རྒྱུན་ལྡན་གྱི་སྔོ་གཟན་གསོག་ཉར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-05


(གཅིག) གསོག་ཉར་གྱི་རྒྱུ་ཆའི་འདེམས་སྒྲིག

སྤུས་ལེགས་ཀྱི་སྔོ་གཟན་རྒྱུ་ཆ་ནི་སྔོ་གཟན་ཡག་ཤོས་བཟོ་བའི་དངོས་པོའི་རྨང་གཞི་ཡིན་ལ། སྤུས་ལེགས་ཀྱི་རྒྱུ་ཆ་ཡིན་ན་དུག་མེད་པ་དང་གནོད་པ་མེད་པ། དྲི་མེད་ཅིང་གཟན་ཆས་སུ་སྤྱོད་ནུས་པའི་སྔོ་རྩྭ་སྐྱེས་དངོས་ཡིན་དགོས། དེ་ནས་རྒྱུ་ཆའི་ནང་དུ་མངར་ཆ་དང་ཆུ་འདུས་ཚད་ངེས་ཅན་ཞིག་ལ་ཐོན་དགོས། སྤྱིར་རྒྱུ་ཆའི་ནང་དུ་མངར་ཆའི་ཚད་རྩྭ་གསར་བའི་1%~1.5%ལྡན་དགོས། རྒྱུ་མཚན་གང་ཡིན་ཞེ་ན། སྔོ་གཟན་བསྙལ་བའི་སྐབས་སུ་རྒུན་མངར་གྱི་60% རོའུ་སོན་སྐྱུར་ལ་འགྱུར་བཞིན་ཡོད་པས། རོའུ་སོན་སྐྱུར་ཁེ་1གྲུབ་པར་རྒུན་མངར་ཁེ་1.7དགོས་ཀྱི་ཡོད། གལ་ཏེ་རྒྱུ་ཆའི་ཁྲོད་མངར་མོའི་འདུས་ཚད་འདང་ངེས་ཤིག་མེད་ན་རོའུ་སོན་གྱི་དགོས་མཁོ་སྐོང་མི་ཐུབ། དེ་བས་རྒྱུ་ཆའི་ཁྲོད་ཀྱི་མངར་ཆའི་འདྲེས་ཚད་ལྟར་རིགས་གསུམ་དུ་དབྱེ་ཆོག

1. གསོག་ཉར་བྱེད་བདེ་བའི་རྒྱུ་ཆ།

རྒྱུ་ཆ་འདི་རིགས་ལ་མངར་ཆའི་ཚད་ཅུང་མཐོ་ལ། གསོག་ཉར་བྱེད་སྐབས་མངར་ཚད་མཐོ་བའི་རིགས་གཞན་དག་ཁ་གནོན་བྱེད་མི་དགོས། སྔོ་ལྗང་རྩི་ཤིང་ལས་མངར་ཆའི་ཚད་ཅུང་མཐོ་བ་ནི་སྙེ་མ་ཅན་གྱི་གཟན་རྩྭ་དང་མ་རྨོས་ལོ་ཏོག སྡོང་རིང་ཁྲེ་རྒོད། ཉུང་མ(甘蓝)། མངར་ཚལ་གྱི་ལོ་མ། ཞོག་ཁོག་གི་སྡོང་རྐང་། ཉི་མ་མེ་ཏོག་དང་རྩྭ་ཁྱི་མཇུག་སོགས་ཡིན།

2.གསོག་ཉར་བྱེད་དཀའ་བའི་རྒྱུ་ཆ།

རྒྱུ་ཆ་འདི་རིགས་ལ་མངར་ཆའི་ཚད་ཉུང་ཡང་གཟན་ཆས་ཀྱི་སྤུས་ཀ་དང་འཚོ་བཅུད་ཧ་ཅང་ཆེན་པོ་ཡོད། མང་ཆེ་ཤོས་སྤུས་ལེགས་ཀྱི་གཟན་ཆས་ཡིན། གསོག་ཉར་བྱེད་དུས་མངར་ཆའི་ཚད་མཐོ་ཞིང་གསོག་ཉར་བྱེད་བདེ་བའི་རྒྱུ་ཆ་དང་མཉམ་བསྲེས་བྱས་ནས་སྙོལ་དགོས། ཡང་ན་མངར་ཆའི་སྦྱོར་རྟ་སྦྱར་ནས་སྙོལ་དགོས། དཔེར་ན་མངར་ཚལ་གྱི་རོ་མ་དང་སྦྲང་རྩིའི་ཀ་ར་སོགས་སྣོན་དགོས། རྒྱུ་ཆ་འདི་རིགས་ཀྱི་སྐྱེས་དངོས་དཔེར་ན་སྨུག་སྐྱའི་འབུ་སུ་ཧང་། རྒྱ་སྤོས། སྲན་དམར། ཧྲ་ཏ་ཝང་(沙打旺) ། རྩྭ་འདབ་གསུམ། སྲན་ཆེན་ལ་སོགས་པའི་སྲན་རིགས་གཟན་ཆས་ཡོད།

3.གཅིག་རྐྱང་དུ་གསོག་ཉར་མི་རུང་བའི་རྒྱུ་ཆ།

རྒྱུ་ཆ་འདི་རིགས་ལ་མངར་ཆའི་ཚད་ཉུང་བར་མ་ཟད་རྩྭའི་འཚོ་བཅུད་ཀྱང་ཧ་ཅང་ཉུང་། སྒོ་ཕྱུགས་ཀྱི་ཁ་ལའང་མི་རན་པས། མངར་ཆའི་ཚད་མཐོ་བའི་རྒྱུ་ཆ་སྦྱར་རྗེས་སྤུས་ཀ་ཅུང་ལེགས་པའི་གཟན་ཆས་བཟོ་ཐུབ། ཞི་ཀྭ་དང་ནན་ཀྭ་སོགས་ནི་རྒྱུ་ཆ་འདི་རིགས་ལ་གཏོགས།

(གཉིས།) གཅོད་གཏུབ་དང་བླུགས་འཇོག

སྔོ་གཟན་རྒྱུ་ཆ་གཅོད་གཏུབ་དང་བླུགས་འཇོག་གནོན་བཙིར་ནི་སྔོ་གཟན་སྐྱུར་བསྙལ་ལེགས་པོར་ཡོང་པའི་ཐབས་ཤེས་ཡིན། སྔོ་གཟན་གཅོད་གཏུབ་ཀྱི་ཚད་དེ་རྒྱུ་ཆའི་སྦོམ་ཕྲ་དང་སྲ་སྙི། ཆུ་འདྲེས་ཚད། ནོར་དང་ལུག་སོགས་སྐྱུག་ལྡད་བྱེད་པའི་རིགས་དང་གཏུབ་བྱེད་ལག་ཆ་བཅས་དང་འབྲེལ་བ་དམ་པོ་ཡོད་ལ། ནོར་དང་ལུག་སོགས་སྐྱུག་ལྡད་བྱེད་པའི་རིགས་གསོ་བྱེད་དང་། སྙེ་མ་རིགས་ཅན་གྱི་གཟན་ཆས། ད་དུང་སྲན་རིགས་གཟན་ཆས། སྔོ་ཚོད་རིགས་གཅོད་གཏུབ་ཀྱི་ཚད་ནི་ལི་སྨི2-3ཡིན། མ་རྨོས་ལོ་ཏོག་དང་ཉི་མ་མེ་ཏོག་རིགས་ཀྱི་རྐང་སྡོང་སོགས་གཅོད་གཏུབ་ཀྱི་ཚད་ནི་ལི་སྨི0.5~2.0ཡིན། རྩི་ཤིང་མཉེན་པོ་རིགས་གཅོད་གཏུབ་བྱ་མི་དགོས་པ་དང་ཡང་ན་གཅོད་གཏུབ་ཀྱི་ཚད་ཅུང་རིང་ཆོག ཕག་དང་ཁྱིམ་བྱའི་རིགས་ཀྱི་གཟན་ཆས་ངེས་པར་དུ་ཆུང་ཚེག་ཅན་དུ་གཏོང་དགོས། ཆུ་འདྲེས་ཚད་60%མན་གྱི་སྔོ་རྩྭ་སྐྱུར་བསྙལ་གནོན་སྦྱོར་བྱེད་དགོས། དེའི་རྐྱེན་གྱིས་རྒྱུ་ཆ་འདི་རིགས་གཅོད་གཏུབ་བྱེད་པ་ནི་སྐྱར་བསྙལ་བྱེད་པའི་ཆེད་དུ་མིན་པར་སྟུག་ཚད་ཇེ་མཐོར་གཏོང་བ་ཡིན་ལ། དེར་བརྟེན་ཆུ་འདྲེས་ཚད་ཉུང་བའི་རྒྱུ་ཆ་གཅོད་གཏུབ་ཐུང་དགོས་ལ་དེ་ལས་ལྡོག་པའི་གཟན་ཆས་ཀྱི་རྒྱུ་ཆ་གཅོད་གཏུབ་ཅུང་རིང་ན་ལེགས།

གཟན་ཆས་གཅོད་གཏུབ་ཀྱི་ལག་ཆ་ལ་རིགས་ཧ་ཅང་མང་། དཔེར་ན་གསོག་ཉར་མཉམ་འབྲེལ་བརྔ་བསྡུའི་འཕྲུལ་ཆས། སྔོ་གཟན་གཅོད་གཏུབ་འཕྲུལ་ཆས། རྩྭ་གཏུབ་འཕྲུལ་འཁོར། བལྟབས་རིལ་གཙབ་གཏུབ་འཕྲུལ་ཆས་རིགས་སོགས་ཡོད་ལ། གང་ཞིག་བེད་སྤྱད་ཀྱང་སྔོ་རྩྭ་གཅོད་གཏུབ་བྱས་རྗེས་སྟུག་ཚད་ཇེ་མཐོར་གཏོང་ཐུབ་ཅིང་། དེ་ཡིས་ཚུར་སྡུད་ཀྱི་ཚད་ཇེ་མཐོར་གཏོང་བ་དང་སྐྱུར་བསྙལ་གྱི་སྤུས་ཀ་ཇེ་མཐོ། ཟས་འཇུ་ཚད། འཚོ་བཅུད་ལེན་པའི་ཚད་སོགས་གོང་མཐོར་གཏོང་ཐུབ། གཅོད་གཏུབ་འཕྲུལ་ཆས་བཀོལ་སྐབས་སུ་རབ་ཡིན་སྙལ་དོང་གི་ཉེ་འགྲམ་ཡིན་ན་བཟང་ཞིང་། ཉེ་འགྲམ་ནས་གཙབ་ཚར་རྗེས་མྱུར་བར་དོང་དུ་བཅུག་ན་འཚོ་བཅུད་འཕྲོད་བརླག་འགྲོ་བ་གྲོན་ཆུང་བྱེད་ཐུབ།

སྔོ་གཟན་རྒྱུ་ཆ་སྙོལ་དོང་དུ་གསོག་འཇོག་བྱེད་སྐབས་ངེས་པར་དུ་མགྱོགས་མྱུར་སྒོས་བླུགས་དགོས་ཤིང་། གཅོད་གཏུབ་དང་གསོག་འཇོག་བར་གྱི་དུས་ཡུན་འགོར་དྲག་ན་མཁའ་རླུང་དང་འཕྲད་པ་མང་ནས་རུལ་འགྲོ་ཤོས་ཆེ། སྤྱིར་བཏང་གི་སྙོལ་དོང་ཆུང་གྲས་ཡིན་ན་གཟན་ཆས་གསོག་འཇོག་བྱེད་སྐབས་ཉིན་གཅིག་གི་རིང་ལ་ཁ་བཏུམས་ཐུབ་དགོས། སྙོལ་དོང་ཆེ་བའི་རིགས་ཉིན2-3བར་ལ་དོང་ཁ་བཏུམས་ཐུབ་དགོས། གསོག་འཇོག་གི་དུས་ཡུན་རིང་ཐུང་དེ་གཟན་ཆས་ཀྱི་སྤུས་ཀ་བཟང་ངན་ལ་འབྲེལ་བ་དམ་པོ་ཡོད། སྔོ་གཟན་སྙོལ་དོང་གི་མཐིལ་ལ་མཐུག་ཚད་ལི་སྨི་10-15བར་གྱི་གཅོད་གཏུབ་བྱས་ཟིན་པའི་རྩྭའི་རྐང་སྡོང་མཉེན་མོ་ཅན་བཏིངས་ན་གོང་གི་སྔོ་གཟན་ལས་འཛིར་བའི་རྩྭའི་ཁུ་བ་བསྡུ་ལེན་བྱེད་པའི་ནུས་པ་ཡོད། སྙོལ་དོང་གི་ཕྱོགས་བཞིར་སྤོས་འགྱིག་སྲབ་མོ་སྦྱར་ན་རླུང་དང་ཆུ་མི་ཟགས་པའི་གོ་ཆོད། གཟན་ཆས་ཀྱི་རྒྱུ་ཆ་སྙོལ་དོང་ནར་མོ་དབྱིབས་ཅན་ནང་དུ་བསྡུ་སྐབས་རིམ་པ་རེ་རེ་བཞིན་སྙོམས་པོའི་སྒོ་ནས་འདིང་དགོས། གསོག་ཉར་འོབས་དོང་ཡིན་ན་དུས་རིམ་བགོས་ནས་བླུགས་ཆོག གསོག་འཇོག་བྱེད་སྐབས་གཅོད་གཏུབ་བྱེད་པ་དང་བསྟུན་གོ་རིམ་ལྟར་གསོག་འཇོག་བྱེད་ཆོག

(གསུམ།) གཟན་ཆས་གནོན་བཙིར།

སྙོལ་དོང་ནང་གི་གཟན་ཆས་བར་ལ་མཁའ་རླུང་ཤོར་ནས་རུལ་མྱགས་མི་འབྱུང་བའི་ཆེད་དུ་སྔོ་རྩྭ་གཅོད་གཏུབ་བྱས་ནས་བླུགས་གནོན་བྱེད་སྐབས་ངེས་པར་དུ་གནོན་བཙིར་ཡག་པོ་བྱེད་དགོས། ལྷག་པར་དུ་གྱང་ངོས་དང་གྲུ་ཟུར་ལ་བར་སྟོང་འཇོག་མི་རུང་ལ་དབྱང་རླུང་མེད་པའི་གསོག་ཉར་གྱི་ཁོར་ཡུག་བཟོ་སྐྲུན་བྱས་པ་ན་རུའུ་སོན་འབུའི་རྒྱུད་འཕེལ་དང་རླུང་རིགས་འབུ་ཕྲའི་འཚོ་གནས་ལ་ཚོད་འཛིན་བྱེད་ཐུབ། དེ་ལས་ལྡོག་ན་སྔོ་གཟན་གསོག་ཉར་ལེགས་འགྲུབ་བྱུང་མི་ཐུབ། ཁྱབ་རྒྱ་ཆུང་བའི་སྔོ་གཟན་རྒྱུ་ཆའི་གནོན་བཙིར་ནི་མིའི་ཤུགས་ལ་བརྟེན་ནས་མནན་ཆོག་ལ་ཁྱབ་རྒྱ་ཆེ་བའི་སྔོ་གཟན་གནོན་བཙིར་བྱེད་སྐབས་འཕྲུལ་ཆས་བཀོལ་སྤྱོད་བྱེད་དགོས། དེ་ཡང་མནོན་མི་ཐུབ་པའི་ཟུར་ལ་མིས་ཁ་གནོན་བྱེད་དགོས། གནོན་བཙིར་བྱེད་པའི་དུས་ལ་ས་རྡོ་དང་སྣུམ། ལྕགས་རིགས་སོགས་གཟན་ཆས་ནང་དུ་འཇོག་མི་རུང་ལ། དེ་དག་ལ་སྔོ་གཟན་རུལ་མྱགས་འབྱུང་བའི་ཉེན་ཁ་ཡོད་པར་མ་ཟད་སྒོ་ཕྱུགས་ལའང་གནོད་པ་ཡོད། གསོག་ཉར་གྱི་ཆ་རྐྱེན་ཡག་པོ་ཡོད་པས་ན་རླུང་མེད་གྱི་སྒོ་ནས་གསོག་ཉར་བྱས་ན་ལེགས། དེ་ནི་སྔོ་རྩྭའི་རྒྱུ་ཆའི་ཁྲོད་ཀྱི་མཁའ་རླུང་གཤེར་འཐེན་འཕྲུལ་ཆས་ཀྱིས་མེད་པར་བཟོས་ནས་རོའུ་སོན་འབུ་ཕྲ་འཚོ་གནས་བྱེད་པར་མཁའ་རླུང་བྲལ་པའི་ཁོར་ཡུག་སྐྲུན་དགོས།

(བཞི། ) སྔོ་རྩྭ་གསོག་ཉར་གྱི་བདག་གཉེར་དང་ཁ་སྡོམ་ཚུལ།

སྔོ་རྩྭའི་རྒྱུ་ཆ་སྙོལ་དོང་དུ་བླུགས་རྗེས་ཆུ་དང་མཁའ་རླུང་འཐིམ་པ་སྔོན་འགོག་བྱེད་ཆེད་མྱུར་དུ་སྙོལ་དོང་གི་ཁ་དམ་པོར་བསྡོམ་དགོས། དེ་ནི་གཟན་ཆས་སྤུས་ལེགས་བསྙལ་བའི་དུམ་མཚམས་གལ་ཆེན་ཞིག་ཡིན། རྒྱུ་ཆ་དོང་ནང་དུ་བླུགས་ནས་དོང་གི་ཁར་མཉམ་པས་ན་རྒྱུ་ཆའི་ཐོག་ཏུ་ལི་སྨི10~20བར་གྱི་གཅོད་གཏུབ་བྱས་ཟིན་པའི་སྐྱེ་དངོས་ཀྱི་རྐང་སྡོང་ངམ་རྩྭ་མཉེན་མོ་བཏིངས་རྗེས་སྤོས་འགྱིག་གིས་བཏུམ་དགོས། མཐར་སྤོས་འགྱིག་གི་ཐོག་ཏུ་མཐུག་ཚད་ལི་སྨི30~50བར་གྱི་ས་བརྡལ་ནས་སྒོང་དབྱིབས་གྱི་ཚུལ་དུ་བཟོ་དགོས། གནོན་བཙིར་གྱི་གནས་ཚུལ་ལ་ཞིབ་གཤེར་བྱེད་པའི་ཚད་ནི་སྐྱུར་བསྙལ་ལངས་ཟིན་པའི་གཟན་ཆས་མར་བབས་པའི་ཚད་ནི་རྒྱུ་ཆ་སྤྱིའི་མཐོ་ཚད་གྱི་10%ཙམ་ཡིན། གལ་ཏེ་རྒྱུ་ཆ་དོང་ནང་དུ་བླུགས་ཚར་རྗེས་མྱུར་དུ་ཁ་སྡོམ་མ་ཐུབ་ན་སྙོལ་དོང་ནང་གི་དྲོད་ཚད་འཕར་བས། PHཚད་ཇེ་མཐོར་སོང་ནས་རྒྱུ་ཆའི་འཚོ་བཅུད་ཤོར་འགྲོ་བ་དང་། གཟན་ཆས་ཀྱི་རྒྱུ་སྤུས་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད།

སྙོལ་དོང་གི་ཁ་བསྡོམས་རྗེས་དུས་རྒྱུན་ཞིབ་གཤེར་བྱེད་དགོས་ལ་རང་བྱུང་ངང་མར་བབས་པ་དང་ཡང་ན་གས་སྲུབས་བྱུང་ནས་རླུང་ཤོར་བའི་གནས་ཚུལ་བྱུང་ན་མྱུར་དུ་འདམ་ལྷན་བརྒྱབས་ནས་དོང་ནང་གི་རླུང་འགོག་ཁོར་ཡུག་བཟོ་སྐྲུན་བྱེད་དགོས། དེ་ཡི་གཟན་ཆས་ཡང་བསྐྱར་སྐྱུར་ལངས་བྱེད་པ་ལ་སྔོན་འགོག་དང་གཟན་ཆས་ཀྱི་རྒྱུ་སྤུས་ལ་གནོད་པ་མི་འབྱུང་བའི་ཆེད་དུ་ཡིན། སྤོས་འགྱིག་ཁུག་མས་གསོག་ཉར་དང་ས་སྟེང་ནས་ཐད་ཀར་གསོག་ཉར་བྱེད་པ་ལ་དུས་རྒྱུན་དུ་ཕྱུགས་ཟོག་གི་རྐང་རྡོག་དང་བྱི་བའི་གནོད་པ་བྱུང་ཡོད་མེད་ལ་ཉམས་འཇོག་བྱེད་དགོས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1