ཐང་བོད་གནའ་ལམ་རྒྱུད་ཀྱི་ཞིང་ལྗོངས་བདུན་གྱི་རིག་དངོས་འགྲེམས་སྟོན།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 07-05



 ༄༅།།ཐང་བོད་གནའ་ལམ་རྒྱུད་ཀྱི་ཞིང་ལྗོངས་བདུན་གྱི་རིག་དངོས་འགྲེམས་སྟོན།


    ཟླ་7ཚེས་2ཉིན། གསར་འགོད་པས་ཉིང་ཞ་རྟེན་རྫས་བཤམས་མཛོད་ཁང་ནས་ཤེས་རྟོགས་བྱུང་གསལ། མཚོ་སྔོན་དང་ཧྲའན་ཞི། ཀན་སུའུ། སི་ཁྲོན། ཉིང་ཞ། ཤིན་ཅང་། བོད་ལྗོངས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་བདུན་གྱི་རིག་གནས་རྟེན་རྫས་བཤམས་མཛོད་ལས་ཁུངས་9ཡི་རིག་དངོས་200ཉེ་ཆར་དབྱིན་ཁྲོན་དུ་འགྲེམས་སྟོན་བྱས་ཤིང་། ཐང་བོད་གནའ་ལམ་གྱི་དར་ཞིང་རྒྱས་པའི་རྣམ་པ་གཅིག་བསྡུས་སུ་འགྲེམས་སྟོན་བྱས། འགྲེམས་སྟོན་ནི་ཟླ་10ཚེས་8ཉིན་བར་བྱ་རྒྱུ་རེད། 
    ངོ་སྤྲོད་བྱས་པར་གཞིགས་ན། ཐང་བོད་གནའ་ལམ་ནི་རང་རྒྱལ་གྱི་གནའ་ལམ་གྲགས་ཅན་གསུམ་གྱི་གྲས་ཤིག་ཡིན་པ་དང་། དེ་ནི་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་(དེང་གི་ཧྲའན་ཞི་ཞི་ཨན)ནས་འགོ་ཚུགས་ཤིང་། བོད་བཙན་པོའི་དུས་ཀྱི་ལྷ་ལྡན་གྲོང་ཁྱེར(དེང་གི་བོད་ལྗོངས་ལྷ་ས)ལ་གཏུག་ཡོད་པ་རེད། ལམ་ཐིག་སྤྱིའི་རིང་ཚད་ལ་སྤྱི་ལེ་3000ལྷག་ཡོད་པ་དང་། ལམ་བར་དུ་ཧྲའན་ཞི་དང་ཀན་སུའུ། མཚོ་སྔོན། སི་ཁྲོན། བོད་ལྗོངས་སོགས་ཞིང་ཆེན་(ལྗོངས་)བཅས་བརྒྱུད་ཡོད་ཅིང་། ཐང་རྒྱལ་རབས་ནས་བཟུང་དབུས་རྒྱུད་ས་ཁུལ་ནས་མཚོ་སྔོན་དང་བོད་ལྗོངས། ཐ་ན་བལ་ཡུལ་དང་རྒྱ་གར་སོགས་ས་ཁུལ་དང་རྒྱལ་ཁབ་ཏུ་འགྲོ་བར་ངེས་པར་དུ་བརྒྱུད་དགོས་པའི་འགྲོ་ལམ་ཡིན་ཞིང་། དར་གོས་འགྲུལ་ལམ་གྱི་ལྷོ་ལམ་དྲ་བའི་གྲུབ་ཆ་གལ་ཆེན་རེད་ལ། མི་རིགས་བར་གྱི་འབྲེལ་འདྲིས་དང་། རིག་གནས་སྤེལ་རེས། ཚོང་ལས་འགྲོ་འོང་། ཆོས་ལུགས་བརྒྱུད་སྤེལ། མི་རིགས་བར་གྱི་བརྩེ་བ་དང་ས་ཁུལ་གྱི་འབྲེལ་བར་རྒྱུན་འཛིན་བཅས་བྱེད་པའི་སྒྲོག་ཐག་ཀྱང་རེད། 

     ཐེངས་འདིའི་འགྲེམས་སྟོན་ནི་ཐང་བོད་གནའ་ལམ་གྱི་འབྱུང་རྐྱེན་ནས་བཟུང་སྟེ། སུང་དང་ཡོན། མིང་། ཆིང་རྒྱལ་རབས་ཀྱི་གཞུང་ལམ། དེ་བཞིན་དུ་ཨེ་ཤ་ཡ་ལྷོ་མའི་སྐམ་སར་བགྲོད་པའི་འགྲོ་ལམ་གྲུབ་པའི་བར་གྱི་བརྒྱུད་རིམ་བསྟན་ཡོད། ཆའང་རིགས་ཀྱི་བགྲོད་ལམ་དང་། ཏང་ཤང་གི་གནའ་ལམ། འ་ཞའི་བགྲོད་ལམ། དེ་བཞིན་དུ་སུའེ་དང་འ་ཞའི་བར་དང་། ཐང་དང་འ་ཞའི་བར། བོད་བཙན་པོ་དང་འ་ཞའི་བར་བཅས་ཀྱི་འབྲེལ་བ་ཆགས་སྟངས་ཞིབ་བརྗོད་བྱས་ཡོད། རིག་རྫས་འགྲེམས་སྟོན་དང་། ཡི་གེའི་འགྲེལ་བཤད། གཟུགས་བརྙན་འགྲེམས་སྟོན་བཅས་ཀྱི་ཐབས་ལམ་ལ་བརྟེན་ནས་ཐང་བོད་བར་གྱི་ཆབ་སྲིད་ཀྱི་འབྲེལ་བ་དང་། དཔལ་འབྱོར་འགྲོ་འོང་། རིག་གནས་སྤེལ་རེས་བཅས་ཀྱིས་ཐང་བོད་གནའ་ལམ་ལ་ཤུགས་རྐྱེན་བཟོས་ཚུལ་ཞིབ་བརྗོད་བྱས་ཡོད། 










དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1