས་མང་པོ་བཏོན་ནས། ཕྱི་ཕྱོགས་སྒོ་དབྱེའི་རྣམ་པ་གསར་པ་མགྱོགས་པོ་ཆགས་པ་བྱ་རྒྱུ་དང་། སྤུས་ཚད་མཐོ་བའི་གོང་འཕེལ་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན།
       དང་པོ། ཁྲོམ་ར་སྒོ་དབྱེ་སྔར་ལས་ལྷག་པ་བྱ་རྒྱུ། ང་ཚོས་སྤྱི་ལོ་༢༠༡༩ལོའི་ཕྱི་དངུལ་ཕྱོགས་འཐུས་ལྡོག་ཕྱོགས་རྩིས་ཐོ་ཁྱབ་བསྒྲགས་བྱས་ནས། ཞིང་ལས་དང་། གཏེར་ཁ་སྔོག་འདོན་ལས་རིགས། བཟོ་སྐྲུན་ལས་རིགས། ཞབས་ཞུའི་ལས་རིགས་བཅས་སྒོ་དབྱེ་བྱ་རྒྱུ་ཡིན། རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གསར་ཁ་དྲུག་འཛུགས་རྒྱུ་དང་། ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གསར་པ་སྣོན་འཛུགས་བྱ་རྒྱུ། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་གྱི་འཕེལ་རིམ་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་རྒྱུ།
       གཉིས་པ། རང་འགུལ་ངང་ནང་འདྲེན་རྒྱ་ཆེར་གཏོང་རྒྱུ། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་རང་མོས་ངང་སྒོ་ཁྲལ་ཆུ་ཚད་དམའ་རུ་བཏང་ནས། འབད་བརྩོན་ཆེན་པོས་སྒོ་ཁྲལ་མིན་པའི་ཉོ་ཚོང་གི་བཀག་རྒྱ་སེལ་ནས། ནང་འདྲེན་ལྷུ་ཚིགས་ཀྱི་ལམ་ལུགས་རང་བཞིན་གྱི་མ་གནས་ཇེ་དམའ་རུ་གཏོང་རྒྱུ། སྐབས་གཉིས་པའི་ཀྲུང་གོའི་རྒྱལ་སྤྱིའི་དངོས་མང་འགྲེམས་ཚོགས་ཡག་པོ་གཉེར་རྒྱུ།
       གསུམ་པ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་བཅོས་བྱ་རྒྱུ། ང་ཚོས་དུས་སང་སྤྱི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་། ཕྱི་རྒྱལ་ཚོང་པའི་མ་འཇོག་བཅའ་ཁྲིམས་ལམ་ལུགས་གསར་པ་ལག་བསྟར་བྱ་རྒྱུ་དང་། དབང་ཆར་བཙན་གནོད་བྱས་པར་ཆད་གཅོད་རང་བཞིན་གྱི་སྐྱིན་ཚབ་འཇལ་དུ་འཇུག་པའི་ལམ་ལུགས་ནང་འདྲེན་བྱ་རྒྱུ། དམངས་དོན་ཁྲིམས་འཛིན་སྲུང་སྐྱོང་དང་ཉེས་དོན་སྲུང་སྐྱོང་བྱ་ཤུགས་ཆེ་རུ་གཏོང་བ། ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱ་རྒྱུ།
       བཞི་པ། འདྲ་མཉམ་ཐོབ་ཐང་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུ། ང་ཚོས་ཁྱོན་ཡོངས་ནས་ཕྱི་རྒྱལ་གྱི་མ་རྩའི་ཆོག་འཐུས་ལྡོག་ཕྱོགས་རྩིས་ཐོ་ཕུད་པའི་ཚད་བཀའ་ཚང་མ་མེད་པ་བཟོ་རྒྱུ། ཆོག་འཐུས་ཀྱི་དུས་མཚམས་རྗེས་མར་ཀྲུང་གོའི་མངའ་ཁོངས་ནང་ཐོ་འགོད་བྱེད་པའི་རིགས་སྣ་ཚོགས་ཀྱི་ཁེ་ལས་ལ་འདྲ་མཉམ་ལྟ་སྟངས་འཛིན་པ་དང་། ཕྱི་དངུལ་ཁེ་ལས་ཀྱི་ཞུ་གཏུག་སྒྲིག་གཞི་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ།
       ལྔ་པ། དཔལ་འབྱོར་ཉོ་ཚོང་གི་དབྱེ་འབྱེད་གྲོས་མོལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ། ང་ཚོས་ས་ཁོངས་ཀྱི་ཁྱོན་ཡོངས་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་ཆོད་ཡིག་སྔ་ཙམ་འཇོག་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་མ་འཇོག་ཆོད་ཡིག་གི་དབྱེ་འབྱེད་གྲོས་མོལ་མགྱོགས་སུ་གཏོང་བ། ཀྲུང་གོ་དང་ལྗར་པན། ལྷོ་ཁོ་རི་ཡ་བཅས་ཀྱི་རང་མོས་ཉོ་ཚོང་ཆོད་ཡིག་གི་དབྱེ་འབྱེད་གྲོས་མོལ་གྱི་འཕེལ་རིམ་མགྱོགས་སུ་གཏོང་རྒྱུ་བཅས་ཡིན་པ་རེད།
       ཞི་ཅིན་ཕིང་གིས། ཀྲུང་གོར་རང་ཉིད་ཀྱི་འགྲོ་ལམ་ཐོག་བསྐྱོད་པ་དང་རང་ཉིད་ཀྱི་བྱ་བ་ཡག་པོ་བསྒྲུབ་རྒྱུའི་ཆོད་སེམས་ཡོད་པ་དང་། འཛམ་གླིང་རྒྱལ་ཁབ་ཁག་དང་ཞི་བདེ་མཉམ་གནས་དང་མཉམ་ལས་གཉིས་རྒྱལ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་སྐྲུན་པ་བཅས་བྱས་ནས་འཛམ་གླིང་དཔལ་འབྱོར་ཀྱི་སྔར་བས་མཛེས་སྡུག་ལྡན་པའི་མ་འོངས་པ་སྐྲུན་རྒྱུར་འབད་འཐབ་ལྷོད་མེད་བྱ་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད།
       ཚོགས་ཞུགས་འགོ་ཁྲིད་པས་འཛམ་གླིང་དཔལ་འབྱོར་གྱི་དུས་བབ་དང་ཉོ་ཚོང་། མ་འཇོག གསར་སྐྲུན། གྲངས་ཀའི་དཔལ་འབྱོར་སོགས་གྲོས་གཞིར་གྲོས་སྡུར་གནང་ཡོད། འགོ་ཁྲིད་པ་མང་པོ་ཞིག་གིས། འཛམ་གླིང་དཔལ་འབྱོར་མདུན་དུ་འཕྲད་པའི་ཉེན་ཁ་དང་ངེས་གཏན་མེད་པའི་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ་དང་། ཕྱོགས་རྐྱང་པའི་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ཀྱིས་བཟོས་པའི་ཚབས་ཆེའི་གནོད་འཚེར་མི་རྣམས་ཀྱིས་སེམས་ཁྲལ་བྱེད་ཀྱི་ཡོད་པས་ཕྱོགས་ཁག་ནས་འབྲེལ་གཏུག་དང་སྐད་ཆ་ཤོད་རེས་བྱ་རྒྱུ་ཟབ་ཏུ་གཏོང་བ་དང་མཐུན་སྒྲིལ་མཉམ་ལས་རྒྱུན་འཁྱོངས་བྱེད་པ། སྤྱི་ཁོག་སྲིད་ཇུས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གྲུབ་གཞིའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། གསར་སྐྲུན་གཏིང་ཟབ་ཏུ་གཏོང་བ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། ནུས་པའི་འབྱུང་ཁུངས་དང་སློབ་གསོ། ཁོར་ཡུག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་སྲུང་སྐྱོབ་བཅས་བྱས་ནས་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ལ་དགོས་ངེས་ཀྱི་སྒྱུར་བཅོས་བྱ་དགོས་པའི་ངོས་འཛིན་གནང་ཡོད། ཚོགས་ཞུགས་འགོ་ཁྲིད་པ་མང་པོས་ད་དུང་། སྲུང་སྐྱོབ་རིང་ལུགས་ལ་མཉམ་དུ་ངོ་རྒོལ་བྱེད་པ་དང་གསར་དར་ཁྲོམ་ར་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གོང་འཕེལ་བར་ཁམས་ལ་སྲུང་སྐྱོབ་བྱེད་པ། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་མ་ལག་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཤུགས་དྲག་ཆེ་བ་དང་རྒྱུན་མཐུད། དོ་སྙོམས། ཁོག་ཡངས་བཅས་ཀྱི་སྒོ་ནས་འཕར་སྣོན་ཡོང་བ་བྱེད་པ་དང་། རྒྱལ་ཁབ་ཁག་སྤུས་ཚད་མཐོ་པོས་གོང་འཕེལ་ཡོང་བ་བྱས་ཐོག་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་པ་ཐོབ་པ་བྱེད་དགོས་པའི་རྣམ་པ་བསྟན་ཡོད།
       དབུ་ཚོགས་འགོ་མ་ཚུགས་གོང་དུ། ཞི་ཅིན་ཕིང་གིས་ད་དུང་གྲངས་ཀའི་དཔལ་འབྱོར་གྱི་དམིགས་བསལ་གྲོས་ཚོགས་ལ་ཞུགས་པ་མ་ཟད་ཨན་པེ་ཅིན་སན་གྱི་གདན་ཞུས་ལྟར་དང་ཐོག་གསུང་བཤད་གནང་ཡོད། ཞི་ཅིན་ཕིང་གིས། མིག་སྔར། གྲངས་ཀའི་དཔལ་འབྱོར་གོང་འཕེལ་འགྱུར་ལྡོག་ཤུགས་ཆེན་འགྲོ་བ་དང་། འཛམ་གླིང་དཔལ་འབྱོར་དང་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་རྣམ་པར་བསྐྱར་འཛུགས་བྱེད་བཞིན་ཡོད། ང་ཚོས་འདྲ་མཉམ་དང་གཞུང་དྲང་། མཐོང་ཆུང་མེད་པ་བཅས་ཀྱི་ཁྲོམ་རའི་ཁོར་ཡུག་བསྐྲུན་དགོས་པ་ལས། སྒོ་བརྒྱབ་ནས་གོང་འཕེལ་གཏོང་རྒྱུ་མེད་ལ། དེ་བས་ཀྱང་རྐང་བཙུགས་ནས་ཁྲོམ་རར་འགོག་རྐྱེན་བཟོ་མི་རུང་། གྲངས་གཞིའི་བཅོས་སྐྱོང་སྒྲིག་སྲོལ་མཉམ་དུ་འཐུས་སྒོ་ཚང་དུ་བཏང་ནས་གྲངས་གཞིའི་བདེ་འཇགས་གོ་རིམ་ལྡན་པའི་ངང་བེད་སྤྱོད་གཏོང་རྒྱུ་འགན་ལེན་བྱེད་དགོས། གྲངས་ཀའི་དཔལ་འབྱོར་དང་དངོས་གཟུགས་དཔལ་འབྱོར་མཉམ་འདྲེས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་གྲངས་ཀའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། མཉམ་སྦྲེལ་མཉམ་མཐུད་ལ་སྐུལ་འདེད་གཏོང་དགོས། གྲངས་ཀའི་དཔལ་འབྱོར་གྱི་ཁོག་ཡངས་རང་བཞིན་མཐོ་རུ་གཏོང་བ་དང་གྲངས་ཀའི་འགལ་རྐྱེན་གསབ་དགོས། གྲངས་ཀའི་དཔལ་འབྱོར་རྒྱལ་ཁབ་ཆེན་པོ་ཡིན་པའི་ངོས་ནས་ཀྲུང་གོས་རྒྱལ་སྤྱིའི་མཉམ་ལས་ནང་ཧུར་ཐག་ཞུགས་ནས་ཁྲོམ་ར་སྒོ་དབྱེ་རྒྱུན་འཁྱོངས་དང་གཉིས་ཕན་གཉིས་རྒྱལ་ཡོང་བ་བྱེད་འདོད་ཡོད་ཅེས་གསུངས་འདུག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1