ཞི་ཅིན་ཕིང་གིས་ཉིས་སྟོང་བཅུ་དགུ་ལོའི་འཛམ་གླིང་ནུས་ཁུངས་གསར་བའི་རླངས་འཁོར་ཚོགས་ཆེན་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

རྩོམ་སྒྲིག་པ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 07-04


        ཉིས་སྟོང་བཅུ་དགུ་ལོའི་འཛམ་གླིང་ནུས་ཁུངས་གསར་བའི་རླངས་འཁོར་ཚོགས་ཆེན་ཚེས་གཉིས་ཉིན་ཧེ་ནན་པའོ་ཨའོ་ནས་ཚོགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་ཏེ། ཚོགས་ཆེན་ཚོགས་པར་ལྷག་བསམ་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས།
        ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་སྐོར་ཐེངས་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་བྱུང་བ་དང་བསྟུན་ནས། ནུས་ཁུངས་གསར་བའི་རླངས་འཁོར་ཐོན་ལས་དངོས་སུ་མགྱོགས་མྱུར་འཕེལ་རྒྱས་ཀྱི་དུས་རིམ་གསར་བར་སླེབས་པ་དེས། རྒྱལ་ཁབ་སོ་སོའི་དཔལ་འབྱོར་འཕར་སྣོན་ལ་སྟོབས་དང་ལྡན་པའི་སྒུལ་ནུས་འདོན་སྤྲོད་བྱེད་ཐུབ་པར་མ་ཟད། དྲོད་ཁང་གི་རླང་གཟུགས་ཕྱིར་གཏོང་ཚད་ཇེ་ཉུང་དུ་གཏོང་བར་རོགས་རམ་བྱེད་པ་དང་། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་ནས་འཛམ་གླིང་གི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་ཐུབ་ཟེར།
        ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོས་ལྷད་མེད་ཐན་ཉུང་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྐྱོད་པ་རྒྱུན་འཁྱོངས་བྱེད་བཞིན་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ནུས་ཁུངས་གསར་བའི་རླངས་འཁོར་ཚན་རྩལ་གསར་སྐྲུན་དང་འབྲེལ་ཡོད་ཐོན་ལས་ཀྱི་འཕེལ་ཚད་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་ནས། དག་གཙང་མཛེས་སྡུག་གི་འཛམ་གླིང་འཛུགས་སྐྲུན་བྱས་ཏེ། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་བྱས་རྗེས་སྔར་ལས་བཟང་བོ་འཇོག་འདོད་ཡོད། སྐུ་མགྲོན་རྣམས་ཀྱིས་བརྗེ་རེས་གཏིང་ཟབ་དང་ལྟ་ཚུལ་གཅིག་མཐུན། ནུས་ཁུངས་གསར་བའི་རླངས་འཁོར་ཐོན་ལས་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། ཚན་རྩལ་གསར་སྐྲུན་འཕེལ་རྒྱས་གྲུབ་འབྲས་ཀྱིས་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་དགོས་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1