༄༅།། བོད་བརྒྱུད་ནང་བསྟན་ཕྱི་དར་གྱི་སྐབས་སུ་བྱོན་པའི་བོད་ཀྱི་ལོ་ཙཱ་བའི་དཔྱད་གླེང་།

ཀྲུང་གོའི་བོད་རིག་པ། རྩོམ་སྒྲིག་པ།ཡོང་ཁུངས།སྒོ་མེ་ཚེ་དབང་རྣམ་རྒྱལ། སྤེལ་དུས། 07-04


སྒོ་མེ་ཚེ་དབང་རྣམ་རྒྱལ།
[ནང་དོན་གནད་བསྡུས།] རྩོམ་འདིར་དེང་དུས་ཀྱི་འབྲེལ་ཡོད་བརྩམས་ཆོས་སུ་བསྟན་པ་ཕྱི་དར་སྐབས་བྱོན་པའི་བོད་ཀྱི་ལོ་ཙཱ་བའི་མཚན་གྲངས་ངོས་འཛིན་ཐད་དོགས་གནས་སུ་ཚུད་པ་དང་ཡང་ན་མ་དག་པའི་ཚུལ་རེ་འགའ་མཐོང་བ་རྣམས་གསལ་འདོན་བྱས་ཤིང་། སྔོན་བྱུང་འབྲེལ་ཡོད་བརྩམས་ཆོས་ཁག་ཅིག་དཔྱད་བསྡུར་གྱིས་བསྟན་པ་ཕྱི་དར་གྱི་དུས་རིམ་ནང་བྱོན་པའི་ལོ་ཙཱ་བའི་མཚན་གྲངས་ཅུང་འཐུས་ཚང་བའི་སྒོ་ནས་གླེང་ཡོད།
[བརྡ་ཆད་གཙོ་བོ།] བསྟན་པ་ཕྱི་དར། བོད་ཀྱི་ལོ་ཙཱ་བ། ངོས་འཛིན། མཚན་བརྗོད།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2015-02-0148-12
            སྤྱི་ལོའི་དུས་རབས་དགུ་བའི་ལོ་རབས་བཞི་ཅུ་ཡས་མས་ནས་བོད་དུ་སངས་རྒྱས་ཆོས་ལུགས་དར་སྤེལ་གྱི་བྱ་བ་ལ་ཆག་སྒོ་ཆེན་པོ་བྱུང་བ་དང་། དེ་དང་བསྟུན་ནས་སྒྱུར་བའི་གྲྭ་ཐམས་ཅད་ཀྱང་རིམ་བཞིན་འཐོར་བཤིག་ཏུ་གྱུར་ཏེ་ཆོས་སྒྱུར་གྱི་ལས་རྒྱུན་དེའང་རེ་ཞིག་ཉམས་རྒུད་དུ་སོང་། དེ་ལྟར་དུས་རབས་བཅུ་བའི་དུས་དཀྱིལ་ཙམ་ནས་ཡང་བསྐྱར་ནང་ཆོས་དར་སྤེལ་གྱི་ཡོ་ལངས་ཕྱེས་པ་དང་། དེ་བཞིན་དུ་གཞུང་ལུགས་བསྒྱུར་བའི་མགོ་ཡང་རིམ་གྱིས་བརྩམས་པ་རེད། དེ་ལ་ཡོངས་གྲགས་སུ་བསྟན་པ་ཕྱི་དར་དང་། དེ་ནས་བརྒྱུད་པའི་ཕྱིས་ཀྱི་དུས་ཡུན་ཏེ་ཉེ་དུས་ལ་ཐུག་གི་བར་དུ་བསྟན་པ་ཕྱི་དར་གྱི་དུས་རིམ་དུ་འདོད་པ་དང་། ཡང་ཕྱིས་ཀྱི་རྣམ་དཔྱོད་ཅན་ཁ་ཅིག་གིས་དེ་ལ་ལོ་རྒྱུས་ཀྱི་དོན་དངོས་ལྟར་བར་དར་དུ་ངོས་འཛིན་པའང་ཡོད་མོད། སྤྱིར་ན་སྐབས་བབས་ཀྱི་བརྗོད་བྱ་ཉིད་ལུགས་གང་ལ་བསྟུན་ཡང་འགལ་བ་མེད་པས། རྒྱུན་སྲོལ་དུ་གྱུར་བའི་འདོད་ཚུལ་སྔ་མ་དང་སྦྱར་ནས་གླེང་བ་ལ། དུས་སྐབས་དེའི་ལོ་ཙཱ་བ་རྣམས་ནི་ལོ་ཆེན་རིན་ཆེན་བཟང་པོ་ནས་ཉེ་དུས་སུ་བྱོན་པའི་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་བར་དུ་བགྲངས་པ་དེང་གི་ཡིག་ཚང་ཕལ་མོ་ཆེ་ཞལ་མཐུན་པར་འདུག་ཅིང་། འདིར་ཡང་དུས་སྐབས་དེར་བྱོན་པའི་བོད་རང་གི་ལོ་ཙཱ་བའི་མཚན་བརྗོད་ཀྱི་འབྲེལ་ཡོད་བརྩམས་ཆོས་ཁག་ཅིག་དཔྱད་བསྡུར་དང་བཅས་གང་གི་མཚན་གྲངས་ལ་གསབ་བཅོས་དང་། ཉེ་དུས་ཀྱི་འབྲེལ་ཡོད་བརྩམས་ཆོས་སུ་དོགས་གནས་སུ་ཚུད་པ་དང་མ་དག་པའི་ཚུལ་རེ་འགའ་རྒྱུན་འབྱམས་སུ་གྱུར་བ་རྣམས་མངོན་དུ་ཕྱུང་སྟེ་རོབ་ཙམ་ཞིག་བཤད་པར་བྱ།
དང་པོ། དེང་གི་བརྩམས་ཆོས་ལས་དོགས་གནས་ཀྱི་ཚུལ་འགའ་བཤད་པ།
            དེ་ཡང་ཉེ་དུས་ཀྱི་འབྲེལ་ཡོད་བརྩམས་ཆོས་སུ་ལོ་ཙཱ་བ་རེ་འགའི་དཔྱད་པ་དང་ཡང་ན་དུས་ཡུན་ངེས་ཅན་ཞིག་གི་ལོ་ཙཱའི་གནས་ཚུལ་སོགས་ཀྱི་དཔྱད་བརྗོད་ཐོ་རེ་བ་ཙམ་རེ་གང་སར་མཐོང་ཐུབ་ཀྱང་། འདིའི་ཐད་ལ་ཞིབ་འཇུག་བྱས་པའི་ཆེད་དོན་བརྩམས་ཆོས་འདོན་སྤེལ་བྱས་ཡོད་པ་ཞིག་ད་སྔའི་ཡན་ལ་མཐོང་རྒྱུ་དཀོན་ཞིང་། དེ་ལ་ལྟོས་བཅོས་སུ་དཔྱད་ཡིག་ཏུ་འཛིན་རུང་བར་འདོད་པ་ནི་《བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ་གསལ་བའི་མེ་ལོང་》(གཤམ་ནས་《སྒྲ་སྒྱུར་ལོ་རྒྱུས་》སུ་འབོད་རྒྱུ།)དང་། 《སྐད་གཉིས་སྨྲ་བའི་རིན་ཆེན་བང་མཛོད་》བཅས་བརྩམས་ཆོས་རེ་གཉིས་ཀྱི་ནང་ཚན་ལེའུ་ཁག་ཏུ་ཕྱི་ནང་གི་ལོ་ཙཱ་བ་ཁག་ཅིག་གི་གནས་ཚུལ་མདོར་བསྡུས་བཀོད་ཡོད་པ་དེ་དག་ཡིན་ཞིང་། དེ་ལས་དེབ་སྔ་མར་སློབ་དཔོན་ཐོན་མི་ནས་མཁས་དབང་དགེ་འདུན་ཆོས་འཕེལ་བར་གང་ཟག་ཉིས་བརྒྱ་དང་དོན་གསུམ་གྱི་མཚན་བགྲངས་ཡོད་པ་དང་། དེའི་ཕྱིས་ཀྱི་བརྩམས་ཆོས་རེ་གཉིས་ཡོད་པའང་གོང་གསལ་ལས་རྒྱས་པ་ཞིག་མ་མཐོང་ཕྱིར་འདིར་དེབ་དེ་ཉིད་གཞིར་བཟུང་སྟེ་བརྗོད་ན། སྤྱིར་ན་བརྩམས་ཆོས་དེ་དག་གིས་འདིའི་ཐད་ལ་ཉེ་དུས་སུ་ཞིབ་འཇུག་མེད་པའི་སྟོང་ཆ་བསྐངས་ཡོད་པ་ནི་བསྙོན་དུ་མེད་མོད། ཡིན་ནའང་། གང་ལ་གཞི་བྱ་སའི་དཔྱད་ཡིག་གི་ཁུངས་མ་འདྲ་བའི་དབང་གིས་ལོ་ཙཱ་བའི་གྲངས་ཀྱི་མང་ཉུང་དང་མཚན་བྱང་འགོད་ལུགས་སོགས་ཀྱི་ཐད་དུ་གནས་ཚུལ་འདྲ་མིན་སྣ་ཚོགས་ཤིག་ལྷགས་ཡོད་དེ། 《སྒྲ་སྒྱུར་ལོ་རྒྱུས་》སུ་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེ་བཙན་སོགས་སྔོན་གྱི་ཡིག་ཚང་རྣམས་སུ་ལོ་ཙཱ་བའི་མཚན་བླ་ཐབས་སུ་མ་སྦྱར་བའི་བཙན་པོ་དང་བཙན་པོའི་གདུང་རྒྱུད་དུ་གྱུར་བའི་གང་ཟག་བདུན་ཙམ་དང་། འཁོན་ཕུ་བ་ཆོས་ཀྱི་རྒྱལ་པོ་དང་། བཅོམ་ལྡན་རིག་རལ། ཚལ་བ་ཀུན་དགའ་རྡོ་རྗེ་བཅས་དམ་པ་སྔ་མ་དག་གིས་ལོ་ཙཱ་བའི་མཚན་ཐོ་རུ་མ་བགྲངས་ཤིང་ཀུན་ལ་ལོ་ཙཱ་བར་མ་གྲགས་པ་དང་། དེ་མིན་སོག་ཡུལ་ནས་བྱོན་པའི་བོད་ཡིག་ནས་སོག་ཡིག་ཏུ་བསྒྱུར་མཁན་གྱི་ལོ་ཙཱ་བ་གཉིས་དང་བཅས་པའང་དེ་ཡི་མཚན་གྲས་སུ་བགྲངས་ཡོད་པ་ལ། དེ་དག་བོད་ཀྱི་རིག་གནས་ལོ་རྒྱུས་སྟེང་མཛད་པ་བླ་མེད་འཇོག་མཁན་དུ་ཟད་ཀྱང་བོད་གཞུང་ལོ་ཙཱའི་ངོས་ཐད་ནས་བལྟས་ཚེ་དེའི་གྲལ་དུ་ཚུད་དཀའ་བར་འདོད། དེ་མིན་ཉེ་དུས་ཀྱི་བརྩམས་ཆོས་སུ་མཐོང་བའི་གནད་དོན་ཚབས་ཆེ་བ་ཞིག་ནི་ལོ་ཙཱ་བ་ཁག་ཅིག་མཚན་གྱི་རྣམ་གྲངས་སུ་གྱུར་བའམ་ཟློས་དོན་དུ་སོང་བ་དེ་ཡིན་ཏེ། དེ་ཡང་ལོ་ཙཱ་བ་རིམ་བྱོན་ལས་ཕལ་ཆེ་བས་འདུལ་ཁྲིམས་ཀྱི་སྡོམ་པ་རབ་དང་རིམ་པར་མནོས་ཡོད་པ་ལ་མཚན་མི་འདྲ་བར་བཏགས་ཡོད་པ་དང་། ཡང་འགའ་ཞིག་གྲུབ་མཐའ་མི་འདྲ་བའི་ལུགས་ལ་ཉམས་ལེན་བྱས་པར་དེ་ཡི་ལུགས་དང་མཐུན་པའི་མཚན་སྦྱར་བ་དང་། ལེགས་སྦྱར་གྱི་སྐད་སོགས་ལ་སློབ་གཉེར་གནང་བ་ལ་སྐད་རིགས་དེ་དག་གི་མཚན་གསོལ་བ་བཅས་ལོ་ཙཱ་བ་ཁག་ཅིག་ལ་མཚན་གྱི་རྣམ་གྲངས་མང་དུ་བྱུང་ཡོད་ཅིང་། དེ་རྣམས་མཉམ་སྤྱོད་བྱས་པ་ལ་བརྟེན་ནས་ཕྱི་རབས་པས་གང་ཟག་ངོས་འཛིན་ཐད་ནོར་འཁྲུལ་མི་ཉུང་ཙམ་བྱུང་འདུག གང་ཟག་ཡང་དག་པར་ངོས་མ་ཟིན་པ་ལ་བརྟེན་ནས་དེ་འབྲེལ་གྱི་དོན་མང་པོ་ཞིག་ལ་འཁྲུལ་བ་རབ་དང་རིམ་པར་བྱུང་བཞིན་པས། མཚན་གྱི་རྣམ་གྲངས་སུ་གྱུར་བ་ལ་དོ་སྣང་ཆེར་མེད་པ་ལས་བསྐྱེད་པའི་ནོར་འཁྲུལ་ཉུང་དུ་གཏོང་ཆེད་འདིར་རང་གི་མཐོང་ཚོད་དུ་གྱུར་བའི་ལོ་ཙཱ་བ་ཟློས་སྐྱོན་གྱི་དབང་དུ་སོང་བ་དག་རེ་རེ་བཞིན་བཤད་པར་བྱ།
            བོད་སིལ་བུའི་དུས་སུ་བྱོན་ཞིང་བོད་དུ་ནང་བསྟན་བསྐྱར་དར་དང་གཙུག་ལག་ཁང་སོགས་ལ་སྲིད་ཞུའི་མཛད་པ་བླ་ན་མཐོ་བའི་ལོ་ཙཱ་བ་ཚ་ལེན་ཡེ་ཤེས་རྒྱལ་མཚན་ནི་མངའ་བདག་མགོན་སྤྱོད་ཀྱི་སྲས་ཏེ་ཡུམ་བརྟན་ནས་བརྩིས་པའི་གདུང་རབས་དྲུག་པར་ངེས་པ་དང་། ཁོང་ཉིད་བཙན་པོའི་རྒྱལ་རྒྱུད་དུ་གཏོགས་པས་ལྷ་ཡེ་ཤེས་རྒྱལ་མཚན་ཡང་བྱ། ལེགས་སྦྱར་གྱི་སྐད་ལ་ཤིན་ཏུ་བྱང་བས་ཁ་རག་སྨྱོས་ཀྱི་ལོ་ཙཱ་བ་ཡང་རྗེ་འདིའི་སློབ་མ་ཡིན་པར་བཞེད། མཁས་དབང་ཚེ་ཏན་ཞབས་དྲུང་གིས་མཛད་པའི་《བསྟན་རྩིས་ཀུན་བཏུས་》ལས་བོད་ལུགས་མེ་མོ་གླང་ལོ་སྟེ་སྤྱི་ལོ་977ལོའི་སྔ་ཕྱིར་སྐུ་གཤེགས་པར་གསུངས།① ཁོང་གི་འགྱུར་ལ་བཀའ་འགྱུར་ལས། རྒྱུད་ཆ་པོད་དུ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལེའུ་བཅུ་བདུན་པ་དང་། བསྟན་འགྱུར་ལས། རྒྱུད་ཇ་པོད་དུ། བརྡ་ངེས་པར་གཟུང་བ། རྒྱུད་ཏ་པོད་དུ། མྱུར་མཛད་མའི་སྒྲུབ་ཐབས་ལྷ་བཅུ་གསུམ་པའི་བདག་ཉིད། དེ་མིན་ཇོ་བོ་རྗེ་བོད་དུ་མ་ཕེབས་གོང་གི་ལོ་ཉི་ཤུའི་སྐབས་ཙམ་ལ་པཎྜི་ཏ་པད་མ་གསང་བ་བོད་དུ་བྱོན་སྐབས་ཞབས་ལུགས་གྲོལ་ཐིག་སོགས་བསྒྱུར་བའི་ལོ་ཙཱ་བ་ཡང་མཛད་ཅེས་གསལ་བ་བཞིན།བསྟན་འགྱུར་རྒྱུད་དི་པོད་དུ། སློབ་དཔོན་སངས་རྒྱས་དཔལ་ཡེ་ཤེས་ཞབས་ཀྱིས་མཛད་པའི་གྲོལ་བའི་ཐིག་ལེ་ཞེས་བྱ་བ་དང་། རྒྱུད་ནི་པོད་དུ། སློབ་དཔོན་བི་ཏ་པཱ་དས་མཛད་པའི་གྲོལ་བའི་ཐིག་ལེ་ཞེས་བྱ་བའི་རྣམ་པར་བཤད་པ་དང་བཅས་བསྡོམས་པའི་འགྱུར་ཆོས་ཚན་ཉི་ཤུ་ལ་ཉེ་བ་བཞུགས་ཡོད། དེ་ལ་《སྒྲ་སྒྱུར་ལོ་རྒྱུས་》སུ་ལོ་ཙཱ་བ་འདིར་ཚ་ལེན་ཡེ་ཤེས་རྒྱལ་མཚན་དང་ལྷ་ཡེ་ཤེས་རྒྱལ་མཚན་ཞེས་མཚན་འབོད་སྟངས་གཉིས་སུ་མཐོང་བ་གང་ཟག་གཉིས་ལ་ངོས་བཟུང་ཡོད་པ་ནི་མ་དག་པའི་ཚུལ་དུ་ངེས་སོ།། དེ་བཞིན་དུ་ལྷ་ཞི་བ་འོད་ཅེས་པ་དེ་ལ་དོགས་གཞི་ཞིག་མཆིས་ཏེ། ཁོང་ལ་ཕོ་བྲང་ཞི་བ་འོད་ཀྱང་བྱ་ལ། ཕོ་བྲང་ནི་པུ་རངས་སུ་ཡོད་པའི་སྐུ་མཁར་ཉི་གཟུངས་ལ་ངོས་འཛིན་པར་བུ་སྟོན་གྱིས་གསུངས། ཁོང་ནི་དུས་རབས་བཅུ་གཅིག་པའི་ནང་བོད་ཀྱི་སྒྲ་སྒྱུར་ལས་དོན་ལ་སྲིད་ཕྱོགས་ནས་རྒྱབ་སྐྱོར་བླ་ན་མེད་པ་གནང་མཁན་ཞིག་དང་། བོད་བཙན་པོའི་རྒྱལ་རྒྱུད་ཁྲོད་བྱོན་པའི་ལོ་ཙཱ་བ་མཆོག་ཏུ་གྱུར་བ་ཞིག་ཡིན་མོད་ཀྱང་། ཁོང་གི་མཛད་པ་གསལ་ཁ་ཅན་ཞིག་ལོ་རྒྱུས་ཡིག་ཚང་གང་དུའང་མ་རྙེད། ཁ་ཅིག་གིས་དེ་ནི་ལྷ་ཡེ་ཤེས་རྒྱལ་མཚན་ཡིན་པར་གསུངས་ཤིང་ལ་ལས་ལྷ་རིན་པོ་ཆེ་ཞེས་པའི་ལོ་ཙཱ་བ་ཞིག་ཡོད་ཚུལ་གསུངས་ཡོད།② བཀའ་བསྟན་དུ་བསྡུ་སྒྲིག་མཛད་པའི་གཞུང་གི་འགྱུར་བྱང་དུ་མཚན་དེ་གཉིས་ཁ་ཁར་བཀོད་འདུག་པས། དེ་གཉིས་གང་ཟག་གཅིག་ཡིན་མིན་ཁ་ཚོན་གཅོད་དཀའོ།། ཡང་བསྟན་པ་ཕྱི་དར་གྱི་དུས་མགོར་བྱོན་པའི་ལོ་ཙཱ་བ་ལེགས་པའི་ཤེས་རབ་ཅེས་པ་དེ་ཉིད་ལོ་ཙཱའི་ལས་ཐོབ་ཀྱི་དབང་དུ་བྱས་ཏེ་ལོ་ཆུང་གི་གྲས་སུ་སྦྱར་བས་ལོ་ཆུང་ལེགས་པའི་ཤེས་རབ་ཏུ་འབོད་པ་དང་། བྱོན་ཡུལ་གྱི་དབང་དུ་བྱས་པས་སྤུ་རངས་ལེགས་པའི་ཤེས་རབ། རིགས་རུས་ཀྱི་མཚན་བླ་ཐབས་སུ་སྦྱར་བས་རྔོག་ལེགས་པའི་ཤེས་རབ་སོགས་འབོད་ཚུལ་མི་འདྲ་བ་དུ་མ་ལྡན་པ་ལ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ། སྤྱིར་ལོ་ཆེན་རིན་ཆེན་བཟང་པོའི་སློབ་མ་ལོ་ཆུང་སྟེ་གཉིས་ཀ་ལ་སྤུ་རངས་ལོ་ཆུང་ཞེས་གྲགས་ཤིང་། གཉིས་ཀའི་མཚན་ལ་ལེགས་པའི་ཤེས་རབ་ཏུ་འདོད་པ་དུ་མ་བྱུང་ཡང་སྔ་མའི་མཚན་ནི་གྲགས་འབྱོར་ཤེས་རབ་དང་ཕྱི་མའི་མཚན་ནི་ལེགས་པའི་ཤེས་རབ་ཡིན་ལ། བདེ་མཆོག་གི་ཆོས་སྐོར་མང་པོ་རྒྱ་གར་ནས་སྤྱན་དྲངས་ཏེ་སྒྲུབ་པ་རྩེ་གཅིག་ཏུ་གཞོལ་བས་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་བྱོན་པར་གྲགས་ཤིང་། སྐུ་ལུས་མཁའ་སྤྱོད་དུ་གཤེགས་པ་ནི་ཕྱི་མར་སྣང་③ཞེས་གོང་གི་དེ་གསུམ་གང་ཟག་གཅིག་ཏུ་ངེས་མོད། དེང་གི་བརྩམས་ཆོས་སུ་གང་ཟག་གཉིས་སུ་འཁྲུལ་བའང་མཐོང་ངོ་།། དེ་བཞིན་དུ་ལོ་ཙཱ་བ་དཔྱལ་པེ་ཙ་དམར་བ་རུའི་སྲས་རབ་གསལ་ཀྱི་སྲས་གསུམ་གྱི་གཅེན་རྒྱལ་བའི་བློ་གྲོས་ཀྱི་སྲས་མཆེད་གཉིས་ལས་ཆེ་བ་དཔྱལ་བསོད་ནམས་རྒྱལ་མཚན་ཏེ། བདེ་མཆོག་དཔྱལ་འགྱུར་དུ་གྲགས་པ་སོགས་བསྒྱུར་མཁན་དེ་དང་སྔོན་གྱི་ཡིག་ཚང་དུ་སེ་རྩ་བསོད་ནམས་རྒྱལ་མཚན་ཞེས་པ་གཉིས་གང་ཟག་གཅིག་ཏུ་བཀའ་བསྟན་ཁྲོད་བསྡུ་སྒྲིག་གནང་ཡོད་པ་ཆོས་ཚན་གྱི་འགྱུར་བྱང་ལས་ངེས་ཐུབ་པ་མ་ཟད། 《མྱང་ཆོས་འབྱུང་》ན་དེ་དོན་ལྷག་ཏུ་གསལ།④ དེ་ལ་ཉང་ཉི་མའི་ཆོས་འབྱུང་དུ་སྤྱལ་ལོ་ཙཱ་བ་བསོད་ནམས་རྒྱལ་མཚན་⑤ཞེས་པའང་ལོ་ཙཱ་བ་འདི་ཉིད་ཡིན་དགོས་སོ།། དུས་རབས་བཅུ་གཅིག་པའི་ནང་བྱོན་པའི་ལོ་ཙཱ་བ་ཁྱུང་པོ་ཆོས་བརྩོན་ལ་ཁྱུང་པོ་གྲགས་སེང་དང་།ཁྱུང་པོ་གྲགས་སེ་སོགས་སུ་འབོད་པ་ལས་དེ་རྣམས་གང་ཟག་གཅིག་གི་མཚན་གྱི་རྣམ་གྲངས་ཡིན་འདུག⑥ དེ་མིན་སྤྱི་ལོ་1107ལོར་འཁྲུངས་པའི་ལོ་ཙཱ་བ་ག་རོད་ཚུལ་ཁྲིམས་འབྱུང་གནས་ཞེས་པ་དེར་སྔོན་གྱི་ཆོས་འབྱུང་《དཔག་བསམ་ལྗོན་བཟང་》སོགས་ན་ག་རོང་དུ་བྲིས་འདུག་ཅིང་། དེ་དང་མཐུན་པར་《དུང་དཀར་ཚིག་མཛོད་》སོགས་དེང་གི་ཡིག་ཚང་ལ་ལར་དེ་ལྟར་དུ་བྲིས་འདུག་མོད་གང་ཞིག་ཡང་དག་པར་དཔྱད་དགོས། དེང་གི་བརྩམས་ཆོས་སུ་འདི་དང་སྟེངས་ལོ་ཚུལ་ཁྲིམས་འབྱུང་གནས་གཉིས་ཁ་ཁར་ངོས་འཛིན་བྱས་ཀྱང་། དུང་དཀར་རིན་པོ་ཆེས་སྟེངས་པ་ལོ་ཙཱ་བ་དང་ག་རོད་ཚུལ་ཁྲིམས་འབྱུང་གནས་ཞུ་བ་གཉིས་གང་ཟག་གཅིག་ཏུ་ངོས་བཟུང་འདུག་པ་ཡང་།⑦ 《མཁས་པའི་དགའ་སྟོན་》གཅིག་པུར་མ་གཏོགས་སྔོན་གྱི་ཆོས་འབྱུང་དང་དེབ་ཐེར་མཐོང་ཚོད་དུ་མཚན་དེ་གཉིས་ཀ་མཉམ་དུ་བགྲངས་པ་མ་མཐོང་ཕྱིར་དེ་གཉིས་གང་ཟག་གཅིག་ཏུ་བདེན་ཤས་ཆེ་སྙམ་མོ།། ཡང་《མཁས་པའི་དགའ་སྟོན་》དུ།རྒ་ལོ་གཞོན་ནུ་དཔལ་འདི་མདོ་ཁམས་སུ་འཁྲུངས། རུས་རྒྭ་ཡིན་པ་རྒན་གཞོན་གཉིས་ཕྱིན་པས་རྒྭ་ཆེན་རྒྭ་ཆུང་དུ་གྲགས་⑧པར་གསུངས་པའི་རྒ་ཆེན་ནི་དུས་རབས་བཅུ་གཉིས་པའི་སྟོད་དུ་བྱོན་པའི་རྒ་ལོ་གཞོན་ནུ་དཔལ་ཡིན་པ་སྔོན་གྱི་ཡིག་གེར་འདུག་ཅིང་། རྒ་ཆུང་ནི་རྒ་ལོའི་སྐུ་སྐྱེས་སུ་ངོས་བཟུང་བའི་རྒ་ལོ་རྣམ་རྒྱལ་རྡོ་རྗེ་(1203-1282)ཨེ་ཡིན་སྙམ་བྱུང་ལ། དེ་ཡང་འཁྲུངས་དུས་ཀྱི་སྔ་ཕྱི་ལྟར་གོ་བ་བླངས་པ་ལས་མཐའ་གཅིག་ཏུ་ངོས་འཛིན་གྱི་གཞི་གང་ཡང་མེད་དོ།། ཡང་རུས་ནི་གནུབས་སམ་སྣུབས་རིགས་ཀྱི་རྒྱུད་དུ་སྤྱི་ལོ་1173ལོར་སྐུ་འཁྲུངས་པའི་ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྲོ་དོན་མཛད་ཡུལ་ཁྲོ་ཕུར་གྱུར་བས་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་དང་། ཁོང་གི་དགེ་སློང་གི་སྡོམ་པ་མནོས་པའི་མཚན་ལ་ཚུལ་ཁྲིམས་ཤེས་རབ་ཏུ་འབོད་པ་དང་།⑨ རུས་ནི་གནུབས་སུ་ངེས་པ་ཁོང་ཉིད་ལ་དེང་གི་འབྲེལ་ཡོད་བརྩམས་ཆོས་སུ་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་དང་།གནུབས་བྱམས་པའི་དཔལ། ཡང་ཁྲོ་ཕུ་ཚུལ་ཁྲིམས་ཤེས་རབ་དང་། གནུབས་ཚུལ་ཁྲིམས་ཤེས་རབ་ཅེས་གང་ཟག་གཉིས་སམ་བཞི་རུ་ངོས་བཟུང་ཡོད་པའང་གང་སར་མཐོང་ཐུབ་པ་དེའང་མ་དག་པའོ།། སྤྱི་ལོའི་དུས་རབས་བཅུ་གཉིས་པའི་ནང་བྱོན་པའི་ཞང་ལོ་གྲུབ་པ་དཔལ་བཟང་གི་སྐུ་ཆུང་ངུའི་དུས་ཀྱི་མཚན་ལ་ཕུར་བ་སྐྱབས་ཟེར་ཞིང་། 《སྒྲ་སྒྱུར་ལོ་རྒྱུས་》སོགས་དེང་གི་འབྲེལ་ཡོད་བརྩམས་ཆོས་སུ་འདི་ཉིད་ལ་ཞང་ལོ་ཙཱ་བ་ཕུར་བ་སྐྱབས་དང་ཞང་ལོ་གྲུབ་པ་དཔལ་བཟང་ཞེས་གང་ཟག་ཁ་ཁར་ངོས་བཟུང་ཞིང་མཛད་པའང་ཁ་ཁར་བཀོད་དེ་བསྟན་ཡོད་མོད་ཀྱང་། སྔོན་གྱི་ཡིག་ཚང་དུ་ལོ་ཙཱ་བའི་མཚན་བགྲངས་ཡོད་པ་དག་ན་ཞང་གྲུབ་པ་དཔལ་ལས་ཕུར་བ་སྐྱབས་ཞེས་པ་ཞིག་མ་མཐོང་ཞིང་། དེང་གི་བརྩམས་ཆོས་སུ་གང་ཟག་ཁ་ཁར་ངོས་བཟུང་ཡང་འགྱུར་ཆོས་རྣམས་གཅིག་འདྲར་སྣང་བས།མཚན་དེ་གཉིས་ལ་བརྟེན་ནས་གང་ཟག་གཉིས་སུ་བྱས་པ་སོགས་ནི་ཞིབ་ཆ་མ་ཡོད་པའི་སྐྱོན་ནོ།། དེ་དང་འདྲ་བར་འགྱུར་བྱང་ལས་ངྷརྨ་ཡོན་ཏན་ཞེས་པར་ཆོས་ཀྱི་ཡོན་ཏན་ཞེས་སཾ་བོད་སྐད་གཉིས་ཀྱི་མཚན་ལ་བརྟེན་ནས་ལོ་ཙཱ་བ་གཅིག་གང་ཟག་གཉིས་སུ་ངོས་བཟུང་བ་སོགས་དེང་གི་བརྩམས་ཆོས་སུ་དོགས་གཞི་དང་མ་དག་པའི་གནད་མང་ཙམ་མཐོང་བ་ལས་འདིར་དཔེ་མཚོན་དུ་གྱུར་བ་འགའ་དྲངས་ཏེ་ཞུས་པ་ཡིན།
གཉིས་པ། འབྲེལ་ཡོད་དཔྱད་འབྲས་སུ་མ་བགྲངས་པའི་ལོ་ཙཱ་བ་འགའ་བསྟན་པ།
            ལོ་ཙཱ་བའི་མཚན་བྱང་དང་མཛད་པ་ཐོ་རེ་བ་ཙམ་རེ་སྔོན་བྱུང་བོད་ཀྱི་ལོ་རྒྱུས་ཆོས་འབྱུང་ཕལ་ཆེ་བར་སྣང་ཞིང་། དེ་དག་ལས་བོད་དུ་བྱོན་པའི་ལོ་ཙཱ་བའི་མཚན་གྲངས་ཆེད་དོན་དུ་བགྲངས་པ་ཡང་《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》དང་། 《བུ་སྟོན་ཆོས་འབྱུང་།》 《ཀློང་ཆེན་ཆོས་འབྱུང་།》 《ཆོས་འབྱུང་མཁས་པའི་དགའ་སྟོན།》 ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་《སྡེ་དགེ་བསྟན་འགྱུར་དཀར་ཆག》 《ཆོས་འབྱུང་དཔག་བསམ་ལྗོན་བཟང་》ལ་སོགས་པའི་ཆོས་འབྱུང་དང་དེབ་ཐེར་མི་ཉུང་ཙམ་བཞུགས་ཡོད་ལ།དེ་དག་ནི་བོད་དུ་བྱོན་པའི་ལོ་ཙཱ་བའི་མཚན་གྲངས་ངོས་འཛིན་ཐད་ཀྱི་དཔྱད་ཡིག་གལ་ཆེའི་རིགས་སུ་མཐོང་། དེང་དུས་ཀྱི་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་སྔོན་གྱི་ཡིག་ཚང་ཁག་ཅིག་དཔྱད་བསྡུར་བྱས་པ་བརྒྱུད་བསྟན་པ་ཕྱི་དར་གྱི་དུས་སུ་ལོ་ཆེན་རིན་ཆེན་བཟང་པོ་ནས་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་བར་དུ་བོད་ཀྱི་ལོ་ཙཱ་བ་བརྒྱ་དང་གྱ་ལྔའི་མཚན་བགྲངས་ཡོད་པ་དང་།⑩དེ་ནི་ད་སྔ་ཡན་དུ་མཐོང་བའི་ལོ་ཙཱ་བའི་མཚན་བགྲངས་པ་ལྟོས་བཅོས་སུ་ཅུང་འཐུས་ཚང་བའི་བཞེད་སྟངས་ཤིག་ཏུ་མཐོང་། ཡིན་ན་ཡང་གོང་བསྟན་ཡིག་ཚང་དག་ཏུ་ལོ་ཙཱ་བའི་མཚན་གྲས་སུ་མ་བགྲངས་ཀྱང་དེ་ཡི་ལས་ཐོབ་ཀྱི་མཚན་བླ་ཐབས་སུ་སྦྱར་ཞིང་ལོ་ཙཱའི་ལས་དོན་ལ་མཛད་པ་ཆེར་མངའ་བའི་སྐྱེས་ཆེན་འགའ་རེ་ཡང་མཐོང་སྣང་གི་ཡུལ་དུ་བྱུང་བས། དེ་རྣམས་ཅིས་ཀྱང་མངོན་དུ་ཕྱུང་དགོས་པར་སྙམ་སྟེ་གཤམ་དུ་རེ་རེ་བཞིན་ངོ་སྤྲོད་རོབ་ཙམ་ཞུ་བ་ལ།
            དཔྱལ་པེ་ཙ་དམར་བ་རུ། འདི་ལ་པེ་ཙ་དང་དཔྱལ་འབྱུང་གནས་རྒྱལ་མཚན་སོགས་སུ་ཞུ་སྲོལ་ཡང་ཡོད། འདི་ནི་མཐུ་སྟོབས་ཀྱི་དབང་ཕྱུག་དཔྱལ་རཏྣ་ཤྲཱི་ལ་སྲས་ལྔའི་གཅུང་ཆུང་ཤོས་མཁན་པོ་དབང་ཕྱུག་གི་སྲས་སུ་འཁྲུངས་ཤིང་། སྨན་ལུང་ན་ཞང་ཅོག་ཏུ་བྱང་ཆུབ་འབྱུང་གནས་བཞུགས་པ་དེར་སློབ་གཉེར་ལ་བྱོན། ཞང་གིས་དཔྱལ་འབྱུང་གནས་རྒྱལ་མཚན་དུ་བཏགས། ཆོས་གསང་སྔགས་སྔ་འགྱུར་གྱི་རྒྱུད་འགྲེལ་སྒྲུབ་ཐབས་ལས་བྱང་དང་བཅས་ཁྱད་པར་ཡང་དག་ཐུགས་ཀྱི་སྒྲུབ་པ་གཙོ་བོར་བྱེད་པ་མཆིམས་ཕུའི་ཕྱག་བཞེས་དང་བཅས་པ་དགུ་སོགས་མཐར་ཕྱིན་པར་བསླབས། དགུང་ལོ་བདུན་ཅུ་བ་ལ་སྨན་ལུང་འཕྲུལ་གྱི་ལྷ་ཁང་བཞེངས་ཤིང་། འདི་ཉིད་ཀྱི་འགྱུར་གླེང་བ་ལ། པེ་ཙས་སྨྲི་ཏི་སྨན་ལུང་དུ་སྤྱན་དྲངས། སྒྲ་ཚད། སྒྱུ་འཕྲུལ་དྲྭ་བ་ཁྲི་དྲུག་སྟོང་པ་དང་། དེའི་སྙིང་པོ་མཚན་བརྗོད། དེའི་འགྲེལ་པ་བར་མ་ལ་སོགས་གསན་ཞིང་བསྒྱུར་ནས་ལོ་ཙཱར་གྲགས་སོ།། ཞེས་《མྱང་ཆོས་འབྱུང་》དུ་བཞེད་དོ།།⑾
            གཉོས་ལོ་ཙཱ་བ་འབྱུང་པོ། ད་ཡོད་ཀྱི་ལོ་རྒྱུས་ཆོས་འབྱུང་འགའ་རེ་ན་ལོ་ཙཱ་བ་འདི་ཉིད་ཀྱི་མཚན་ཙམ་བཀོད་པ་ལས་ལོ་རྒྱུས་ཞིབ་པར་བཀོད་པ་མ་མཐོང་ཡང་། 《ཉང་ཆོས་འབྱུང་》དུ། དེའི་དུས་སུ་ཁ་རག་གཉོས་འབྱུང་པོས་རྒྱ་གར་དུ་བྱོན། མཁས་པ་རྣམས་ཀྱི་ཞལ་འགྲིམས། སྒྲ་སྒྱུར་ཤིན་ཏུ་མཁས། ཁྱད་པར་བླ་མ་གྲུབ་ཐོབ་བྷ་ལིང་ཨ་ཙརྱ་དང་མཇལ། གཤིན་རྗེ་གཤེད་དགྲ་ནག རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་སྒྲུབ་ཐབས་གདམས་པ། དགྱེས་པ་རྡོ་རྗེ་དང་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་དང་། གསང་བ་འདུས་པ་དང་། ཆོས་སྡེ་ཆེན་པོ་ཞུས། གསར་མའི་ཇོ་སྲས་ཐོབ་པའི་མི་བཞིའི་དང་པོ་ནི། གཉོས་ལོ་ཙཱ་བ་ཡིན་སྐད། ་་་་རྒྱ་གར་དུ་སྔ་ཕྱི་ལ་ལོ་ཉི་ཤུ་བཞུགས་སོ།། པཎྜི་ཏ་གཉིས་སྤྱན་དྲངས། གསང་བ་འདུས་པ་ཡེ་ཤེས་ཞབས་ཀྱི་ལུགས།ལུང་དང་མཐུན་པའི་ཆོས་བཅུ་བཞི་སོགས་བསྒྱུར་⑿བ་མ་ཟད། 《མྱང་ཆོས་འབྱུང་》དུ་གཉོས་ལོ་ཙཱས་དར་པཱན་ཨཱ་ཙར་ཡ་ལ་གསན་པའི་གཉོས་ལུགས་ལྷ་དགུ་མ། ཤངས་པ་ལུགས་ལ་འཇིགས་བྱེད་ལྷ་བཅུ་གསུམ་མ་འདི་ལ་རྒྱ་གཞུང་ཡང་ཡོད་དོ།།⒀ ཞེས་ཆོས་ཀྱི་གཞུང་མི་ཉུང་ཙམ་བསྒྱུར་ཡོད་པར་མངོན། ཁོང་གི་འཁྲུངས་འདས་ལོ་ཚིགས་སོགས་མ་མཐོང་ཡང་ཆོས་སྟོན་གྱི་སློབ་དཔོན་དང་ལོ་རྒྱུས་ཀྱི་གོང་སྒྲིག་སྟངས་བཅས་ལ་གཞིགས་ཚེ་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་བྱོན་པའི་ལོ་ཙཱ་བ་ཞིག་ཡིན་དགོས།
            གཉན་ཆུང་ལོ་ཙཱ་བ་ཤེས་རབ་གྲགས། ལོ་རྒྱུས་དེབ་ཐེར་དུ་དོན་གྱི་བྱུང་རིམ་གྱི་གོང་སྒྲིག་སྟངས་ལྟར་ན་ལོ་ཙཱ་བ་འདི་ཉིད་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་བྱོན་པ་ངེས་ཐུབ་ཅིང་། འཁྲུངས་འདས་ཀྱི་ལོ་རྒྱུས་ཞིབ་མོ་གཞན་གང་ནས་ཀྱང་མ་མཐོང་ལ། 《ཉང་ཆོས་འབྱུང་》དུ་གཉན་ཆུང་ལོ་ཙཱ་བ་ཤེས་རབ་གྲགས་ཀྱིས་རྒྱ་གར་དུ་ཕྱིན། པཎྜི་ཏ་ཇོ་བོ་མ་ཏི་ལ་འཇམ་དཔལ་ཞུས། བསྙེན་ཞིང་བསྒྲུབས་པས་སྒྲ་དང་།སྙན་ངག་དང་སྡེབ་ལ་ཚེགས་པ་མེད་པར་མཁས་པར་གྱུར་ནས། པཎྜི་ཏ་མང་པོ་བསྟེན། སྦྱངས་པ་ཆེར་མཛད། པཎྜི་ཏ་སུ་ན་ཡ་ཤྲཱི་སྤྱན་དྲངས་ཏེ། གསང་བ་འདུས་པ་ཡེ་ཤེས་ཞབས་ཀྱི་ལུགས་སུ་བཀྲལ་བ། རྒྱན་དང་ཐོ་ཆེ་ཆུང་ལ་སོགས་པ་དང་། གཞན་ཡང་གཟུངས་ཕྲན་མང་པོ་དང་། རྗེ་བཙུན་སྒྲོལ་མ་དང་། ཆོས་སྐྱོང་གི་སྒྲུབ་ཐབས་དང་། ཕྱག་ན་རྡོ་རྗེ་བྱེ་སྤུ་དང་དྲག་པོ་མངོན་སྤྱོད་ཀྱི་ལས་དང་། རྫས་སྦྱོར་ནག་པོའི་ལས་མང་པོ་བསྒྱུར་⒁ཞེས་འཁོད་ཅིང་། བསྟན་འགྱུར་ལས་རྒྱུད་ཇ་པོད་དུ། དགོངས་པའི་སྐད་ཀྱི་འགྲེལ་བ་དང་། རྒྱུད་ལྦི་པོད་དུ། ཡིད་ལ་མི་བྱེད་པ་སྟོན་པ་ཞེས་བྱ་བ་སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པ་ལ་སོགས་པའི་འགྱུར་ཆོས་ཆོས་ཚན་འགའ་བཞུགས་སོ།།
            སྨོན་འགྲོ་ལོ་ཙཱ་བ་མར་པ་རྡོ་རྗེ་ཡེ་ཤེས། སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་བྱོན་པའི་ལོ་ཙཱ་བ་ཞིག་སྟེ།《མྱང་ཆོས་འབྱུང་》དུ། སྟག་རྩེའི་མཁར་ཁའི་སྨོན་འགྲོར་ཟངས་དཀར་ལོ་ཙཱའི་བུ་བཞིའི་ནང་ཚན་སྨོན་འགྲོ་ལོ་ཙཱ་བ་རྡོ་ཡེ་འཁྲུངས་པ་དང་། ཁོང་གི་དགོན་པ་སྟག་ཚལ་སྨོན་འགྲོའི་ལྷ་ཁང་ཟེར་བ་དེ་ཡིན།⒂ འདི་ཉིད་ལ་འགྱུར་ཆོས་གང་ཡོད་པ་ལག་སོན་མ་བྱུང་།
            སྒ་ལོ་ཙཱ་བ་བསོད་ནམས་ཚུལ་ཁྲིམས་གྲགས། ཉང་ཉི་མའི་ཆོས་འབྱུང་དུ་བསྟན་པ་ལྟར་བྱས་ན་ལོ་ཙཱ་བ་འདི་ཉིད་དུས་རབས་བཅུ་གཅིག་ཡས་མས་ཤིག་ལ་བྱོན་པ་དང་། ཆོས་འབྱུང་དེ་རུ། སྒ་ལོ་ཙཱ་བ་བསོད་ནམས་ཚུལ་ཁྲིམས་གྲགས་ཀྱིས་ཁ་ཆེ་གཞོན་ནུ་འབུམ་སྤྱན་དྲངས་ནས་སྡོམ་པ་འབྱུང་བའི་རྒྱུད། ཨ་བྷི་དྷ་ན་ལ་སོགས་པའི་རྒྱུད། སྒྲུབ་ཐབས་མན་ངག་མང་པོ་བསྒྱུར་⒃ཞེས་ཙམ་མཐོང་བ་ལས་ལོ་རྒྱུས་ཁ་གསལ་པོ་ཞིག་རྙེད་མ་བྱུང་།
            གཉགས་ལོ་ཙཱ་བ་ཆེན་པོ། འདི་ཉིད་ནི་བསྟན་པ་ཕྱི་དར་གྱི་དུས་མགོར་བྱོན་པའི་ལོ་ཙཱ་བ་ཆེན་པོ་ཞིག་སྟེ། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བྱོན་པའི་གཉགས་ཛྙཱ་ན་ཀུ་མ་ར་དང་འདྲ་བར་གཉགས་ཀྱི་རུས་རྒྱུད་དུ་གཏོགས་ཤིང་། མཚན་དངོས་ལ་སོགས་པ་གསལ་བོར་མ་མཐོང་ཡང་། རིག་གནས་ལ་ཤིན་ཏུ་མཁས་པ་ཞིག་ཡིན་ཚུལ་《མྱང་ཆོས་འབྱུང་》དུ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་འཁོར་པཎ་ཆུང་དགུ་དང་བཅས་བོད་དུ་ཕེབས་ནས་གཙང་སྟོད་དུ་བཞུགས་སྐབས་པཎ་ཆུང་དགུའི་ནང་མཚན་སུ་ག་ར་ཤྲི་ཡར་ཀླུང་དུ་སྤྱན་འདྲེན་ཞུ་མི་གཉགས་ལོ་ཙ་བ་ཆེན་པོ་ཡིན་ཞིང་། པཎྜི་ཏའི་ཕྱག་གཡོག་མངའ་རིས་པ་དགེ་མཛེས་བྱང་ཆུབ་ཡོད་པ་དེས་པཎྜི་ཏ་ལས་ཀྱང་གཉགས་ལོ་ཙཱ་བ་མཁས་པར་རྟོགས་ནས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཞུས་པ་སོགས་ཁྱད་པར་ཅན་གྱི་ལོ་ཙཱ་བ་དེ་ཡང་མཆོག་ཏུ་གྱུར་པ་གཉགས་ཀྱི་རིགས་སུ་འཁྲུངས་པའོ།།⒄ཞེས་འཁོད་ཡོད་པ་ལས་ཁོང་གི་འགྱུར་ཆོས་ཅི་ཡོད་སོགས་ལག་སོན་མ་བྱུང་།
            གཉགས་ཆུང་ལོ་ཙཱ་བ། 《མྱང་ཆོས་འབྱུང་》གི་ཚིག་ཤུགས་ལས་འདི་ཉིད་ཀྱང་བསྟན་པ་ཕྱི་དར་གྱི་དུས་སྟོད་ཙམ་དུ་གཉགས་ཀྱི་རིགས་རྒྱུད་དུ་འཁྲུངས་པ་ཤེས་ཐུབ་ཅིང་། ཆོས་འབྱུང་དེ་ཉིད་དུ། དེ་རུ་ཕ་དམ་པ་སངས་རྒྱས་གཉལ་ལོ་རོ་བརྒྱུད་ནས་ཡར་སྟོད་ལ་ཕེབས་དུས་ཁུ་ལོ་ཙཱ་བ་བླ་མ་ལ་དམ་ཚིག་ཉམས་པ་ཡིན་གསུངས་ནས་མ་མཇལ་ཞིང་ཆོས་གནང་མ་འདོད། གཉགས་ལོ་ཙཱ་བ་ལ་ཆོས་མང་དུ་གསུངས་ཤིང་། ཤིན་ཏུ་མཉེས་པར་མཛད་པ་དེ་ཡང་རིགས་མཆོག་ཏུ་གྱུར་པ་གཉགས་རིགས་སུ་འཁྲུངས་པའོ།།⒅ཞེས་དང་། ཡང་མངའ་རིས་དགེ་མཛེས་བྱང་ཆུབ་ཀྱི་སློབ་བུ་དགེ་བའི་བཤེས་གཉེན་སྐོར་ཆེན་པོའི་རབ་བྱུང་གི་མཁན་པོ་གཉགས་ཆུང་ལོ་ཙཱ་བ་ཡིན་ཞིང་དགོན་གནས་ལྟག་ཅན་གྱི་བདག་གཉགས་ལོས་མཛད་པ་ལ། དགེ་བཤེས་སྐོར་གྱིས་ཕྱིའི་ལྕགས་རི་བརྩིགས་པ་སོགས་ཞབས་ཏོག་སྒྲུབ་པར་མཛད་པའི་ཡུལ་དེ་ཡང་རིགས་མཆོག་གཉགས་རིགས་སུ་འཁྲུངས་པ་⒆སོགས་གཉགས་རིགས་འདི་ལ་མཁས་པ་དང་། གྲུབ་པའི་དབང་ཕྱུགལོ་ཙཱ་བའི་མཚན་ཐོགས་པའི་ཟག་མེད་ཀྱི་བློ་མངའ་བའི་ཆོས་ཀྱི་སྤྱན་ལྡན་བསམ་གྱིས་མི་ཁྱབ་པ་བྱོན་པར་གསུངས།གཉགས་ལོ་ཆེ་ཆུང་འདི་གཉིས་ཀྱི་ལོ་རྒྱུས་ཞིབ་ཏུ་མ་རྙེད་པས་གོང་གི་ཆོས་འབྱུང་དུ་ཟུར་ཙམ་བཀོད་ཡོད་པ་ལ་གཞི་བཅོལ་ཏེ་བྲིས་པ་ཡིན་གྱི། དེ་ཡང་གང་ཟག་གཞན་གང་ཞིག་དང་ཟློས་སྐྱོན་དུ་སོང་བའང་སྲིད་པས། གལ་སྲིད་དེ་འདྲ་ན་དག་པར་བཅོས་བར་བྱ།
            ཤེའུ་ལོ་ཙཱ་བ་རྡོ་རྗེ་ལྷ། འགྱུར་བྱང་དུ་མཚན་ལ་ཤེའུ་བཛྲ་དེ་ལྦ་དང་ཤེའུ་བཛྲ་དེ་བ་ཞེས་པ་ལོ་ཙཱ་འདི་ཉིད་ཡིན་ཞིང་། ལོ་ཙཱ་བ་མགར་ཆོས་ཀྱི་བཟང་པོ་དང་དུས་མཉམ་དུ་དུས་རབས་བཅུ་གཅིག་པའི་ནང་བྱོན། ལོ་རྒྱུས་ཞིབ་ཏུ་མ་རྙེད་ཀྱང་《ཉང་ཆོས་འབྱུང་》དུ། ཤེའུ་ལོ་ཙཱ་བ་རྡོ་རྗེ་ལྷ་དང་།ལོ་ཙཱ་བ་འགར་ཆོས་ཀྱི་བཟང་པོས་པཎྜི་ཏ་སུ་མ་ཏི་ཀིར་ཏི། བལ་པོ་ཐུགས་རྗེ་ཆེན་པོ་སྤྱན་དྲངས་ནས། མཚན་བརྗོད་ཀྱི་འགྲེལ་པ་གསར་མ་དང་། ཕྱག་ན་རྡོ་རྗེ་དྲག་པོ་གསུམ་འདུལ་གྱི་རྒྱུད་སྔ་ཕྱི་དང་། དེའི་སྒྲུབ་ཐབས་སློབ་དཔོན་ཛ་ལྦ་རིས་མཛད་པ་དང་། གཞན་ཡང་ལོ་ཙཱ་བའི་ཆོས་དྲུག་ཏུ་གྲགས་པ་སོགས་བསྒྱུར་⒇ཞེས་གསལ། འདི་ཉིད་ཀྱི་འགྱུར་ལ། བསྟན་འགྱུར་ལས་རྒྱུད་སྐོར་ན། ཡི་དྭགས་དང་གྲུལ་བུམ་དང་ཤ་ཟ་དང་སྲུལ་པོ་རྣམས་རྣམ་པར་སྦྱོང་ཞིང་སེལ་བ་ཞེས་བྱ་བ་སྟེ་འཇིག་རྟེན་པའི་སྒྲུབ་ཐབས་གསུམ་དང་བཅས་ཆོས་ཚན་བཅུ་གྲངས་ལྷག་བཞུགས་སོ།། ལོ་ཙཱ་བ་ཀྱི་བྱེ་མ་ལུང་པ། སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་བྱོན་པའི་ལོ་ཙཱ་བ་ཞིག་སྟེ། མཛད་པ་ཞིབ་པར་མ་མཐོང་ཞིང་། 《ཉང་ཆོས་འབྱུང་》དུ། ལོ་ཙཱ་བ་ཀྱི་བྱེ་མ་ལུང་པ་དང་། ལོ་ཙཱ་བ་འཕགས་མཆོག་གིས་འཇམ་དཔལ་གྱི་འགྲེལ་བ་དང་། རྒྱས་འབྲིང་བསྡུས་གསུམ་གྱི་སྒྲུབ་ཐབས་འགའ་བསྒྱུར་རོ་(21)ཞེས་གསུངས་སོ།། ལོ་ཙཱ་བ་ཡོང་ཞེས་གསལ་བ། 《ཉང་ཆོས་འབྱུང་》དུ། པཎྜི་ཏ་ཨ་བྷ་ཡ་ཀ་ར་གྷུ་པ་ཏིའི་སློབ་མ། ལོ་ཙཱ་བ་གྱི་གང་འཁོར་ལོ་གྲགས་པ་དང་།(འདི་དང་《བུ་སྟོན་ཆོས་འབྱུང་》སོགས་སུ་ཁེའུ་གད་པ་འཁོར་ལོ་གྲགས་དང་ཁེར་གད་འཁོར་ལོ་གྲགས་པ་ཞེས་པ་དེ་དག་གང་ཟག་གཅིག་ཡིན་པ་འདྲ་འདུག) ལོ་ཙཱ་བ་ཡོང་ཞེས་གསལ་བ་གཉིས་ཀྱིས་་་་་(22)ཞེས་མཚམས་འདིའི་ཡི་གེ་མ་དཔེར་ཆད་སྐྱོན་དུ་ལུས་པས་ཆོས་གང་ཞིག་བསྒྱུར་བ་མི་གསལ་མོད། གང་ལྟར་ལོ་ཙཱ་བ་འདི་ཉིད་ཀྱི་མཚན་བགྲངས་ཡོད་ཅིང་དོན་གྱི་གོང་འོག་ལ་གཞིགས་ན་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་བྱོན་པ་འདྲ།
            དཔྱལ་ཀུན་དགའ་རྡོ་རྗེ། 《ཉང་ཆོས་འབྱུང་》དུ་སྤྱལ་ལོ་ཙཱ་བ་ཀུན་དགའ་རྡོ་རྗེ་ཞེས་མཐོང་བ་ནི་དཔྱལ་དང་སྤྱལ་གཉིས་ཡི་གེ་འབྲི་ཚུལ་མ་འདྲ་བ་ལས་རུས་གཅིག་ཏུ་ངེས་དགོས་ཤིང་། ལོ་ཙཱ་བ་འདི་ཉིད་ཧ་ལམ་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་སྟོད་དུ་བྱོན་ཡོད་པར་མཐོང་། འདི་ལ་《མྱང་ཆོས་འབྱུང་》དུ། བླ་མ་ཆེན་པོ་བསོད་ནམས་རྒྱལ་མཚན་གྱི་སྲས་བླ་མ་ཀུན་དགའ་རྡོ་རྗེ་ཡིས་རྒྱ་གར་གྱི་པཎ་ཆེན་གནས་ལྔ་རིག་པ་པཎྜི་ཏ་ཨ་མ་ར་ཙནྡྲ་དང་། སུ་ཀ་ཤྲི་བྷ་དྲ་ལ་སྒྲ་ཚད། དགྱེས་རྡོར་བདེ་མཆོག་དང་དུས་འཁོར་སོགས་རྒྱུད་འགྲེལ་མང་པོ་གསན། དཔྱལ་ཀུན་དགའ་རྡོ་རྗེས་པཎྜི་ཏ་སྟོང་ཉིད་ཏིང་འཛིན་བོད་ལ་གདན་དྲངས། ཁྱད་པར་སྨན་ལུང་དུ་གཞི་ཕབ་སྟེ་གསང་སྔགས་ཀྱི་ཆོས་སྐོར་མང་པོ་དང་མན་ངག་མང་པོ་ཞུས་ཤིང་བསྒྱུར་བ་ཤིན་ཏུ་མང་བར་ཡོད་པ་རྣམས་ལ་དཔྱལ་པ་ཀུན་དགའ་རྡོ་རྗེའི་འགྱུར་དང་དཔྱལ་པའི་ཆོས་སྐོར་ཞེས་ཡོངས་སུ་གྲགས་སོ།།(23) ཡང་《ཉང་ཆོས་འབྱུང་》དུ། དེ་རྗེས་ལ་སྤྱལ་ལོ་ཙཱ་བ་ཀུན་དགའ་རྡོ་རྗེ་བལ་ཡུལ་དུ་ལན་གསུམ་བྱོན་ནས་དགྱེས་ཕག་ཐམས་ཅད་རྫོགས་པར་བསྒྱུར་(24)བར་གསུངས་སོ།།
            ཡུ་ཆེར་ལོ་ཙཱ་བ། སྤྱི་ལོའི་དུས་རབས་བཅུ་གཅིག་ནང་བྱོན་པའི་ལོ་ཙཱ་བ་ཞིག་སྟེ། མལ་གྱི་བློ་གྲོས་གྲགས་པ་དང་།ཡུ་ཆེར་ལོ་ཙཱ་བ་དག་གིས་སྒྲོལ་མའི་ཆོས་སྐོར་བསྒྱུར་རོ།།(25)ཞེས་《ཉང་ཆོས་འབྱུང་》དུ་མཐོང་ངོ་།།
            ལོ་ཙཱ་བ་ཉི་མ་དངོས་གྲུབ། སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་བྱོན་པའི་ལོ་ཙཱ་བ་ཞིག་སྟེ། 《ཉང་ཆོས་འབྱུང་》དུ། ལོ་ཙཱ་བ་ཉི་མ་དངོས་གྲུབ་ཀྱིས་མཚན་བརྗོད་ཀྱི་འགྲེལ་བ། འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་ལུགས་རྣམས་དང་། སྒེག་པ་རྡོ་རྗེས་མཛད་པའི་ལུགས་དང་།འཇམ་དཔལ་གྲགས་པས་མཛད་པའི་ལུགས་བསྒྱུར་(26)ཞེས་གསུངས་སོ།།
            དཔྱལ་ཀུན་དགའ་གྲགས། སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་སྟེ། བླ་མ་ཀུན་དགའ་རྡོ་རྗེའི་སྲས་གསུམ་གྱི་གཅེན་ནི་ལོ་ཙཱ་བ་འདི་ཉིད་ཡིན་ཞིང་། འདི་ཉིད་ཀྱི་སྲས་ལྔའི་བར་པ་དེ་ལོ་ཙཱ་བ་དཔྱལ་ཆོས་བཟང་ཡིན་པ་《མྱང་ཆོས་འབྱུང་》དུ་གསུངས།(27) འདི་ཉིད་ཀྱི་འགྱུར་ལ། བསྟན་འགྱུར་ལས། དབུ་མ་ར་པོད་དུ། དབུ་མ་འཇུག་པའི་འགྲེལ་བཤད་ཅེས་བྱ་བ་ཁ་ཆེའི་པཎྜི་ཏ་ཆེན་པོ་ཛ་ཡ་ཨཱ་ནནྟས་མཛད་པ་རྣམས་སོ།།
            ལྕེ་ལོ་ཙཱ་བ་ཀླུ་མེས། ལོ་རྒྱུས་ཡིག་ཚང་དུ་ལྕེའི་ཁྱིམ་རྒྱུད་ནས་བྱོན་པའི་ལོ་ཙཱ་བའི་མཚན་གྱི་གོང་སྒྲིག་ལུགས་ལ་གཞིགས་ན་ལོ་ཙཱ་བ་འདི་ཉིད་ལྕེ་དགའ་བའི་དཔལ་དང་ལྕེ་བཀྲ་ཤིས་བརྩེགས་པ་དཔལ་གཉིས་ཀྱི་བར་དུ་བཞུགས་འདུག་པས།(28) དུས་རབས་བཅུ་གཅིག་པའི་ནང་བྱོན་པ་ཡིན་དགོས་ཤིང་། འདི་ཉིད་ལ་འགྱུར་གང་བཞུགས་ཀྱི་ཚུལ་རྣམས་ཞིབ་ཏུ་མ་རྙེད།
            དཔྱལ་ཆོས་ཀྱི་བཟང་པོ། སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་སྟེ། དཔྱལ་ལོ་ཙཱ་བ་ཀུན་དགའ་གྲགས་ཀྱི་སྲས་ལྔའི་བར་པ་ལོ་ཙཱ་བ་འདི་ཉིད་ཡིན་པ་གོང་དུ་སོང་ཟིན་ལ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ་ལ་བོད་དུ་སློབ་མ་མཆོག་ཏུ་གྱུར་བའི་བཀའ་ཟབ་མོ་བབས་པ་ནི། ས་པཎ་ལ་ཚད་མའི་བཀའ་བབས།བྱང་རྡོར་རྣམ་གཉིས་ལ་འདུལ་བའི་བཀའ་བབས། ཁྲོ་ལོ་བྱམས་པའི་དཔལ་ལ་མན་ངག་གི་བཀའ་བབས། དཔྱལ་ལོ་ཆོས་བཟང་ལ་རྒྱུད་ཀྱི་བཀའ་བབས་སོ།། དཔྱལ་ལོས་ནཱ་རོ་འགྲེལ་ཆེན་བསྒྱུར་བ་སོགས་རྒྱུད་འགྲེལ་མང་དུ་བསྒྱུར་རོ་ཞེས་《མྱང་ཆོས་འབྱུང་》དུ་གསལ།(29) 
            སྐྱོ་ལོ་ཙཱ་བ་འོད་འབྱུང་། འཁྲུངས་འདས་ཀྱི་ལོ་ཚིགས་སོགས་མ་རྙེད་ཀྱང་ལོ་རྒྱུས་ཡིག་ཚང་ཁྲོད་དོན་གྱི་བྱུང་རིམ་གྱི་གོང་སྒྲིག་སྟངས་ལ་དབྱེ་ཞིབ་བྱས་ན་ཧ་ལམ་དུས་རབས་བཅུ་གཅིག་པའི་ནང་བྱོན་པ་འདྲ་ལ། 《ཉང་ཆོས་འབྱུང་》དུ། སྐྱོ་ལོ་ཙཱ་བ་འོད་འབྱུང་གིས་ཀྱང་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་སྔ་ཕྱི། དཀྱིལ་འཁོར་གྱི་ཆོ་ག སྒྲུབ་ཐབས་རྣམས།གསང་སྔགས་གནད་ཀྱི་གདམས་པ་རྣམས་བསྒྱུར་(30)ཞེས་མཐོང་ངོ་།།
            གཉོས་ཡོན་ཏན་གྲགས། འདི་ཉིད་གཉོས་འབྱུང་པོའི་ཕྱིས་ཙམ་སྟེ་ཧ་ལམ་དུས་རབས་བཅུ་གཉིས་ཡས་མས་སུ་བྱོན་པར་མཐོང་ཞིང་། 《ཉང་ཆོས་འབྱུང་》དུ། གཉོས་ཡོན་ཏན་གྲགས་ཀྱིས་གཤིན་རྗེ་ནག་པོ་སྐོར་གསུམ་དང་། ཆོས་སྐྱོང་གུར་མགོན་པོ་ལ་སོགས་པ་མང་པོ་བསྒྱུར་རོ།།(31) ཞེས་འཁོད་པར་གཟིགས་ན་ལོ་ཙཱ་བ་འདི་ཉིད་ཀྱིས་གསང་རྒྱུད་ཀྱི་གདམས་པ་སོགས་གཞུང་མང་དུ་བསྒྱུར་ཡོད་ངེས་སོ།། དེང་གི་བཀའ་བསྟན་པར་གཞི་ཁག་ནང་བསྡུ་སྒྲིག་བྱས་དང་མ་བྱས་ཀྱི་འགྱུར་ཆོས་མང་པོའི་འགྱུར་བྱང་དང་དེ་མིན་གྱི་ལོ་རྒྱུས་ཡིག་ཚང་སོགས་ལ་བལྟས་ན་གོང་ཞུས་དང་འདྲ་བའི་ལོ་ཙཱ་བ་མང་པོ་ཞིག་གི་མཛད་ཕྲིན་མཐོང་ཐུབ་ཅིང་། དེ་དག་གི་ལོ་ཙཱའི་ཐད་ཀྱི་མཛད་འཕྲིན་ཡང་ཅིས་ཀྱང་མངོན་དུ་ཕྱུང་སྟེ་ཞིབ་འཇུག་གི་ལམ་དུ་འདྲེན་དགོས་པར་བསམ་ནས་འདིར་དཔེ་མཚོན་ཙམ་བཀོད་པ་ལགས་ན། གཤམ་དུ་དུས་རབས་རིམ་བྱུང་གི་མཁས་པའི་ཁྲོད་ལོ་ཙཱ་བའི་མཚན་ཕྱོགས་གཅིག་ཏུ་བསྡུ་རུབ་བྱེད་མཁན་དག་གིས་མཚན་གྲས་སུ་མ་བགྲངས་ཤིང་ལོ་ཙཱའི་ཐད་ངེས་པ་དོན་དང་ལྡན་པའི་མཛད་པ་རླབས་པོ་ཆེ་མངའ་བའི་སྐྱེས་ཆེན་དམ་པའི་གྲལ་ལས་རང་གི་མཐོང་ཚོད་དུ་གྱུར་བའི་ལོ་ཙཱ་བ་དགུ་བཅུ་ལྷག་གི་མཚན་རྣམས་དཔྱད་གཞིར་འགོད་རྒྱུ་ཡིན།
གསུམ་པ། སྔོན་གྱི་ཡིག་ཚང་གི་བཞེད་ལུགས་དཔྱད་བསྡུར་དང་ལོ་ཙཱ་བའི་མཚན་གྲངས་གསབ་བཅོས།
            བསྟན་པ་ཕྱི་དར་གྱི་སྐབས་སུ་བྱོན་པའི་ལོ་ཙཱ་བའི་གྲངས་ལ་《བུ་སྟོན་ཆོས་འབྱུང་》དུ་ལོ་ཆེན་རིན་ཆེན་བཟང་པོ་ནས་ལེགས་པའི་དཔལ་གྱི་བར་དུ་ལོ་ཙཱ་བ་བརྒྱ་དང་སོ་བདུན་བྱོན་པའི་མཚན་ཐོ་བཀོད་ཡོད་ཅིང་།(32) 《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ་ལོ་ཆེན་རིན་བཟང་ནས་དཔའ་བོ་གཙུག་ལག་ཕྲེང་བ་ཁོང་ཉིད་ཀྱི་མཁན་པོ་ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོའི་བར་བོད་ཀྱི་ལོ་ཙཱ་བ་བརྒྱ་དང་རེ་བརྒྱད་ཀྱི་མཚན་ཐོ་བཀོད་ཡོད།(33) 《ཆོས་འབྱུང་དཔག་བསམ་ལྗོན་བཟང་》ལྟར་ན་ལོ་ཆེན་རིན་བཟང་ནས་འདར་ལོ་ངག་དབང་ཕུན་ཚོགས་བར་བོད་རང་གི་ལོ་ཙཱ་བ་བརྒྱ་དང་ང་དགུ་བྱོན་པར་གསུངས་ཤིང་།(34) 《སྡེ་དགེ་བསྟན་འགྱུར་གྱི་དཀར་ཆག་》ཏུ་ལོ་ཆེན་རིན་བཟང་ནས་འདར་ལོའི་བར་བོད་རང་གི་ལོ་ཙཱ་བ་བརྒྱ་དང་ང་བདུན་བྱོན་པར་བསྟན་པ་(35)སོགས་དུས་རབས་མི་འདྲ་བའི་ཡིག་ཚང་གི་བཞེད་ལུགས་ཀྱང་མི་འདྲ་བ་མང་དུ་བྱུང་ཡོད་ཀྱང་། 《དུང་དཀར་ཚིག་མཛོད་ཆེན་མོ་》རུ་གོང་བསྟན་བུ་སྟོན་གྱི་ལུགས་ལྟར་ལོ་ཙཱ་བ་བརྒྱ་དང་སོ་བདུན་གྱི་སྟེང་《ཉང་ཉི་མ་འོད་ཟེར་གྱི་ཆོས་འབྱུང་》དུ་མཚན་གསར་དུ་ཐོན་པ་བཅོ་བརྒྱད་དང་། དགའ་ལྡན་ཁྲི་ཆེན་འོད་ཟེར་གྱིས་རབ་བྱུང་དགུ་བའི་མེ་བྱི་ལོར་མཛད་པའི་《བསྟན་རྩིས་གསལ་བའི་སྒྲོན་མེ་》དབུ་མེད་བྲིས་མའི་ཤོག་གྲངས་143ནས་མཚན་གསར་དུ་ཐོན་པ་བཅུ་དྲུག་དང་། 《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ་གསར་དུ་ཐོན་པའི་ལོ་ཙཱ་བ་བདུན། སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་《སྡེ་དགེ་བསྟན་འགྱུར་དཀར་ཆག་》ཏུ་དེའི་སྟེང་ལོ་ཙཱ་བ་གཉིས་བཅས་ཁ་སྣོན་མཛད་མཐར་བསྡོམས་པའི་ལོ་ཙཱ་བ་བརྒྱ་དང་བརྒྱད་ཅུའི་མཚན་བགྲངས་ཤིང་། དེ་ལ་ཁོང་ཉིད་ཀྱིས་གསར་དུ་ལོ་ཙཱ་བ་ལྔ་ཁ་སྣོན་མཛད་དེ་བསྟན་པ་ཕྱི་དར་གྱི་སྐབས་སུ་ཁྱོན་བསྡོམས་པའི་ལོ་ཙཱ་བ་བརྒྱ་དང་གྱ་ལྔའི་མཚན་བགྲངས་ཡོད་པ་མཐོང་།(36)
            ཡིག་ཚང་དེ་དག་ལས་ཅུང་ཁ་གསལ་བ་《བུ་སྟོན་ཆོས་འབྱུང་》ཉིད་གཞིར་བཟུང་གིས་ཕྱིས་ཀྱི་ཡིག་ཚང་ལས་མཐོང་བའི་ལོ་ཙཱ་བའི་མཚན་ཁ་གསབ་དང་དེ་རྣམས་གསེད་བཀྲོལ་ཅུང་ཙམ་བགྱིས་ན། ཀུན་མཁྱེན་བུའི་ཆོས་འབྱུང་དུ་ལོ་ཙཱ་བ་བརྒྱ་དང་སོ་བདུན་གྱི་མཚན་བགྲངས་པ་དང་། དེ་ལ་《དུང་དཀར་ཚིག་མཛོད་ཆེན་མོ་》རུ་《ཉང་ཉི་མ་འོད་ཟེར་གྱི་ཆོས་འབྱུང་》ལྕགས་དཔར་མའི་ཤོག་གྲངས་392ནས་མཚན་གསར་དུ་ཐོན་པ་བཅོ་བརྒྱད་ཡོད་(37)ཅེས་བསྟན་མོད། ཡིག་སྐྱོན་ཤོར་རམ་ཡང་ན་དཔར་གཞི་མ་འདྲ་བ་ཅི་ཡིན་ཆ་མ་འཚལ་ཡང་ཤོག་གྲངས་དེ་ཉིད་དུ་མཐོང་རྒྱུ་མ་བྱུང་ཞིང་། ཆོས་འབྱུང་དེ་ཉིད་དུ་གཙོ་བོ་བསྟན་པ་སྔ་དར་གྱི་བྱུང་རིམ་བརྗོད་པ་དང་། མཇུག་གི་བཅུ་ཆའི་གཅིག་ཙམ་དུ་བསྟན་པ་ཕྱི་དར་མགོ་ཚུགས་པ་ནས་ཆོས་འབྱུང་དེ་ཉིད་རྩོམ་པའི་བར་གྱི་བྱུང་བ་བསྟན་པའི་སྐབས་སུ་འབྲེལ་ཡོད་ལོ་ཙཱ་བ་རེ་འགའི་མཚན་བཀོད་པ་རྣམས་ཞིབ་ཏུ་བསྡུར་ན། དེ་རུ་《བུ་སྟོན་ཆོས་འབྱུང་》དུ་མ་བགྲངས་པའི་ལོ་ཙཱ་བ་གཉན་ཆུང་ལོ་ཙཱ་བ་ཤེས་རབ་གྲགས་དང་། ཞང་ཤེས་རབ་བླ་མ། གཉོས་ཡོན་ཏན་གྲགས། གཉོས་ལོ་ཙཱ་བ་འབྱུང་པོ། དཔྱལ་ལོ་ཙཱ་བ་བསོད་ནམས་རྒྱལ་མཚན། ལོ་ཙཱ་བ་ཤེས་སྟོན་བྱང་ཆུབ་འབར། སྐྱོ་ལོ་ཙཱ་བ་འོད་འབྱུང་། ལེང་ལོ་ཙཱ་བ་ཤཱཀྱ་བརྩོན་འགྲུས། རུ་པ་ལོ་ཙཱ་བ་ཤེས་རབ་དཔལ། ལོ་ཙཱ་བ་ཡོང་ཞེས་གསལ་བ། ལོ་ཙཱ་བ་ཉི་མ་དངོས་གྲུབ། དགེ་འུ་ལོ་ཙཱ་བ། ལོ་ཙཱ་བ་ཀྱི་བྱེ་མ་ལུང་པ། འབྲོག་མིའི་སྲས་པོ་ལོ་ཙཱ་བ་ཙད་ཙ་ཡེ་ཤེས་རྡོ་རྗེ། ལོ་ཙཱ་བ་བར་སྟོན་ཐོས་པ་དགའ། ཡུ་ཆེར་ལོ་ཙཱ་བ། སྒ་ལོ་ཙཱ་བ་བསོད་ནམས་ཚུལ་ཁྲིམས་གྲགས། ལོ་ཙཱ་བ་འཕགས་མཆོག ལོ་ཆུང་ཤཱཀྱ་རྒྱལ་པོ་སོགས་ལོ་ཙཱ་བ་བཅུ་དགུའི་མཚན་གསལ་བར་མཆིས། ཡང་དགའ་ལྡན་ཁྲི་ཆེན་འོད་ཟེར་གྱིས་རབ་བྱུང་དགུ་བའི་མེ་བྱི་(1516)ལོར་མཛད་པའི་《བསྟན་རྩིས་གསལ་བའི་སྒྲོན་མེ་》དབུ་མེད་བྲིས་མའི་ཤོག་ངོས143པར་མཚན་གསར་དུ་ཐོན་པ་བཅུ་དྲུག་ཞེས་དུང་དཀར་རིན་པོ་ཆེས་གསུངས་མོད་ཀྱང་། དཔེ་ཆ་དངོས་ལག་སོན་མ་བྱུང་བས་བསྡུར་ཐབས་བྲལ་ཡང་། 《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ་གོང་གི་ཆོས་འབྱུང་དེ་གཉིས་ལས་མ་བགྲངས་པའི་ལོ་ཙཱ་བ་ལ། སེ་ལོ་ཙཱ་བ་དང་། སྟེང་ལོ་ཚུལ་ཁྲིམས་འབྱུང་གནས། རྒྭ་ལོ་གཞོན་ནུ་དཔལ། རོང་གླིང་ལོ་ཙཱ། ཤོ་རིམ་ལོ་ཙཱ། དཀར་ལོ་ཙཱ་བ། ཞང་དགེ་བ། ཨོ་རྒྱན་པ་རིན་ཆེན་དཔལ། དབུས་པ་བློ་གསལ། སྟག་ལུང་པ་ཤཱཀྱ་བཟང་པོ། བུ་སྟོན་ཐམས་ཅད་མཁྱེན་པ། ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། ཇོ་ནང་བློ་གྲོས་རྒྱལ་མཚན། ས་བཟང་བློ་གྲོས་དཔལ། འབྲི་ཁུར་ལོ་ཙཱ་བ། ཀུན་སྤངས་གྲགས་པ་རྒྱལ་མཚན། ཡར་ལོ་གྲགས་པ་རྒྱལ་མཚན། ལོ་ཆེན་བྱང་ཆུབ་རྩེ་མོ། བོ་དོང་གྲགས་པ་རྒྱལ་མཚན། སྣར་ཐང་བ་སི་གྷ་ཤྲཱི། ལོ་ཆེན་སྐྱབས་མཆོག་དཔལ་བཟང་། ཆོས་འཁོར་སྣང་བ་ཤེས་རབ་རིན་ཆེན། འགོས་ལོ་ཙཱ་བ་གཞོན་ནུ་དཔལ། ཁྲིམས་ཁང་བ་བསོད་ནམས་རྒྱ་མཚོ། ཆག་ལོ་རིན་ཆེན་ཆོས་རྒྱལ།ཞ་ལུ་ལོ་ཆེན་ཆོས་སྐྱོང་དཔལ་བཟང་པོ། སྨྱལ་ལོ་ཙཱ་བ།(སྤྱལ་ལམ་དཔྱལ་ལ་ཐེ་ཚོམ་མོ།།)རྒྭ་ཆུང་(རྣམ་རྒྱལ་རྡོ་རྗེ་)དང་བཅས་ཉེར་བརྒྱད་ཁ་བསྣན་མཛད་པས་བརྒྱ་དང་གྱ་བཞི་དང་། 《མྱང་ཆོས་འབྱུང་》དུ་གསར་དུ་ཐོན་པའི་ལོ་ཙཱ་བ་དཔྱལ་པེ་ཙ་དམར་བ་རུའམ་དཔྱལ་འབྱུང་གནས་རྒྱལ་མཚན་དང་། དཔྱལ་ཀུན་དགའ་རྡོ་རྗེ། ཐར་པ་ལོ་ཙཱ་བ་ཨ་མོ་ཉ་སིངྔྷ། ལོ་སྟོན་རྡོ་རྗེ་དབང་ཕྱུག ལྕེ་ལོ་ཙཱ་བ་ཀླུ་མེས། ལྕེ་བཀྲ་ཤིས། གཉགས་ལོ་ཙཱ་བ་ཆེན་པོ། གཉགས་ཆུང་ལོ་ཙཱ་བ། ལོ་ཙཱ་བ་ཁའོ་ཆེ། སྨོན་འགྲོ་ལོ་ཙཱ་བ་མར་པ་རྡོ་རྗེ་ཡེ་ཤེས་དང་བཅས་ཏེ་བཅུ་དང་།(38) སྣར་ཐང་དང་སྡེ་དགེ་བཀའ་བསྟན་དཀར་ཆག་ལས་མཐོང་ཞིང་གོང་དུ་མ་ཚུད་པའི་ལོ་ཙཱ་བ་སོ་གསུམ་ལྷག་བཞུགས་པ་སྟེ།(39)དེ་མིན་གོང་གི་དེ་དག་ཏུ་མ་འདུས་པའི་ཡིག་ཚང་གཞན་དུ་གསལ་བའི་ལོ་ཙཱ་བ་དཔྱལ་ཀུན་དགའ་གྲགས་པ་དང་། ཚོགས་ཆག་ཆུང་བ། སྐྱོབ་པ་དཔལ་བཟང་། ཁམས་པ་ལྡི་རི་ཆོས་གྲགས། དཔྱལ་པདྨོ་ཅན། ཞང་འོར་སྟོན་པ་ཤེས་རབ་བསོད་ནམས། འབྲོ་བྷི་མི་བྷི། བསོད་ནམས་སེང་གེ རྦ་ཡེ་ཤེས་བཟང་པོ། ལྷ་མཐོང་ལོ་ཙཱ་བ། སྒེག་པའི་དཔལ། རྔོག་མདོ་སྡེའམ་རྔོག་ཞེ་སྡང་རྡོ་རྗེ། བསོད་ནམས་འོད་ཟེར། ཚུལ་ཁྲིམས་བཀྲ་ཤིས། འགྲོ་མགོན་ཆོས་རྒྱལ་འཕགས་པ། ལོ་མཆོག་པ། འབྲོག་མི་ཇོ་སྲས། སྒྲ་པ་ནམ་མཁའ་བཟང་པོ། ཤབ་སྨད་ལོ་ཙཱ་བ་ཐུགས་རྗེ་དཔལ། འཇམ་དཔལ་གོ་ཆ། ནམ་མཁའ་རྡོ་རྗེ། མི་ཉག་ཆེན་པོ། དགེ་སློང་འཕགས་པ། མངའ་རིས་རྡོ་རྗེ་དཔལ། ཆོས་ཀྱི་རྒྱལ་མཚན། གཞོན་ནུ་འོད། པུ་རངས་བསོད་ནམས་བློ་གྲོས།འཇམ་དཔལ་སྒེག་པའི་རྡོ་རྗེ། འཇམ་དབྱངས་རལ་གྲི། བློ་གྲོས་རྒྱལ་མཚན། བླ་མ་རིན་ཆེན་གྲགས་གུ་ཤྲཱི། ཐུགས་རྗེ་དཔལ་བཟང་པོ། ཚུལ་ཁྲིམས་གཞོན་ནུ། ཨཱ་ཙརྱ་རིན་ཆེན་མཆོག མཁའ་འགྲོ་རྡོ་རྗེ། སྦྱིན་པ་ཚུལ་ཁྲིམས། རབ་མཆོག་དཔལ་བཟང་། ས་བཟང་བློ་གྲོས་རྒྱལ་མཚན། གཞོན་ནུ་མཆོག ཡེ་ཤེས་སེམས་དཔའ། ཆོས་འཁོར་འཇམ་དཔལ་ཡེ་ཤེས། འོར་སྟོན་ཆོས་འབྱུང་། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། རྒྱ་མཚོའི་སྡེ། བླ་བན་ཆོས་ཀྱི་བརྩོན་འགྲུས། ལོ་ཆེན་གྲགས་པ་རྒྱ་མཚོ།(ཞ་ལུ་ཆོས་སྐྱོང་བཟང་པོའི་བཤེས་གཉེན།) དཔལ་ཁང་ལོ་ཙཱ་བ། ཤེའུ་ལོ་ཙཱ་བ་ཀུན་དགའ་ཆོས་གྲགས། རྗེ་བཙུན་ཀུན་དགའ་སྙིང་པོ། སྨིན་གླིང་ལོ་ཆེན་ངྷརྨ་ཤྲི། མཁར་ནག་ལོ་ཙཱ་བ་དཔལ་འབྱོར་རྒྱ་མཚོ། འབེ་ལོ་ཙཱ་བ་ཚེ་དབང་ཀུན་ཁྱབ། སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས། ལྕང་སྐྱ་རོལ་པའི་རྡོ་རྗེ། མཁས་དབང་དགེ་འདུན་ཆོས་འཕེལ་བཅས་ལོ་ཙཱ་བ་ང་དྲུག་དང་བཅས་འདིར་བསྟན་པ་ཕྱི་དར་གྱི་དུས་སྐབས་སུ་བྱོན་པའི་ལོ་ཙཱ་བ་ཉིས་བརྒྱ་དང་གྱ་གཉིས་ཀྱི་མཚན་བགྲངས་པ་དང་། ཁོང་རྣམ་པས་ཕྱིའི་རིག་གནས་ནང་འདྲེན་གྱིས་བོད་ཀྱི་ཤེས་རིག་དར་སྤེལ་གྱི་ཡང་རྩེར་བསྐྱལ་བ་ལ་མཛད་རྗེས་བླ་ན་མེད་པ་གནང་ཡོད་དོ།།
མཇུག་སྡུད་པ།
            ཇི་སྐད་དུ་དཔའ་བོ་གཙུག་ལག་ཕྲེང་བས། འདི་ཕྱིན་རང་རང་གི་ཕྱོགས་གཞུང་ནས་མཆིང་བུ་ནོར་བུའི་གྲལ་དུ་འཛུད་པ་མ་ཡིན་པའི་ལོ་པཎ་ཚད་ལྡན་མཐོང་ན་བསྣན་པར་བྱ་(40)ཞེས་གསུངས་པ་བཞིན། ལོ་རྒྱུས་ཀྱི་དུས་ཟིང་འདྲ་མིན་སྣ་ཚོགས་བརྒྱུད་ནས་འོངས་པའི་ད་ཡོད་ཡིག་ཚང་གིས་བོད་ཀྱི་ཡིག་ཚང་སྤྱིའི་སུམ་ཆའི་གཅིག་ཙམ་ཡང་ཟིན་དཀའ་ཚོད་དུ་འདུག་པས། ལོ་ཙཱ་བ་རྣམས་ཆ་ཚང་ངོས་འཛིན་དང་ཁོང་ཅག་གི་མཛད་པ་ཞིབ་མོ་ཞིག་དེང་གི་དུས་སུ་ཡོང་ཚོད་མིན་ན། འདིར་ནི་ལོ་ཙཱའི་ལས་གཉེར་མཁན་བརྒྱ་སྟོང་མང་པོ་བྱོན་པའི་གྲས་ནས་བཀའ་བསྟན་གྱི་འགྱུར་བྱང་གཙོ་བྱས་ཤིང་། དེའི་སྟེང་སྔོན་གྱི་ཆོས་འབྱུང་དང་ལོ་རྒྱུས་ཀྱི་དེབ་ཐེར་ཁག་ཅིག་གཞིར་བྱས་ཏེ་རང་གི་མཐོང་སྣང་དུ་གྱུར་བའི་མིང་དོན་གྱི་ལོ་ཙཱ་བ་ཁག་ཅིག་གི་མཚན་ཐོ་བཀོད་པ་ཡིན་ལ། ལོ་ཙཱ་བའི་མཚན་གསར་དུ་རྙེད་པ་མུ་མཐུད་ཁ་གསབ་བྱེད་ཐུབ་ན་ནི་དེ་ལ་བརྟེན་ནས་གནད་དོན་མི་ཉུང་ཙམ་རྩད་གཅོད་ནུས་པའི་ཕྱིར། ཁོ་བོས་འདིའི་ཐད་ལ་ཡིག་ཚང་གི་ཁུངས་རྒྱ་བསྐྱེད་དེ་གོང་འཕྲོས་ལ་གསབ་བཅོས་ཀྱི་ལས་ཀྱང་མུ་མཐུད་དུ་བགྱི་བཞིན་པ་ན། མཁས་པ་དག་གིས་ཡར་སྐུལ་གྱི་དགོངས་འཆར་ལྷུག་པོར་གནང་རྒྱུའི་རེ་བའང་ཞུའོ།།
གསལ་བཤད། ལོ་ཙཱ་བའི་མཚན་བསྡུ་རུབ་ཀྱི་སྐབས་སུ་ཆོས་འབྱུང་དང་ལོ་རྒྱུས་ཡིག་ཚང་ལས་གཞན་ད་དུང་བཀའ་བསྟན་པར་གཞི་ཁག་མི་འདྲ་བ་དུ་མ་དཔྱད་གཞིར་བཟུང་བ་དང་། རྩོམ་དུ་བཀོད་པའི་འགྱུར་ཆོས་རྣམས་སྡེ་དགེའི་བཀའ་བསྟན་ལ་གཞི་བྱས་པས་ན། གོང་གི་དངོས་གཞིའི་སྐབས་བསྟན་པའི་པོད་རྟགས་དང་བཅས་པ་ཡང་པར་གཞི་དེ་ཉིད་དང་མཐུན་ནོ།།
མཆན་འགྲེལ།
            ①ཚེ་ཏན་ཞབས་དྲུང་། 《བསྟན་རྩིས་ཀུན་ལས་བཏུས་པ།》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1982 ཤ་150
            ②སྒྲ་སྦྱོར་བམ་གཉིས་ལས་དེ་ནི་ལྷ་ཡེ་ཤེས་རྒྱལ་མཚན་ཞུ་བ་དེ་ཡིན། བུ་སྟོན་གྱིས་《ཡིད་བཞིན་ནོར་བུ་》ཡི་ནང་ལྷ་རིན་པོ་ཆེ་ཞེས་པའི་ལོ་ཙཱ་བ་ཞིག་ཡོད་ཚུལ་གསུངས་ཡོད།
            ལོ་ཙཱ་བ་དེའི་མཚན་ལས་ཁོང་ནི་རྒྱལ་པོ་ཚང་གི་ཁོངས་མི་ཞིག་ཡིན་ཚུལ་བསྟན་ནའང་དེ་ཡང་སྙིང་སུ་ཡིན་གསལ་བོར་བཤད་ཐུབ་མེད། ཅེས་མཁར་རྨེའུ་བསམ་གཏན་གྱི་གསུང་རྩོམ་《མདའ་དང་འཕང་》གི་སྟོད་ཆའི་ཤོག་ངོས་58ལས་དྲངས། ཁོང་གིས་འདི་ཉིད་ཀྱི་ལོ་རྒྱུས་ལ་དཔྱད་པ་ཅུང་ཙམ་གནང་བ་ནི་《མདའ་དང་འཕང་》གི་སྟོད་ཆའི་ཤོག་ངོས་57ནས་98བར་གསལ།
            ③⑧དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན།》 མི་རིགས་དཔེ་སྐྲུན་ཁང་། 2006 ཤ་273 ཤ་273
            ④⑥ཇོ་ནང་ཏཱ་ར་ན་ཐ། 《མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་ངོགས།》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1983 ཤ་138 ཤ་129
            ⑤ཉང་ཉི་མ་འོད་ཟེར། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1988ལོའི་པར་གཞི་ཐོག་མ་དང་2010ལོའི་དཔར་ཐེངས་གཉིས་པ། ཤ་444
            ⑦དུང་དཀར་བློ་བཟང་འཕྲིན་ལས། 《དུང་དཀར་ཚིག་མཛོད་ཆེན་མོ།》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002 ཤ་473
            ⑨རྟ་ཚག་ཚེ་དབང་རྒྱལ། 《ལྷོ་རོང་ཆོས་འབྱུང་།》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1994 ཤ་331
            ⑩དུང་དཀར་བློ་བཟང་འཕྲིན་ལས། 《དུང་དཀར་ཚིག་མཛོད་ཆེན་མོ།》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002 ཤ་213
            ⑾⒀⒂ཇོ་ནང་ཏཱ་ར་ན་ཐ། 《མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་ངོགས།》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1983ཤ་138 ཤ་128 ཤ་113-115
            ⑿⒁ཉང་ཉི་མ་འོད་ཟེར། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1988ལོའི་པར་གཞི་ཐོག་མ་དང་2010ལོའི་དཔར་ཐེངས་གཉིས་པ། ཤ་440-441 ཤ་441
            ⒃⒇ཉང་ཉི་མ་འོད་ཟེར། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1988ལོའི་པར་གཞི་ཐོག་མ་དང་2010ལོའི་དཔར་ཐེངས་གཉིས་པ། ཤ་444 ཤ་442
            ⒄⒅ཇོ་ནང་ཏཱ་ར་ན་ཐ། 《མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་ངོགས།》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1983 ཤ་192ཤ་192
            ⒆ ཇོ་ནང་ཏཱ་ར་ན་ཐ། 《མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་ངོགས།》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1983 ཤོག་ངོས་192ནས་193བར་དུ་གསལ། དེར་གཉགས་རུས་ཀྱི་ལོ་ཙཱ་བ་འདི་གཉིས་བསྟན་པ་ཕྱི་དར་ཀྱི་སྐབས་སུ་བསྟན་ཡོད་པས་ཀུ་མ་ར་སོགས་དང་འཁྲུལ་བའི་ཐེ་ཚོམ་བསལ།
            (21)(22)(24)(25)(26)ཉང་ཉི་མ་འོད་ཟེར། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1988ལོའི་པར་གཞི་ཐོག་མ་དང་2010ལོའི་དཔར་ཐེངས་གཉིས་པ། ཤ་444 ཤ་442 ཤ་445 ཤ་444 ཤ་442
            (23)(27)ཇོ་ནང་ཏཱ་ར་ན་ཐ། 《མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་ངོགས།》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1983 ཤ་139 ཤ་140
            (28)(29)ཇོ་ནང་ཏཱ་ར་ན་ཐ། 《མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་ངོགས།》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1983 ཤ་162 ཤ་141
            (30)(31)ཉང་ཉི་མ་འོད་ཟེར། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1988ལོའི་པར་གཞི་ཐོག་མ་དང་2010ལོའི་དཔར་ཐེངས་གཉིས་པ། ཤ་433 ཤ་441
            (32)བུ་སྟོན་རིན་ཆེན་གྲུབ། 《བུ་སྟོན་ཆོས་འབྱུང་།》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1988ལོའི་ཟླ་3པར་དཔར། ཤོག་ངོས་208ནས་211བར་དུ་གསལ།
            (33)དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན།》 མི་རིགས་དཔེ་སྐྲུན་ཁང་། 2006 ཤ་271ནས་275བར་བཅས་སུ་གསལ།
            (34)སུམ་པ་ཡེ་ཤེས་དཔལ་འབྱོར། 《ཆོས་འབྱུང་དཔག་བསམ་ལྗོན་བཟང་།》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1982ལོའི་ཟླ་12པར་དཔར། ཤ་780-87
            (35)ཞུ་ཆེན་ཚུལ་ཁྲིམས་རིན་ཆེན། 《སྡེ་དགེའི་བསྟན་འགྱུར་དཀར་ཆག》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1985ལོར་དཔར། ཤ་161-63
            (36)(37)དུང་དཀར་བློ་བཟང་འཕྲིན་ལས། 《དུང་དཀར་ཚིག་མཛོད་ཆེན་མོ།》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002 ཤ་213 ཤ་213
            (38)《མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་ངོགས་》སུ་འབྲི་ཁུང་ལོ་ཙཱ་བ་མ་ཎི་ཤྲི་ཀ་ཞེས་པ་དེ་ཉིད་《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ་འབྲི་ཁུར་ལོ་ཙཱ་བ་ཞེས་པ་དང་གང་ཟག་གཅིག་གི་མཚན་བྲིས་ནོར་བྱུང་བར་སྙམ་སྟེ་ཟུར་དུ་བཀོད་མེད།
            (39)སྡེ་དགེ་དང་སྣར་ཐང་བཀའ་བསྟན་དཀར་ཆག་ལས་མཐོང་ཞིང་གོང་དུ་མ་ཚུད་པའི་ལོ་ཙཱ་བ་སོ་གཉིས་ཀྱི་མཚན་ཐོ་གཤམ་ལྟར། ལོ་ཙཱ་བ་ཁྱུང་ལྦེར་རིན་ཆེན་བཟང་པོ། རྗེ་མི་ཉག་ལོ་ཙཱ་བ། རིན་ཆེན་རྒྱལ་མཚན། གཞོན་ནུ་ཚུལ་ཁྲིམས། བནྡེ་ཆོས་ཀྱི་དབང་ཕྱུག་གྲགས་པ། ལོ་ཙཱ་བ་སེང་གེ་རྒྱལ་མཚན། དབང་ཕྱུག་རྒྱལ་མཚན། ལོ་ཙཱ་བ་བྱའི་གློང་པ་ཅན།(བྱའི་གདོང་ཅན་ཞེས་པ་དེ་ཨེ་ཡིན་སྙམ།) ཞུ་ཆེན་གྱི་ལོ་ཙཱ་བ་ཆེ་བཙན་སྐྱེས། ལོ་ཙཱ་བ་མི་མཉམ་བཟང་པོ། དཔལ་གྱི་བཟང་པོ། ལོ་ཙཱ་བ་གཡུང་དྲུང་སྙིང་པོ། ལོ་ཙཱ་བ་ངག་དབང་ཕུན་ཚོགས་ལྷུན་གྲུབ། གླན་ཆུང་དར་མ་ཚུལ་ཁྲིམས། ལོ་ཙཱ་བ་དཔལ་གྱི་མཐའ་ཅན། ལོ་ཆེན་ཤེས་རབ་དབང་ཕྱུག ངྷརྨ་ཙནྡྲ། བསོད་ནམས་རྣམ་རྒྱལ། དཔལ་གྱི་སྙིང་པོ། གུ་ཎ་ཤྲཱི། ཚུལ་དགེ་རིན་ཆེན། ཆོས་ཀྱི་ཡོན་ཏན། འདར་བ་ངག་དབང་ཕུན་ཚོགས། དར་མ་རིན་ཆེན། བྱམས་པ་གླིང་བ། ཞ་ལུ་ཡེ་ཤེས་རྒྱ་མཚོ། རྩེད་ཐང་གཞོན་ནུ་དཔལ། གྲགས་པ་བྱང་ཆུབ། ལོ་ཙཱ་བ་ཞང་ཞུང་། དགེ་བཤེས་སྟོན་གཞོན། དགེ་སློང་འོད། དཔལ་དར་མ་ཡོན་ཏན། (འདི་ལ་སྡེ་དགེ་བསྟན་འགྱུར་དུ་རྒྱུད་ཀྱི་སྐོར་ན་འགྱུར་ཆོས་ཚན4ལྷག་བཞུགས་ཡོད་ལ། འགྱུར་བྱང་དུ་ཁོང་གི་བྱོན་ཡུལ་ངོས་བཟུང་བ་མ་མཐོང་ཞིང་། ཆོས་ཚན་གཅིག་གི་རྗེས་སུ་རྒྱ་གར་གྱི་མཁན་པོ་ཛ་ཡ་སེ་ནཱ་དང་དར་མ་ཡོན་ཏན་གྱིས་བསྒྱུར་བ་ཞེས་འཁོད་པ་ལ་འཁྲུངས་ཡུལ་རྒྱ་གར་དང་བོད་གང་ཡིན་ཐེ་ཚོམ་མོ།།) ལོ་ཙཱ་བ་གླང་དཔལ་གྱི་སེང་གེ་བཅས་སོ།།
            (40)དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན》མི་རིགས་དཔེ་སྐྲུན་ཁང་། 2006 ཤ275


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1