ཉག་རོང་རྫོང་གིས་ནད་ཀྱི་འབྱུང་རྩ་བཀོག་ནས་དབུལ་ཕོངས་ཀྱི་འབྱུང་རྩ་བཅད།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 07-03



   སྤྱི་ཟླ6པའི་ཚེས15ཉིན། གསར་འགོད་པ་ཉག་རོང་རྫོང་རྒྱ་རྭ་གཤིས་ཡུལ་ཤོག་གི་ལྟེ་གནས་འཕྲོད་བསྟེན་ཁང་དུ་སླེབས་སྐབས། ཡངས་ཤིང་གཙང་ལ་གྲ་སྟར་འགྲིག་པོའི་སྒོ་བསྟེན་སྨན་བཅོས་བྱེད་སའི་ཐོག་ཁང་ཆེན་པོ་རུ་ཞིབ་དཔྱད་ཚད་ལེན་བྱེད་ཆས་རྣམ་པ་སྣ་ཚོགས་དེ་ཚོ་མིག་ལམ་དུ་མངོན་ཚེ་རྫོང་རིམ་པའི་སྨན་ཁང་དུ་སླེབས་པའི་སྣང་བ་འཆར།

     སྨན་ཁང་དེའི་སྨན་བཅོས་ཁང་དུ་སྨན་པ་ཕུར་པ་མཚོས་རྒྱ་རྭ་གཤིས་ཡུལ་ཤོག་ཆོས་དགེ་གྲོང་སྡེའི་ཡུལ་མི་བྱང་ཆུབ་ལ་ཁྲག་ཤེད་འཇལ་བཞིན་པའི་སྒང་རེད། ཕུར་པ་མཚོས་སྔོན་ཆད་སྨན་ཁང་གི་ཆ་རྐྱེན་ཞན་པ་དང་སྨན་བཅོས་ཀྱི་ཡོ་བྱད་རྗེས་ལུས་ཡིན་སྟབས་སྨན་བཅོས་བྱེད་སར་ཡོང་མཁན་ཧ་ཅང་ཉུང་བ་རེད། ད་ལྟར་སྨན་ཁང་དུ་སྨན་བཅོས་དང་སྨན་ལེན་ས། ཁབ་རྒྱག་སར་ཡོང་མཁན་ནད་པ་རྒྱུན་མི་ཆད་པ། ང་ཚོའི་སྨན་ཁང་གིས་སྨན་བཅོས་བྱས་པའི་ནད་པ་ལྡབ་འགྱུར་འཕར་སྣོན་འགྲོ་བཞིན་ཡོད་ཅེས་ངོ་སྤྲོད་བྱས།
     བྱང་ཆུབ་ཀྱིས་སྔོན་ཆད་ཡིན་ན་ནད་ཆུང་ཆུང་ཞིག་ཕོག་ནའང་རྫོང་སྨན་ཁང་དུ་འགྲོ་དགོས་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་ང་ཚོས་ནད་ཆུང་ཆུང་ཡུལ་ཤོག་ལས་ཕྱིར་བཅོས་སར་འགྲོ་མི་དགོས་པ་སྨན་བཅོས་བྱེད་ཐུབ་པ་རེད། ཞིང་སྡེའི་མཉམ་ལས་སྨན་བཅོས་གསར་པའི་ལམ་ལུགས་ལག་བསྟར་བཏང་རྗེས་སྨན་རིན་འགྲོ་སོང་རྩིས་ཞུ་བྱེད་ཆོག་པ་དེས་དངོས་ཕན་ཐོགས་ལ་ཧ་ཆང་སྟབས་བདེ་ཡང་ཡིན་པ་རེད། འཕྲོད་བསྟེན་ཁང་གི་ཁྱིམ་ཚང་གི་སྨན་པ་དང་འདྲ་བའི་སྨན་པ་ད་དུང་ཁྱིམ་དུ་འོངས་ནས་ང་ཚོར་ཞབས་ཕྱི་སྒྲུབ་པ་དང་། སྲིད་ཇུས་སྒྲོག་འགྲེལ། རིན་པ་མི་དགོས་པར་ལུས་པོར་ཞིབ་བཤེར་བྱེད་པར་མ་ཟད། ང་ཚོར་ལུས་ཁམས་བདེ་སྲུང་གི་རྒྱུན་མཁོའི་ཤེས་བྱ་ཁྱབ་གདལ་བཏང་ནས། ང་ཚོས་རང་གི་སྒོ་ཁ་ནས་སྨན་བཅོས་བྱེད་ཆོག་ཅེས་བཤད།
     སྔོན་ཆད་ཞིང་འབྲོག་མི་དམངས་ཡུལ་ཤོག་གི་སྨན་ཁང་ནས་རྫོང་སྨན་ཁང་བར་སྨན་བཅོས་བྱེད་སར་ཕྱིན་ནས་སྨན་རིན་མང་པོ་སྤྱད་ནས་ཁྱིམ་མི་ཚང་མས་སྡུག་དཀའ་ལས་ཆེན་པོ་བརྒྱག་དགོས་ཀྱི་ཡོད། ཡུལ་མི་ཚོར་ནད་ཕོག་རྗེས་དབུལ་པོར་གྱུར་པའི་དཀའ་ངལ་གྱི་གནས་སུ་མི་ལྷུང་བའི་ཆེད་དུ་ང་ཚོས་བདེ་ཐང་དབུལ་སྐྱོར་གྱི་བྱ་སྤྱོད་སྤེལ་ཞིང་། ཁྱིམ་ཚང་གི་སྨན་པའི་ཆིངས་ཡིག་འཇོག་པའི་ཞབས་ཕྱི་བསྒྲུབས་ནས། ཁྱིམ་ཚང་གི་སྨན་པ་དུས་བཅད་ལྟར་དུད་ཚང་དབུལ་པོའི་སྒོ་ཁར་ཕྱིན་ནས་བདེ་ཐང་ཁྲིད་སྟོན་དང་སྨན་བཅོས་ཞབས་ཞུ་བྱས་པ་རེད་ཅེས་རྒྱ་རྭ་གཤིས་ཡུལ་ཤོག་ལྟེ་བའི་འཕྲོད་བསྟེན་ཁང་གི་འགོ་འཛིན་པ་བསོད་ནམས་དཔལ་མོས་དེ་ལྟར་ངོ་སྤྲོད་བྱས།
     བྱང་ཆུབ་དང་འདྲ་བའི་ཡུལ་དེའི་གྲོང་མི་དེ་བས་མང་པོས་ཁྱིམ་ཚང་གི་སྨན་པ་དང་ཆིངས་བཀོད་ནས་དམངས་འཚོ་ཞབས་ཞུ་ལས་གྲྭའི་དངོས་ཕན་ལོངས་སྤྱོད་བྱེད་ཐུབ་པ་རེད། ཉེ་བའི་ལོ་ཤས་རིང་རྒྱ་རྭ་གཤིས་ཡུལ་ཤོག་གི་ལྟེ་གནས་འཕྲོད་བསྟེན་ཁང་གིས་ཁྱིམ་ཚང་གི་སྨན་པ་སྒྲིག་འཛུགས་བྱས་ཏེ་གྲོང་སྡེ་དང་དུད་ཚང་དུ་སྐོར་ཞིབ་སྨན་བཅོས་བྱས་ནས། ངང་རྒྱུད་རིང་པོས་གྲོང་མི་དབུལ་ཕོངས་ལ་ཁྲག་ཤེད་འཇལ་བ་དང་། ཁྲག་གི་མངར་ཆ་དང་ཁྲག་ཚིལ་སོགས་ཞིབ་དཔྱད་ཚད་ལེན་བྱས་པ་དང་། ཞིབ་ཕྲའི་ངང་བཟའ་བཅའ་དང་འཚོ་བའི་གོམས་གཤིས་འདྲི་རྟོགས་བྱས་པར་མ་ཟད། ད་དུང་ལུས་པའི་གནས་ཚུལ་དང་འབྲེལ་ནས་བདེ་ཐང་གི་ཁྲིད་སྟོན་བྱས་ཏེ་མང་ཚོགས་དབུལ་པོས་སྨན་བསྟེན་མི་བདེ་བའི་གནས་ཚུལ་ཐག་གཅོད་ནུས་ལྡན་བྱས་པ་རེད།
     རྒྱ་རྭ་གཤིས་ཡུལ་ཤོག་གི་ལྟེ་གནས་འཕྲོད་བསྟེན་ཁང་དེ་ཉག་རོང་རྫོང་གིས་བདེ་ཐང་དབུལ་སྐྱོར་ལག་བསྟར་བྱས་པའི་མཚོན་ཚུལ་ཙམ་ཞིག་རེད། དབུལ་ཐར་འགག་སྒྲོལ་གྱི་ལས་ཀ་སྤེལ་བ་ནས་བཟུང་། ཉག་རོང་རྫོང་གིས་ནད་ན་ནས་དབུལ་པོར་གྱུར་པ་དང་ནད་ན་ཐོག་དབུལ་པོ་ཡིན་པ་སོགས་མངོན་གསལ་གྱི་གནད་དོན་ཐག་གཅོད་བྱ་ཡུལ་གཙོ་བོར་བྱས་ནས། སྨན་བཅོས་མི་སྣ་སྒྲིག་འཛུགས་བྱས་ནས་སྐོར་ཞིབ་སྨན་བཅོས་བྱས་པ་དང་། གྲོང་སྡེ་དང་དུད་ཚང་དུ་ཕྱིན་ནས་མང་ཚོགས་དུད་ཚང་དབུལ་པོ་རེ་རེ་བཞིན་དུ་བདེ་ཐང་དབུལ་སྐྱོར་གྱི་ལས་ཀ་སྤེལ། ཁྱིམ་ཚང་གི་སྨན་པའི་ཆིངས་ཡིག་འགོད་པའི་ཚོགས་ཁག་འཛུགས་པ་དང་། མི་དགོས་པ་བཞི་དང་ཁ་གསབ་བྱ་རྒྱུ་གཅིག་གི་སྲིད་ཇུས་དོན་འཁྱོལ་བྱས་ཏེ་ནད་པ་དབུལ་པོ་ལ་ཞབས་ཕྱི་སྤུས་ལེགས་བསྒྲུབས་པ་རེད།
     ང་ཚོས་དོ་དམ་བྱེད་མཁན་ཆེད་བཀོད་མི་སྣ་དང་། སྨན་བཅོས་འཆར་འགོད། སྨན་བསྟེན་ས། སྨན་ལེན་སའི་ཐབས་ལམ། རྩིས་ཞུའི་གཟིགས་སྐྱོང་སྲིད་ཇུས། དཔྱད་བསྡུར་ཚོད་དཔག་གི་བསམ་འཆར། བདེ་ཐང་དབུལ་སྐྱོར་གྱི་ལས་ཀ་ཐོ་འགོད་བྱེད་ས་སོགས་དགོས་པའི་བླང་བྱ་ལྟར། དུད་ཚང་དབུལ་པོར་ནད་ལྟ་དངུལ་ཡོད་པ་དང་། ནད་བཅོས་རོགས་བྱེད་མཁན་ཡོད་པ། རོགས་སྐྱོར་བྱེད་མཁན་ཡོད་པ། བདེ་གསོ་བྱེད་རོགས་ཡོད་པ་སོགས་ཁག་ཐེག་བྱས་ཏེ། མང་ཚོགས་ནད་ན་ནས་ཡང་དུ་དབུལ་པོར་མི་འགྱུར་བ་བྱས་ཏེ་བདེ་ཐང་དབུལ་སྐྱོར་གྱི་བྱ་སྤྱོད་དེ་མང་ཚོགས་འབྱོར་འབྲིང་གི་ལམ་དུ་སྐྱོད་པའི་སྒྲོན་མེར་འགྱུར་ཐུབ་པར་ཁག་ཐེག་བྱ་རྒྱུ་ཡིན་ཞེས་ཉག་རོང་རྫོང་འཕྲོད་བསྟེན་བདེ་ཐང་ཅུས་ཀྱི་ཅུས་ཀྲང་རྡོ་རྗེ་རྒྱ་མཚན་གྱིས་ཡིད་ཆེས་ཁེངས་པའི་ངང་དེ་ལྟར་བཤད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1