གླིང་ཕྲན་སྟོང་གི་རྒྱལ་ཁབ། -ནོར་ཝེ།

བསོད་ནམས་རྡོ་རྗེས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-05


པཱ་ལའེ་གླིང་ཕྲན་གྱི་མཛེས་ལྗོངས།
巴厘岛风情

ནོར་ཝེ་རྒྱལ་ཁབ་ནི་ཡོ་རོབ་བྱང་རྒྱུད་ཀྱི་རྒྱལ་ཁབ་ལྔའི་གྲས་ཀྱི་གཅིག་ཡིན་ཞིང་། སི་ཁན་ཏི་ནཱ་ཝེ་ཡ་ཕྱེད་གླིང་གི་ནུབ་རྒྱུད་དུ་གནས། ནོར་ཝེའི་ལྷོ་བྱང་གི་འགག་ཕྲེང་དང་རྒྱ་མཚོའི་འགྲམ་རྒྱུད་ཀྱི་མུ་རིང་ཞིང་། གླིང་ཕྲན་མང་པོས་ཡོངས་སུ་བསྐོར་ཡོད་པས་གཞན་མཚུངས་མ་ཡིན་པའི་ས་བབ་གྲུབ་ཡོད་པ་དང་། ཀུན་གྱིས་གླིང་ཕྲན་སྟོང་གི་རྒྱལ་ཁམས་ཞེས་འབོད། ནོར་ཝེ་ནི་སའི་གོ་ལའི་བྱང་རྒྱུད་དང་ཉེ་བར་བཅར་བའི་རྒྱལ་ཁབ་ཅིག་ཡིན། རྒྱལ་ཁབ་འདིའི་རྒྱ་ཁྱོན་གྱི་1/3བྱང་སྣེའི་མུ་ཁྱུད་ཀྱི་ཁོངས་སུ་གཏོགས། ཁུངས་བཙན་པའི་དཔྱད་གཞི་ལྟར་ན། ནོར་ཝེ་ཞེས་པའི་མིང་འདི་དུས་རབས་དགུ་བར་བྱུང་བ་དང་། དེ་ནི་བྱང་ཕྱོགས་སུ་བསྐྱོད་པའི་བརྒྱུད་ལམ་ཞེས་པའི་དོན་དུ་འགྲེལ། ནོར་ཝེ་སྐབས་དེའི་ཚོང་ལམ་དུ་གནས་པས་བྱང་ཕྱོགས་སུ་བསྐྱོད་པའི་བརྒྱུད་ལམ་ཞེས་པ་དེའང་ཚོང་ལམ་དང་འབྲེལ་བ་དམ་ཟབ་ཡོད་པར་བཞེད།


སི་ཝེར་བྷ་ཏི་གླིང་ཚོམ་ནི་ནོར་ཝེ་ཡི་གཞི་ཁྱོན་ཆེས་ཆེ་བའི་གླིང་ཕྲན་ཞིག་ཡིན། སི་ཝེར་བྷ་ཏི་ཞེས་པ་ནི་གྲང་རླུང་ཆེ་བའི་མཚོ་འགྲམ་གྱི་གླིང་ཕྲན་ཞེས་པའི་དོན་དུ་འགྲེལ། གླིང་ཚོམ་དེའི་གཞི་ཁྱོན་གྱི་60%འཁྱག་དར་གྱིས་བསྡམས་ཡོད་པ་དང་། ཡུན་གནས་འཁྱགས་སའི་བང་རིམ་ལ་སྨི་500ཡོད། ལོ་གཅིག་གི་ནང་ཟླ་བཞི་ལྷག་ལ་ཉི་འོད་མི་མཐོང་བ་དང་། དགུན་དཔྱིད་ལ་གྲང་ངར་ཆེ་ཞིང་དབྱར་སྟོན་ལ་ཆར་ཆུ་མོད།

ཡོ་རོབ་གླིང་གི་རྒྱལ་ཁབ་ཁྲོད་ནོར་ཝེ་ནི་རང་བྱུང་ཐོན་ཁུངས་ཅུང་ཕུན་སུམ་ཚོགས་པའི་རྒྱལ་ཁབ་ཅིག་ཡིན་ཞིང་། དཔལ་འབྱོར་གྱི་སྒྲིག་གཞིའང་གཙོ་བོ་རང་བྱུང་ཐོན་ཁུངས་ཀྱི་རྨང་གཞིའི་སྟེང་འཕེལ་རྒྱས་བྱུང་བ་ཡིན། ནོར་ཝེ་ལ་གཏེར་ཁུངས་དང་ནགས་ཚལ། ཆུ་ཤུགས་སོགས་ཀྱི་ཐོན་ཁུངས་མང་པོ་མཆིས་ཤིང་། མཚོ་དང་བཅར་བའི་སྐམ་སར་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས། མཚོ་འགྲམ་དུ་ཉ་རིགས་ཀྱི་ཐོན་ལས་དར་ཞིང་འཕེལ། དེ་ལྟ་བུའི་རང་བྱུང་གི་ཐོན་ཁུངས་མང་པོས་ནོར་ཝེའི་དཔལ་འབྱོར་འཕེལ་རྒྱས་ལ་ཆ་རྐྱེན་ལེགས་པོ་བསྐྲུན་པས་འཛམ་གླིང་གི་ཆེས་འབྱོར་ཕྱུག་ལྡན་པའི་རྒྱལ་ཁབ་ཏུ་བརྩི། ནོར་ཝེ་ཡིས་ཀྱང་རང་བྱུང་གི་ཐོན་ཁུངས་ལ་མཐོང་ཆེན་བྱས་ཏེ་རང་བྱུང་གི་ཆོས་ཉིད་དང་བསྟུན་ཞིང་ཚན་རིག་གི་ལག་ལེན་དང་མཐུན་པའི་ཐོན་ཁུངས་སྔོག་འདོན་གྱི་ལམ་སྲོལ་དོན་འཁྱོལ་བྱེད་བཞིན་མཆིས།

ནོར་ཝེའི་གཞི་འཛིན་མི་རིགས་ནི་ཨོ་ལའོ་བྷ་མི་རྒྱུད་ཀྱི་རི་ཨེར་མན་མི་རིགས་ཡིན་ཞིང་། ནོར་ཝེའི་སྐད་ཆའང་ཧུན་རྡུ་དང་ཡོ་རོབ་སྐད་རྒྱུད་ཀྱི་རི་ཨེར་མན་སྐད་སྡེའི་ཁོངས་སུ་གཏོགས། སཱ་སྨི(Sami)མི་རིགས་ནི་ནོར་ཝེ་ཡི་གྲངས་ཉུང་མི་རིགས་གཙོ་བོ་ཞིག་ཡིན། གནའ་བོའི་དུས་ནས་ཡོ་རོབ་བྱང་རྒྱུད་དུ་འཚོ། སཱ་སྨི་མི་རིགས་ལ་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གནས། ཆོས་ལུགས། འཚོ་བའི་གོམས་སྲོལ་བཅས་ཡོད། སཱ་སྨི་མི་རིགས་ཀྱི་སྐད་ནི་ཝོ་རཱ་ཨེར་སྐད་རྒྱུད་ཁྲོད་ཀྱི་ཧྥིན་ལན་—ཝོ་གྷི་ཨེ་སྐད་ཀྱི་ཡན་ལག་ཅིག་ཡིན།

ཨོ་སི་ལའོ་ནི་ནོར་ཝེ་ཡི་ཆབ་སྲིད་དང་རིག་གནས། དཔལ་འབྱོར་བཅས་ཀྱི་ལྟེ་གནས་སུ་གྱུར་བའི་གྲོང་ཁྱེར་ཆེན་པོ་ཞིག་ཡིན། ཨོ་སི་ལའོ་ཞེས་པའི་དོན་ནི་ལྷའི་སྤང་ལྗོངས་ཞེས་པར་འགྲེལ། དེ་ནི་རྒྱལ་སྤྱིའི་རང་བཞིན་གྱི་གཞི་རྒྱ་ཆེས་ཆེ་བའི་མཚོ་འགྲུལ་གྱི་འགག་སྒོ་ཞིག་ཡིན་པར་མ་ཟད། རིག་གནས་དང་སློབ་གསོའི་འཕེལ་རྒྱས་མགྱོགས་ཤིང་སྲོལ་རྒྱུན་གྱི་མདངས་མ་ཉམས་པའི་གྲོང་ཁྱེར་ཞིག་ཀྱང་ཡིན། ནོར་ཝེ་ན་མིང་དུ་གྲགས་པའི་ཨོ་སི་ལའོ་སློབ་གྲྭ་ཆེན་མོ་དང་རྒྱལ་ཁབ་གླུ་གར་ཁང་། དཔེ་མཛོད་ཁང་། ཞིབ་འཇུག་ལྟེ་གནས། དངོས་མང་བཤམས་སྟོན་ཁང་སོགས་གྲོང་ཁྱེར་འདིར་ཡོད་པ་དང་། རིག་གནས་ཀྱི་སྡེ་ཁག་འདི་དག་གིས་ཀྱང་གྲོང་ཁྱེར་འདིར་གསོན་ཤུགས་དང་འགུག་ཤུགས་གསར་པ་ཞིག་བསྩལ་འདུག

ཕྱོགས་བཞིར་ལྷུན་པོ་བདུན་གྱིས་མུ་ཁྱུད་དུ་བསྐོར་བའི་གྲོང་ཁྱེར་ཆེན་པོ་ཕེ་ཨེར་གྷིན་ནི་གནམ་གཤིས་ཀྱི་འཁྱག་གྲང་རན་ཞིང་རང་བྱུང་གི་ཡུལ་ལྗོངས་ལྟ་ན་སྡུག་པ། ཆར་ཆུ་མོད་ཅིང་ཆར་བའི་འབབ་ཡུན་རིང་། ལོ་རྒྱུས་ཀྱི་རྒྱུན་རིང་བའི་གནའ་བོའི་གྲོང་ཁྱེར་འདི་དུས་རབས་12ནས་13བར་ནོར་ཝེ་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན་ཞིང་། ཆེས་ཐོག་མར་ནོར་ཝེ་རྒྱལ་བོ་ཆབ་སྲིད་ཀྱི་ཁྲི་ལ་མངའ་གསོལ་བའི་གནས་ཀྱང་ཡིན་པར་གྲགས། དུས་རབས་བར་མའི་སྐབས་སུ་དེ་ནི་ནཱ་ཝེ་ཡ་ཕྱེད་གླིང་སྟེང་གི་ཆེས་ཆེ་བའི་ཉོ་ཚོང་ལྟེ་གནས་དང་མཚོ་འགྲུལ་འགག་སྒོ་ཡིན། གྲོང་ཁྱེར་འདིར་གནའ་བོའི་སྒྱུ་རྩལ་གྱིས་ཕྱུག་པའི་བཟོ་བཀོད་མང་པོ་ཡོད་པར་མ་ཟད། བྷོ་ལའེ་གྷིན་དངོས་མང་བཤམས་སྟོན་ཁང་དུ་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ་སྔོག་འདོན་དང་འཚོལ་སྡུད་བྱས་པའི་དུས་རབས་བར་མའི་རིག་གནས་མང་པོ་ཉར་ཚགས་བྱས་ཡོད།

ནོར་ཝེ་ནི་སའི་གོ་ལའི་བྱང་སྣེ་དང་ཉེ་བར་བཅར་བས་གནས་དེར་གཞན་མཚུངས་མ་ཡིན་པའི་རང་བྱུང་གི་བཀོད་པ་དང་ཉི་ཟླའི་འཆར་ནུབ། ཡུལ་སྲོལ་རིག་གནས། འཚོ་བའི་གོམས་སྲོལ་སོགས་ལ་རོལ་མྱོང་བྱེད་ཐུབ། ནོར་ཝེའི་མི་རིགས་ཀྱི་གོན་ཆས་ལ་གནའ་ཉམས་དོད་ཅིང་། གནམ་གཤིས་ཤིན་ཏུ་འཁྱག་པའི་དབང་གིས་ནོར་ཝེའི་མི་དག་ཉི་འོད་ལ་རབ་ཏུ་དགའ། དེ་བས་ལུས་ལའང་ཁ་དོག་རྣམ་པར་བཀྲ་བའི་ལྭ་བ་གྱོན་པར་མོས།

དུས་རབས་བཞི་བར་བྱུང་བའི་རྡོ་རིང་ཡི་གེ་དག་ནི་ནོར་ཝེ་ཡི་ཆེས་ཐོག་མའི་ཚིགས་བཅད་སྙན་ངག་ཏུ་བརྩི་ཞིང་། གནའ་བོའི་རྩོམ་ཡིག་གི་རྣམ་པ་གཙོ་བོ་ནི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་སྙན་ངག་ཡིན། དེའི་བརྗོད་དོན་གཙོ་བོ་ནི་ལྷ་སྒྲུང་དང་དཔའ་བོའི་བྱུང་རབས་ཡིན་པ་དང་། བསམ་བློའི་བསྟན་དོན་ལ་ཡེ་ཤུའི་ཆོས་ལུགས་ཀྱི་ཤན་ཐེབས་པ་མངོན་པར་གསལ། དུས་རབས་བར་མའི་སྐབས་ནས་ནོར་ཝེའི་རྩོམ་རིག་འཁྱག་གླིང་རྩོམ་རིག་དང་གཞི་གཅིག་ཏུ་འབྲེལ་ཞིང་། དུས་སྐབས་དེའི་རྩོམ་རིག་བརྩམས་ཆོས་མང་པོ་ཞིག་འཁྱག་གླིང་དུ་བརྩམས་ཤིང་། གནའ་བོའི་ནོར་ཝེའི་སྐད་ནས་འཕེལ་འགྱུར་བྱུང་བའི་འཁྱག་གླིང་གི་སྐད་ལ་བརྟེན་ནས་དུས་ད་ལྟའི་བར་འཕེལ་རྒྱས་ཕྱིན།

《ཨེར་དྷར།》ནི་དུས་རབས་བཅུ་གསུམ་པར་གྲུབ་པའི་ལྷ་སྒྲུང་སྙན་ངག་གི་བསྡུས་དེབ་ཅིག་ཡིན་ཞིང་། དེའི་ནང་རི་ཨེར་མན་ཚོ་བའི་གནས་སྤོ་ལོ་རྒྱུས་བཀོད་ཡོད་པས། སྐབས་ཐོག་དེའི་འཚོ་བ་དང་སེམས་ཁམས། ཡུལ་སྲོལ། ལོ་རྒྱུས་སོགས་མཚོན་ཡོད་པར་བཞེད། མིང་དུ་གྲགས་པའི་རྩོམ་པ་པོ་ཨ་སི་བྷོ་ཡོའུ་ཨིན་སིན་(1812—1885)སོགས་ཀྱིས་ཐེངས་དང་པོར་མ་ལག་ལྡན་པའི་སྒོ་ནས་དམངས་ཁྲོད་ཀྱི་ངག་རྒྱུན་མང་པོ་ཡུལ་སྐད་ཀྱིས་ལམ་ནས་ལེགས་སྒྲིག་དང་འཚོལ་བསྡུ་བྱས་པར་ནོར་ཝེའི་རྩོམ་རིག་ལ་ཚེ་སྲོག་གསར་པ་བསྩལ།

ཧན་མའོ་སིན་(Knut hamsun)ནི་དུས་རབས་བཅུ་དགུ་བའི་ལོ་རབས་དགུ་བཅུ་བའི་སྙན་ངག་གསར་པའི་སྣེ་ཁྲིད་པ་ཡིན། ཁོང་གིས་སྐབས་དེའི་ནོར་ཝེའི་རྩོམ་རིག་གི་བསྐྱར་དར་ལ་མཛད་རྗེས་བླ་ན་མེད་པ་བཞག་མྱོང་། ཁོང་གི་བརྩམས་ཆོས་ཀྱིས་མི་སྣའི་ནང་སེམས་ཀྱི་འཇིག་རྟེན་དང་བསམ་བློའི་འགྱུར་བ་ལ་དང་དོད་ཆེན་པོ་བྱེད། ཁོང་གིས་སྤྱི་ལོ་1917ལོར་བརྩམས་པའི་《ས་ཆེན་གྱི་འཚར་ལོངས།》ནི་འཐུས་ཚབ་ཀྱི་བརྩམས་ཆོས་ཤིག་ཏུ་ངོས་འཛིན་ཞིང་། 1920ལོར་བརྩམས་ཆོས་འདིར་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ།

དབྱི་བྷོ་སིན(HenrikJohanIbsen)ནི་འཛམ་གླིང་རྩོམ་རིག་ཁྲོད་མིང་དུ་གྲགས་པའི་འཁྲབ་གཞུང་རྩོམ་པ་པོ་ཞིག་ཡིན། འཛམ་གླིང་རྩོམ་རིག་ལོ་རྒྱུས་སུ་ཁོང་ནི་དེང་རབས་རིང་ལུགས་འཁྲབ་གཞུང་གི་སྲོལ་འབྱེད་མཁན་ལ་བརྩི། ཁོང་གིས་གསར་རྩོམ་ལ་གཟབ་ནན་གྱི་རྣམ་འགྱུར་འཛིན་ཞིང་། བརྩམས་ཆོས་ཁྲོད་སྤྱི་ཚོགས་ཁྲོད་ཀྱི་འབུར་དུ་ཐོན་པའི་གནད་དོན་མཚོན་པ་བརྒྱུད་དེ་མི་སྒེར་གྱི་ཀུན་སྤྱོད་དང་སྤྱི་ཚོགས་ཀྱི་ཡུལ་སྲོལ་བར་གྱི་འགལ་འདུ་མཚོན་པ་ལྷུར་དུ་ལེན། སྤྱི་ཚོགས་ཀྱི་འགལ་བ་ཛ་དྲག་ཏུ་གྱུར་བ་དང་བསྟུན་ནས་ཁོང་སྐྱོ་སྣང་རིང་ལུགས་ཀྱི་འདམ་རྫོབ་ཏུ་ཚུད་ནས་རིམ་བཞིན་ལྐོག་གྱུར་གྱི་མཚོན་བྱེད་རིང་ལུགས་ཀྱི་ལམ་དུ་ཞུགས་ཤིང་། བསམ་བློའི་འགྱུར་བ་འདི་མཚོན་པའི་འཐུས་ཚབ་བརྩམས་ཆོས་ནི་《བྱ་གག》ཡིན། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1