རིག་གནས་རྒྱུད་འཛིན་གྱིས་དབུལ་སྐྱོར་གནད་འཁེལ་ལ་རོགས་འདེགས་བྱས།

ཚུལ་ཁྲིམས་རྡོ་རྗེ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-05



      འཛམ་ཐང་རྫོང་གིས་ཕྱོགས་ཡོངས་ནས་དངོས་མིན་ཤུལ་བཞག་རིག་གནས་ལ་བདག་པོ་ནན་ཏན་བྱས་པ་ནས་བཟུང་། དངོས་མིན་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་ཐོན་ཁུངས་ཕུན་སུམ་ཚོགས་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ཤུགས་ཆེན་པོས་དངོས་མིན་ཤུལ་བཞག་རིག་གནས་ཀྱི་ཐོན་ཁུངས་བསྡུ་སྒྲིག་བྱས་ལ། དངོས་མིན་ཤུལ་བཞག་རིག་གནས་དང་གསོ་སྦྱོང་མཉམ་དུ་སྤེལ་ནས་དབུལ་སྐྱོར་གནད་འཁེལ་ལ་རོགས་འདེགས་བྱས།
      ཛམ་བྷ་ལའི་ལྷ་རིས་པ་འགྲོ་འདྲེན་གྱི་ཇོ་ནང་ཐང་ག་ཁྲིད་སྦྱོང་ཁང་ནི་2017ལོའི་ཟླ་4པའི་ཚེས་10ཉིན་དངོས་སུ་བཙུགས་པ་དང་། ཁུལ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་པ། ཐང་གའི་རི་མོ་དགེ་རྒན་འགྲོ་འདྲེན་ལགས་ཀྱིས་བཙུགས་པ་རེད། ཆེས་ཐོག་མར་གསོ་སྦྱོང་འཛིན་གྲྭར་དགེ་རྒན་གཅིག་དང་སློབ་མ་ཁ་ཤས་ལས་མེད་ནའང་། འཛམ་ཐང་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་རྒྱབ་སྐྱོར་ལ་བརྟེན་ཏེ། ལྷ་རིས་པ་འགྲོ་འདྲེན་གྱི་ཇོ་ནང་ཐང་ག་གསོ་སྦྱོང་འཛིན་གྲྭར་ད་ལྟ་དགེ་རྒན་2དང་། སློབ་མ་31ལྷག་ཡོད།
      གསར་འགོད་པས་ཛམ་བྷ་ལའི་ལྷ་རིས་པ་འགྲོ་འདྲེན་གྱི་ཇོ་ནང་ཐང་ག་ཁྲིད་སྦྱོང་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཁྲིད་སྦྱོང་ཁང་གིས་སྔ་རྗེས་སུ་སློབ་མ་31ལྷག་བསྡུས་པ་དང་། དེའི་ཁྲོད་དུ་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་བོའི་མི་12དང་། དབང་པོ་སྐྱོན་ཅན་གྱི་མི་1ཡོད་ལ། ཁྲིད་སྦྱོང་ཁང་གིས་ད་དུང་ཧུར་ཐག་གིས་ཡར་ཞུ་བྱས་ནས་ལས་ཞུགས་དབུལ་སྐྱོར་གྱི་མིག་དཔེར་འགྱུར་བར་བརྩོན་ཏེ་ཁྱིམ་ཚང་དབུལ་བོ་དང་ལས་ཀ་མེད་པའི་ན་གཞོན་རྣམས་ཀྱིས་ལག་རྩལ་ལ་བརྟེན་ནས་འཚོ་བའི་ཆ་རྐྱེན་ལེགས་སུ་འོང་བར་རེ་བ་བཅངས་ཡོད།
      ཛམ་བྷ་ལའི་ལྷ་རིས་པ་འགྲོ་འདྲེན་གྱི་ཇོ་ནང་ཐང་ག་ཁྲིད་སྦྱོང་ཁང་གི་སློབ་མས་གསར་འགོད་པ་བཤད་རྒྱུར། ཐང་གའི་རི་མོ་འབྲི་རྩལ་སློབ་པ་ནི་ལས་སླ་མོ་ཞིག་གཏན་ནས་མ་རེད། ཐང་ག་འབྲི་རྩལ་སློབ་དགོས་ན་ཐོག་མར་ལོ་གཉིས་གསུམ་ལ་སྐྱ་བྲིས་བསླབ་དགོས་པ་དང་། དེ་ནས་ལོ་གཉིས་ལྷག་ལ་མཚོན་བྱུགས་ཚུལ་བསླབ་དགོས། མ་མཐར་ཡང་སྐུ་བརྙན་20ལྷག་གི་ཐིག་རྩ་བློར་བྱང་དགོས་པས། ཆ་སྙོམས་ལོ་ངོ་དྲུག་བདུན་ཙམ་ལ་འབད་པས་སྦྱངས་ན། ད་གཟོད་ཅུང་ཤེས་ཐུབ་པ་འདུག་ཅེས་བཤད་ལ། ལོ་གཉིས་ལྷག་གི་འབད་པ་དང་རྫོང་རིམ་པས་མཐོང་ཆེན་ཆེས་ཆེར་བྱས་པར་བརྟེན། སྔ་རྗེས་སུ་ཛམ་བྷ་ལའི་ལྷ་རིས་པ་འགྲོ་འདྲེན་གྱི་ཇོ་ནང་ཐང་ག་ཁྲིད་སྦྱོང་ཁང་ལ་རྫོང་རིམ་པའི་གཟེངས་རྟགས་དང་རྒྱལ་ཡོངས་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་གི་ལས་གཞི་ཡི་སྔོན་ཐོན་མི་སྣའི་གཟེངས་རྟགས་དང་། སྐབས་བརྒྱད་པའི་སི་ཁྲོན་ཞིང་ཆེན་བཟོ་རྩལ་མཛེས་རིས་ཀྱི་སློབ་དཔོན་ཆེན་མོའི་གཟེངས་རྟགས་སོགས་བྱ་དགའ་རབ་དང་རིམ་པ་མང་དུ་ཐོབ་བོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1