གཙོ་ངོས།>> འཕྲོད་བསྟེན།>>བོད་ཀྱི་གསོ་རིག

གཅོད་པ་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་རིག་པ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༧ཚེས་༠༨ཉིན།

༄༅།། དཔལ་ལྡན་རྒྱུད་བཞི་དང་འབྲེལ་ཏེ་གསོ་རིག་གཏན་ཚིགས་རིག་པ་སྤྱི་བཤད།


 གཅོད་པ་རྒྱལ།
[ནང་དོན་གནད་བསྡུས།]དཔལ་ལྡན་གསོ་རིག་རྒྱུད་བཞིའི་རིགས་ལམ་གྱི་མ་ལག་གམ་དེ་དང་འབྲེལ་བའི་གཏན་ཚིགས་རིག་པ་ཞེས་བོད་ཀྱི་གསོ་རིག་གི་འཕེལ་རྒྱས་དང་། མ་འོངས་སློབ་གཉེར་གྱི་ཐབས་ལམ། ཞིབ་འཇུག་གི་ལམ་བུ། ལག་ལེན་གྱི་མན་ངག་སོགས་ཕྱོགས་གང་ནས་བལྟས་ཀྱང་ངེས་པར་མཁོ་བར་སེམས་པའི་ཀུན་སློང་གིས་གཏན་ཚིགས་རིགས་ལམ་གྱི་སྒྲ་བཤད་དང་བྱུང་འཕེལ། རྒྱུད་ལས་བྱུང་བའི་གཏན་ཚིགས་རིག་པའི་རྣམ་གཞག་གི་དགོས་པ་དང་ཁྱད་ཆོས་སོགས་འབྲས་རང་མ་དམིགས་པའི་རྟགས་དང་བཅས་ལུང་རིགས་ཚད་མ་གསུམ་གྱི་སྒོ་ནས་རིགས་པའི་འགྲོ་ཕྱོགས་ལྟར་གཏན་ཚིགས་རིག་པ་དང་འབྲེལ་བའི་གསོ་རིག་གཏན་ཚིགས་ཀྱི་རིག་པ་ཞིག་ངེས་པར་ཡོད་ཆོག་པར་བསྟན་པའོ།།
[བརྡ་ཆད་གཙོ་བོ།] རྒྱུད་བཞི། གསོ་རིག གཏན་ཚིགས། སྤྱི་བཤད།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] R29“214”
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2015-02-0118-08
དང་པོ། གླེང་སློང་བ།
           གསོ་རིག་རྒྱུད་བཞི་ནི་བོད་ཀྱི་གསོ་རིག་གི་གཞུང་ལུགས་ཐམས་ཅད་ཀྱི་ཨ་མ་ལྟ་བུའམ་མ་ལག་ཆ་ཚང་ཅན་གྱི་གཞུང་ལུགས་ཀྱི་མཚོན་བྱེད་གཅིག་པུ་ཡིན་པས། འདི་ནི་ཆེས་རིན་ཐང་བྲལ་ཞིང་ནང་དོན་རྒྱ་ཆེ་ལ་གཏིང་ཟབ་པ་དང་། གཞུང་དང་ལག་ལེན། མན་ངག་གི་ཆ་ཡོངས་སུ་ཚང་བའི་རིག་གཞུང་ཞིག་ཡིན་པ་ཀུན་གྱི་སྐད་བརྒྱ་མགྲིན་གཅིག་ཏུ་གྱུར་ཡོད། དེང་སྐབས་འདི་ལ་སློབ་གཉེར་བྱེད་པའི་སྐལ་ལྡན་ཁྲི་སྟོང་མང་བོས་གཞུང་དོན་ལ་འཇུག་པའི་རྣམ་དཔྱོད་ཀྱི་རྩལ་སྟོབས་མངོན་པར་རྒྱས་པ་དང་། མན་ངག་ལག་ལེན་རྣམས་ལ་སློབ་སྦྱོང་དང་ཞིབ་འཇུག་སོགས་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་གསོ་རིག་གི་བསྟན་པ་འཛིན་སྤེལ་དང་ལོངས་སུ་སྤྱོད་བཞིན་མཆིས།འོན་ཀྱང་ཐམས་ཅད་ཀྱི་སློབ་སྦྱོང་དང་ཞིབ་འཇུག་གི་དམིགས་འབེན་ནམ་ཁ་ཕྱོགས་ལྟ་བུ་མདོ་དོན་ཧྲིལ་གྱིས་དྲིལ་ན་གསོ་བ་རིག་པའི་གཞུང་དཔལ་ལྡན་རྒྱུད་བཞིའི་ནང་དོན་ལ་སློབ་སྦྱོང་དང་བེད་སྤྱོད་བྱེད་པ་ཁོ་ནར་ངེས་པ་དང་། གཞུང་འདིའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་སྟངས་དང་མ་ལག་གི་ཁྱད་ཆོས། རྩ་བའི་གཞུང་ལུགས་ཀྱི་བསམ་བློ་སོགས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱས་པ་ཧ་ཅང་ཉུང་བ་སྟེ། རྒྱལ་ཁབ་ཕྱི་ནང་གི་གསོ་རིག་དང་འབྲེལ་ཡོད་དུས་དེབ་ཏུ་སྤེལ་བའི་དཔྱད་རྩོམ་དང་ཆེད་རྩོམ་བརྩམས་ཆོས་དག་ནི་གཞུང་དོན་ལག་ལེན་དང་ལོ་རྒྱུས་སོགས་ཀྱི་ཆ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་ཤིན་ཏུ་མང་ལ། རིགས་ལམ་གྲུབ་སྟངས་དང་དེའི་ཁྱད་ཆོས་བརྗོད་པ་རེ་འགའ་ཡོད་ཀྱང་ནང་དོན་བྱེ་བྲག་གི་ཆ་ལས་གསོ་རིག་རྒྱུད་བཞིའི་གཞུང་དོན་ཧྲིལ་བོའི་ངོས་ནས་བརྗོད་པ་སྟོང་གནས་སུ་གྱུར་ཡོད་པས་འདིར་གསོ་རིག་གཏན་ཚིགས་རིག་པ་དང་རིགས་ལམ་ཞེས་བརྗོད་ན་ཚང་མར་ཆ་མེད་རྒྱུས་མེད་ཅིག་ཏུ་སྣང་སྲིད་མོད། འོན་ཀྱང་ལག་ལེན་དངོས་ལས་གསོ་རིག་གཏན་ཚིགས་རིག་པ་འདི་ཉིད་བེད་སྤྱོད་གཏོང་ཀྱིན་འདུག འདི་ལྟར་གླེང་བའི་ཚེ་ན་གསོ་རིག་པ་མང་པོ་ཞིག་གིས་གཏན་ཚིགས་རིག་པ་ལ་རིགས་བསྒྲེ་བ་མང་དྲགས་པར་འདོད་ངེས་པ་རེད། དེ་ནི་རྒྱུད་བཞི་ལ་རྒྱུས་ཆུང་ཞིང་གཏན་ཚིགས་རིག་པ་ལ་རྒྱུས་མེད་པའི་རྟགས་ལས་གཞན་གང་ཡང་མིན། ཚན་ཁག་དེ་མིང་གང་ཞིག་སྤྱད་པས་རང་གི་གསོ་རིག་ཕལ་བར་བསྒྱུར་བ་མིན་ཏེ། གསོ་བ་རིག་པ་དེའི་བརྗོད་བྱ་དག་བོད་རང་གི་གསོ་རིག་ལས་བྱུང་མིན་དེ་གཙོ་བོ་རེད། གལ་ཏེ་བརྗོད་བྱ་གཞན་ལས་བྱུང་ན་རང་མིང་བཏགས་ཀྱང་སྲོག་གཞན་གྱི་ཡིན་པའི་ཕྱིར། བོད་རང་གི་སྲོལ་རྒྱུན་གྱི་རིགས་པའི་འགྲོ་ཕྱོགས་ལྟར་གསོ་རིག་གཏན་ཚིགས་རིག་པའམ་རིགས་ལམ་གྱི་ཁྱད་ཆོས་ལྟ་བུའི་གླེང་ཞིག་སློང་བར་བྱ།
གཉིས་པ། གསོ་རིག་གཏན་ཚིགས་རིགས་ལམ་གྱི་སྒྲ་བཤད།
           གསོ་རིག་གཏན་ཚིགས་རིག་པ་ཞེས་པའི་གོ་དོན་ནི་གཏན་ཚིགས་རིག་པ་དང་གསོ་བ་རིག་པ་གཉིས་ཟུང་དུ་འབྲེལ་བའི་རིག་ཚན་ཞིག་ཡིན་མོད་ཀྱང་། དེ་གཏན་ཚིགས་རིག་པ་ལས་ལོགས་སུ་འབྱེད་ཐབས་མེད་ཅིང་གསོ་བ་རིག་པ་ལས་དེ་བས་ཀྱང་འབྱེད་ཐབས་མེད། དཔེར་ན། ངོས་བཟུང་རྟགས་ལས་ནད་ངོས་འཛིན་པའི་རིགས་ལམ་ཡོངས་རྫོགས་གཏན་ཚིགས་ཀྱིས་དཔྱད་དེ་ངོས་བཟུང་དགོས་པ་ལྟ་བུ་སྟེ། གསོ་རིག་རྒྱུད་བཞིའི་ངོས་བཟུང་རྟགས་ཀྱི་ལེའུ་ལས། མེ་དང་དུ་བ་ཇི་བཞིན་དུ།། ནད་ཀྱི་ངོས་ནི་རྟགས་ལ་བཟུང་།། བརྟག་ཐབས་མེད་པའི་སྨན་པ་ཡིས།། རྟགས་ཉིད་རྟགས་སུ་མི་ཤེས་ཏེ།། དུ་བ་རླངས་པར་འཁྲུལ་བ་འདྲ།། སྤྲིན་འདུས་ཆར་འབྱུང་ཟེར་བ་ལྟར།། མ་ངེས་རྟགས་སུ་བྱེད་པ་ཡོད།།① ཅེས་གསུངས་པའི་ཚིག་གི་དངོས་ཤུགས་གང་ནས་བལྟས་ནའང་གཏན་ཚིགས་རིགས་ལམ་གྱི་ཐབས་ལམ་ཁོ་ན་ཉིད་ལགས་སོ།། རིགས་ལམ་ཞེས་པ་ནི་རིག་པའི་གཞུང་ལུགས་ཀྱི་སྲོལ་ལམ་རྒྱུ་མཚན་ལ་གོ་དགོས་པ་སྟེ། རིགས་ལམ་དཔྱད་ལུགས།རིགས་ལམ་དཔྱོད་ལུགས། རིགས་པའི་འགྲོ་ཕྱོགས། འདང་རྒྱག་ཕྱོགས་ཀྱི་རིགས་པ་ལྟ་བུ་དང་། རིགས་ནི་རྒྱུ་མཚན་དང་གཏན་ཚིགས་ཀྱི་མིང་སྟེ། རིགས་པ་ལྟར་སྣང་། རིགས་པའི་གཞུང་ལུགས། རིགས་པས་གྲུབ་ལྟ་བུ། དེ་ལ་རིགས་པ་ནི་ཤེས་པའི་བྱེད་ལས་སམ་ཡིན་མིན་རྣམ་གཞག་བཤད་པའི་ཆ་ནས་བཏགས་པ་སྟེ། རྒྱུ་མཚན་གྱི་སྒོ་ནས་འདང་རྒྱག་ཕྱོགས་ལྟ་བུ་ཡིན་པ་ལ། དུང་དཀར་ཚིག་མཛོད་ལས། རིགས་པ་ནི་ཚད་མའི་གཞུང་ནས་བཤད་པ་ལྟར་དངོས་སྟོབས་ཀྱི་རིགས་པ་དང་། ཡིད་ཆེས་པའི་རྒྱུ་མཚན་ཡང་དག་ལ་བརྟེན་ནས་གཞུང་དོན་ལ་དོགས་པ་གཅོད་པ་②ཞེས་དང་། བོད་རྒྱ་ཚིག་མཛོད་ཆེན་མོ་ལས། རིགས་ལམ་ནི་རིགས་པའི་གཞུང་ལུགས་ཀྱི་སྲོལ། རིགས་ལམ་དཔྱོད་ལུགས།རིགས་ལམ་བཤད་ལུགས་③ཞེས་འབྱུང་ལ། གཏན་ཚིགས་ནི་དོན་གཏན་ལ་འབེབས་བྱེད་ཀྱི་ཚིག་ཕྲེང་གི་ཚིགས་སམ་དུམ་བུ་སྟེ། སྒྲུབ་བྱེད་དང་རྒྱུ་མཚན་ནོ།།④ ཞེས་ཚད་མའི་ཚིག་མཛོད་ལས་གསུངས་པ་དང་། རྟགས་ནི་གཏན་ཚིགས་དང་རྒྱུ་མཚན་ལ་གོ་དགོས་པས། རྟགས་དང་རྒྱུ་མཚན། རིགས་པ། གཏན་ཚིགས་སོགས་དོན་གཅིག་མིང་གི་རྣམ་གྲངས་དང་། ལམ་ནི་བགྲོད་པར་བྱ་བའི་འཇུག་ངོགས་སམ་བགྲོད་པར་བྱ་བའི་གཞི་སྟེ། བྱ་བ་བྱེད་ཚུལ་ལམ་ཐབས་ཀྱི་མིང་། དམིགས་ཡུལ་དང་འཆར་འགོད་ཀྱི་འབྲས་བུ་བྱ་བ་འགྲོ་ལམ་ལྟ་བུ་ཡིན་པས། མདོ་རུ་དྲིལ་ན་རིགས་པའི་ལམ་མམ་གཏན་ཚིགས་རིག་པ་ནི་ཐབས་རྒྱུ་མཚན་དང་བཅས་པའི་སྒོ་ནས་སྟོན་པའི་རིགས་པའི་གཞུང་ལུགས་ཀྱི་སྲོལ་ལམ་གཏན་ཚིགས་ལ་གོ་དགོས་པ་དང་། དེ་དང་རིགས་བསྒྲེ་ན་གསོ་རིག་རྒྱུད་བཞིའི་རིགས་ལམ་མམ་གཏན་ཚིགས་ཞེས་པའང་དེ་ལས་མ་འདས་པར་ཐབས་རྒྱུ་མཚན་དང་བཅས་པའི་སྒོ་ནས་གསོ་རིག་རྒྱུད་བཞིའི་རིགས་པའི་འགྲོ་ཕྱོགས་སམ་གཞུང་ལུགས་གྲུབ་པའི་སྲོལ་དང་གཏན་ཚིགས་ལ་གོ་བར་བྱའོ།།
           གཏན་ཚིགས་རིག་པ་ཞེས་པ་ནི་རྒྱུ་མཚན་རིག་པའམ་གཏན་ཚིགས་ཀྱི་སྒོ་ནས་ཡུལ་ལ་དཔྱད་པའི་རིག་པ་དང་ཡང་ན་གཏན་ཚིགས་བརྗོད་བྱར་བྱེད་པའི་རིག་པ་སྟེ་གཞུང་ལུགས་གཉིས་ལ་གོ་དགོས་ཏེ། ང་ཚོས་རྒྱུན་དུ་གླེང་བཞིན་པའི་གཏན་ཚིགས་རིག་པ་ཞེས་པ་གཏན་ཚིགས་བརྗོད་བྱར་བྱེད་པའི་གཞུང་ལུགས་ལ་གོ་བ་སྨོས་མ་དགོས་མོད། འོན་ཀྱང་རྗེ་ཙོང་ཁ་པ་དང་མཁས་གྲུབ་དགེ་ལེགས་དཔལ་བཟང་། རྒྱལ་ཚབ་དར་མ་རིན་ཆེན་སོགས་ཀྱིས་ནང་དོན་རིག་པ་དང་གཏན་ཚིགས་རིག་པ་གཉིས་ལ་མུ་བཞི་བརྩི་བའི་སྐབས་སུ་རིགས་པ་ལ་བརྟེན་ནས་བརྗོད་བྱ་གཏན་ལ་འབེབས་པའི་གཞུང་ལུགས་ཐམས་ཅད་གཏན་ཚིགས་རིག་པར་བརྩི་ཡོད། དེ་བས་གཏན་ཚིགས་རིག་པ་ལ་སྒྲ་ཡངས་འཇུག་དང་དོག་འཇུག་གཉིས་སུ་ཕྱེས་ན་ལེགས་སྙམ་པ་དང་། བོད་ཀྱི་རྒྱུད་བཞིའང་གཏན་ཚིགས་རིག་པའི་ཤུགས་ཤིན་ཏུ་ཆེ་བས་བརྗོད་བྱའི་དབང་དུ་བྱས་པའི་གསོ་རིག་གཏན་ཚིགས་རིག་པ་ཡིན་ཞེས་བརྗོད་ཀྱང་འགལ་བ་མེད་དེ། རྒྱུད་བཞིའི་སྟོད་སྨད་བར་གསུམ་གང་དུའང་གཏན་ཚིགས་ཀྱིས་མ་ཁྱབ་པ་མེད་ཅིང་། གཏན་ཚིགས་ནི་རྒྱུད་བཞི་དང་འབྲལ་ཐབས་མེད་པར་རྩ་དང་རུས་པ་ལྟ་བུར་གྱུར་འདུག་ལ་གསོ་བ་རིག་པའི་དར་རྒྱུད་ཀྱི་ངོས་ནས་བསམ་ནའང་གཞུང་ལུགས་ཆ་ཚང་བར་འགྱུར་བ་ལ་བརྗོད་བྱའི་ངོས་ནས་བཏགས་པའི་གསོ་རིག་གཏན་ཚིགས་རིག་པ་ཞིག་ངེས་པར་ཡོད་དགོས་པས་སོ།།
གསུམ་པ། གསོ་རིག་གཏན་ཚིགས་རིག་པའི་བྱུང་འཕེལ།
           གསོ་རིག་གཏན་ཚིགས་རིག་པ་དེ་ཤིན་ཏུ་གལ་ཆེན་དུ་མཐོང་བས་མང་པོ་ཞིག་གིས་དེ་ཉིད་ལག་ལེན་དུ་སྤྱོད་བཞིན་ཡོད་དེ། དཔེར་ན། དབྱི་ཏ་ལིས་ས་ལེ་རོའུ་(萨莱若)ཞེས་པས་བསྐྲུན་པའི་ནུབ་ཕྱོགས་ཀྱི་ཆེས་སྔ་བའི་གསོ་རིག་སློབ་ཆེན་གྱི་རྩ་དོན་ལས་ཀྱང་། སློབ་མ་དག་གིས་ཐོག་མར་གཏན་ཚིགས་རིག་པའི་རྨང་གཞི་མེད་པར་གསོ་བ་རིག་པའི་ཚན་རིག་སློབ་པར་འཇུག་མི་རུང་ཞེས་བཤད་ཡོད། ང་ཚོས་གཏན་ཚིགས་རིག་པ་ལོ་གསུམ་ལ་མ་སྦྱངས་ན་སློབ་མ་དག་ལ་གསོ་བ་རིག་པ་སྦྱངས་སུ་འཇུག་མི་རུང་བའི་གཏན་འཁེལ་བྱས་ཡོད་ཅེས་གསུངས། དེ་བས་གཏན་ཚིགས་ནི་ནད་བརྟག་གི་བསམ་གཞིག་ཁྲོད་དུ་ངེས་པར་དགོས་པ་ཞིག་ཏུ་གླེང་། འོན་ཀྱང་གཏན་ཚིགས་རིག་པ་ཆེད་དུ་གཞུང་ལས་མངོན་པ་ནི་རྒྱ་གར་གྱི་གསོ་བ་རིག་པའི་གཞུང《ཙ་ར་ཀའི་གཞུང་བསྡུས》ཞེས་པའི་བསྟན་བཅོས་དེ་ཉིད་ལགས་ཏེ། དུས་རབས་གཉིས་པའི་སྐབས་སུ་གསོ་བ་རིག་པའི་གཞུང་ལ་ཤིན་ཏུ་མཁས་པའི་ཙ་ར་ཀ་ཞེས་པ་དེ་རྒྱལ་བོ་ཀ་ཎི་ཤའི་དུས་སུ་རྒྱ་གར་ཡུལ་དུ་འཁྲུངས། ཁོང་གིས་སྨན་དཔྱད་ཀྱི་བསྟན་བཅོས་《ཙ་ར་ཀའི་གཞུང་བསྡུས་》⑤ཞེས་པ་བརྩམས་ཤིང་། གསོ་བ་རིག་པར་གཏན་ཚིགས་རིག་པ་མེད་དུ་མི་རུང་བར་དགོངས་ནས་གཞུང་འདིའི་ལེའུ་གསུམ་པར་རྟོག་གེའི་གཏན་ཚིགས་རྣམ་པ་ཞེ་བཞིར་⑥བསྡུས་ཏེ་སྐབས་དེའི་ཕྱི་ནང་ཐུན་མོང་གི་གཏན་ཚིགས་རིག་པ་ཁ་ཚང་ཞིག་བསྟན་ཞིང་། སྒྲུབ་ངག་ཡན་ལག་ལྔ་ལྡན་དུ་⑦བཤད་ཡོད་པས། གཞུང་འདི་ཉིད་འཛམ་གླིང་གསོ་རིག་ལོ་རྒྱུས་སུ་གསོ་བ་རིག་པའི་གཞུང་ནས་ཆེད་དུ་གཏན་ཚིགས་རིག་པ་ཞིབ་རྒྱས་སུ་གླེང་བའི་གཞུང་ཆེས་སྔ་མ་ཡིན་པར་འདོད།
           ཆེད་དུ་གསོ་རིག་གཏན་ཚིགས་རིག་པ་ཞེས་པའི་ཐ་སྙད་འདི་སྤྱད་ཅིང་ལོགས་སུ་གཞུང་ལུགས་ཤིག་བརྩམས་པ་ནི་གཙོ་བོ་ནུབ་ཕྱོགས་ནས་དར་བ་ཡིན་ལ། གསོ་རིག་གཏན་ཚིགས་རིག་པ་ཞེས་པ་(mediczl logic)སྟེ་རྒྱ་ཡིག་ཏུ་གསོ་རིག་གཏན་ཚིགས་སམ་(医学逻辑)གསོ་རིག་གཏན་ཚིགས་རིག་པ་(医学逻辑学)ཞེས་གླེང་ཡོད། 1819ལོར་གསོ་རིག་གཏན་ཚིགས་ཀྱི་སྤྱི་བཤད་(医学逻辑要义)ཅེས་པ་བྱུང་བ་དང་། འདི་ནི་རྒྱ་ནག་པ་དག་གིས་གསོ་རིག་གཏན་ཚིགས་རིག་པའི་དེབ་ཐོག་མ་ཡིན་པར་འདོད་མོད། དུས་རབས་གཉིས་པའི་དུས་སུ་རྒྱ་གར་བའི་སློབ་དཔོན་ཙ་ར་ཀ་བས་གསོ་རིག་དང་གཏན་ཚིགས་ཟུང་དུ་སྦྲེལ་བའི་བསྟན་བཅོས་《ཙ་ར་ཀའི་གཞུང་བསྡུས་》བརྩམས་ཡོད་པ་རེད། དེང་སྐབས་རྒྱ་ནག་གསོ་རིག་ལྟ་བུར་མཚོན་ན། གསོ་རིག་གཏན་ཚིགས་ཀྱི་གཞུང་གསར་རྩོམ་དང་། 《ཧོང་ཏིས་ནེ་ཅིན་》དང་《ཧྲང་ཧད་ལུང》 《པིན་ཚོད་ཀང་མུའུ་》སོགས་བསྟན་བཅོས་ཆེས་གྲགས་རྣམས་ཀྱི་གཞུང་གི་རིགས་ལམ་གྱི་གྲུབ་སྟངས་དང་། གཏན་ཚིགས་ཀྱི་རྣམ་གཞག་སོགས་ལ་ཞིབ་འཇུག་དང་། སྔོག་འདོན་བྱས་པའི་དཔྱད་རྩོམ་དང་གཞུང་ཤིན་ཏུ་མང་བས་དགེ་མཚན་མངོན་པར་མཐོ་ལ། གསོ་རིག་རྒྱུད་བཞིའི་སློབ་གསོ་དང་གཞུང་དོན་ལག་ལེན། སློབ་སྦྱོང་ཞིབ་འཇུག་སོགས་ལའང་རིགས་ལམ་གྲུབ་སྟངས་དང་།གཏན་ཚིགས་ཀྱི་རིགས་པ་བླ་མེད་ཅིག་ཤ་སྟག་ཏུ་སྲིད་པས་གསོ་རིག་རྒྱུད་བཞིའི་གཏན་ཚིགས་རིག་པའམ་གསོ་རིག་གཏན་ཚིགས་ཀྱི་གཞུང་ཞིག་ངེས་པར་ཡོད་ཆོག་གོ།
བཞི་བ། རྒྱུད་བཞི་ལས་བྱུང་བའི་གཏན་ཚིགས་རིག་པ།
           དེ་ཡང་གཏན་ཚིགས་ཞེས་པ་ནི་རྟགས་དང་རྒྱུ་མཚན་ལ་གོ་དགོས་པ་དང་། ཚུལ་གསུམ་ཚང་བའི་རྟགས་སམ་ཚུལ་གསུམ་ཚང་བའི་གཏན་ཚིགས་ལ་གོ་བ་ཡིན། ཚད་མ་རིགས་སྒོ་ལས། གཏན་ཚིགས་ནི་ཚུལ་གསུམ་མོ།། ཚུལ་གསུམ་གང་ཞེ་ན། ཕྱོགས་ཀྱི་ཆོས་ཉིད་དང་། མཐུན་པའི་ཕྱོགས་ཉིད་ལ་ཡོད་པར་ངེས་པ་དང་། མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པར་ཡང་ངོ་།། ཞེས་གསུངས་པ་དང་།ཕྱོགས་ཆོས་དང་། རྗེས་ཁྱབ་དང་། ལྡོག་ཁྱབ་སྟེ་ཚུལ་གསུམ་ཚང་བ་ནི་གཏན་ཚིགས་ཡང་དག་ཡིན་པར་བསྟན་ཏོ།། དེ་ལ་རྟགས་སུ་བཀོད་པ་རྟགས་ཀྱི་མཚན་ཉིད། དོན་ནི་བསྒྲུབ་པར་བྱ་བའི་དོན་གང་ཡིན་པ་ཞིག་སྒྲུབ་པ་ལ་ཆོས་གཞན་ཞིག་དེའི་སྒྲུབ་བྱེད་ཀྱི་རྒྱུ་མཚན་ནམ་རྟགས་སུ་བཀོད་པ་ན་ཆོས་དེ་དེ་སྒྲུབ་བྱེད་ཀྱི་རྟགས་སུ་གྱུར་བ་ཡིན་ཏེ། མགོ་ན་བ་ཆོས་ཅན། ནད་ཡིན་ཏེ། ཟུག་རྔུ་ཡིན་པའི་ཕྱིར། ཞེས་པའི་ཟུག་རྔུའི་ངོ་བོ་ཚོར་བ་མི་བདེ་བ་དེ་རྒྱུ་མཚན་དུ་བྱས་ནས་མགོ་ན་བ་ནད་ཡིན་པར་སྒྲུབ་པ་ལྟ་བུའོ།། རྟགས་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན་རྟགས་ཡང་དག་དང་དེའི་ལྡོག་ཕྱོགས་ཀྱི་རྟགས་ལྟར་སྣང་གཉིས་ཡོད།གསོ་རིག་གཏན་ཚིགས་རིག་པ་ནི་ངོས་བཟུང་རྟགས་དང་། གསོ་བྱེད་ཐབས། སྦྱོར་བ་སྨན་སོགས་མདོར་ན་གཞི་རྟགས་གསོ་གསུམ་གྱི་རྩ་བའི་རིགས་ལམ་གྱི་ཆ་གང་ལའང་ཆུ་དང་འོ་མ་བཞིན་འདྲེས་པར་གནས་ལ། བོད་ཀྱི་ཚད་མ་རིག་པ་ལས། ཚུལ་གསུམ་ཚང་བའི་གཏན་ཚིགས་དེ་གཏན་ཚིགས་ཡང་དག་གི་མཚན་ཉིད་དང་། དེ་སྒྲུབ་ཀྱི་ཚུལ་གསུམ་མ་ཡིན་པ་ནི་གཏན་ཚིགས་ལྟར་སྣང་དུ་འགྱུར་ཏེ། དབྱེ་ན། མ་ཞུ་བ་ཆོས་ཅན། ཚ་བའི་ནད་ཡིན་ཏེ། བད་ཀན་གྱིས་བསྐྱེད་པའི་ཕྱིར་རོ་ལྟ་བུ་འགལ་བའི་གཏན་ཚིགས་དང་། སྙིང་གཟེར་ཆོས་ཅན། གྲང་བའི་ནད་ཡིན་ཏེ། རླུང་གིས་བསྐྱེད་པའི་ཕྱིར་རོ་ལྟ་བུ་མ་ངེས་པའི་རྟགས་དང་། རི་བོང་རྭ་ཆོས་ཅན། སྨན་དུ་རུང་སྟེ། འབྱུང་བ་ལས་གྲུབ་པའི་དངོས་པོ་ཡིན་པའི་ཕྱིར་རོ་ལྟ་བུའི་མ་གྲུབ་པའི་གཏན་ཚིགས་དང་གསུམ་མོ།།
           གཏན་ཚིགས་ཡང་དག་ཤེས་པ་ལ་ལྟར་སྣང་ངེས་པར་ཤེས་དགོས་ཏེ། དཔེར་ན་གསོ་རིག་གཏན་ཚིགས་ལྡོག་པ་ནི་ནད་རྟགས་ངོས་མི་ཟིན་པའི་རྟགས་ཡིན་པས་ངེས་པར་གཏན་ཚིགས་ཡང་དག་ལ་བརྟེན་དགོས། གཏན་ཚིགས་ཀྱི་རྟགས་ཡང་དག་ལ་དབྱེ་སྒོ་དུ་མ་ཡོད་ཏེ། ངོ་བོའི་སྒོ་ནས་དབྱེ་བ་དང་། བསྒྲུབ་བྱའི་ཆོས་ཀྱི་སྒོ་ནས་དབྱེ་བ། སྒྲུབ་ཚུལ་གྱི་སྒོ་ནས་དབྱེ་བ། བསྒྲུབ་བྱའི་སྒོ་ནས་དབྱེ་བ། མཐུན་ཕྱོགས་འཇུག་ཚུལ་གྱི་སྒོ་ནས་དབྱེ་བ། རྒོལ་བའི་སྒོ་ནས་དབྱེ་བ་དང་དྲུག་ཡོད་དེ། འདིར་ངོ་བོའི་སྒོ་ནས་ཏེ། བསྒྲུབ་བྱའི་ཆོས་ཀྱི་ངོ་བོ་དང་འབྲེལ་བའི་ཅི་རིགས་ཀྱི་དབྱེ་ན་འབྲས་བུའི་རྟགས་ཡང་དག་དང་། རང་བཞིན་གྱི་རྟགས་ཡང་དག མ་དམིགས་པའི་རྟགས་ཡང་དག་དང་བཅས་གསུམ་སྟེ། འབྲས་རྟགས་ཡང་དག་ནི་འབྲས་བུ་ལ་བརྟེན་ནས་རྒྱུ་ལ་དཔྱད་པའི་རིགས་པ་སྟེ། རིགས་ལམ་འཕྲུལ་ལྡེ་ལས། ཁྱོད་དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གང་ཞིག ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡང་ཡིན། ཁྱོད་ཀྱི་རྒྱུ་ཡང་ཡིན་པའི་གཞི་མཐུན་སྲིད་པ་དེ། ཁྱོད་དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་པའི་མཚན་ཉིད་⑧ཅེས་གསུངས་པ་ལྟར། 《གསོ་རིག་རྒྱུད་བཞི་》ལས་བསྟན་པའི་ནད་ངོས་འཛིན་པའི་ཚུལ་ཕལ་ཆེ་བ་འབྲས་རྟགས་ལ་བརྟེན་ནས་རྒྱུ་ལ་དཔྱོད་པ་ཡིན། དཔེར་ན། ཉེས་པ་གསུམ་གྱི་ནད་གང་རུང་ཆོས་ཅན། ནད་ཡིན་ཏེ། རླུང་མཁྲིས་བད་ཀན་གསུམ་འཕེལ་ཟད་འཁྲུགས་གསུམ་གང་རུང་ལས་བྱུང་བ་ཡིན་པའི་ཕྱིར་རོ་ལྟ་བུའི་རིགས་པ་སྟེ། ནད་རྒྱུ་རེ་རེ་ལ་རྒྱུ་རྐྱེན་གྱི་རྣམ་གཞག་མཛད་པ་ཐམས་ཅད་རིགས་ལམ་གྱི་གཞི་འདི་ཡིན་པའོ།། རང་བཞིན་གྱི་རྟགས་ཡང་དག་ནི་རང་བཞིན་གྱི་ངོ་བོ་བདག་ཉིད་གཅིག་གི་ཆ་ནས་དཔྱོད་པའི་རིགས་པ་སྟེ།རིགས་ལམ་འཕྲུལ་ལྡེ་ལས། ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན་ན། ཁྱོད་དང་བདག་ཉིད་གཅིག་ཡིན་དགོས་པའི་ཆ་ནས་བཞག་པ་དེ། ཁྱོད་དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད།⑨ ཅེས་གསུངས་པ་ལྟར། གསོ་རིག་རྒྱུད་བཞི་ལས་བསྟན་པའི་ནད་ངོས་བྱེ་བྲག་པ་མང་པོ་ཞིག་རིགས་ལམ་འདིས་གཏན་འབེབས་བྱེད་པ་ཡིན། དཔེར་ན། ཉེས་པའི་དབྱེ་བ་བརྒྱ་རྩ་བཞི་ཆོས་ཅན། ནད་ཡིན་ཏེ། ཉེས་པ་གསུམ་གྱིས་བསྐྱེད་པའི་ཕྱིར་རོ་ལྟ་བུའི་རིགས་པ་སྟེ། ནད་ཀྱི་རང་བཞིན་ཁྱད་པར་མཁྲིས་པ་རྣོ་ཚའི་ངོ་བོ་རྟགས་སུ་བཀོད་པ་དང་། ཁྱད་པར་དག་པ་ལ་མཁྲིས་པའི་རྣོ་ཚ་ལ་འཕེལ་ཟད་འཁྲུགས་གསུམ་རྟགས་སུ་བཀོད་པ་སོགས་བྱེ་བྲག་རང་བཞིན་གྱི་ངོ་བོ་ལ་དཔྱོད་པའི་རིགས་ལམ་མོ།། མ་དམིགས་པའི་རྟགས་ཡང་དག་ནི་དགག་གཞིའི་སྟེང་དུ་དགག་བྱའི་ཆོས་དམིགས་བྱེད་ཀྱི་ཚད་མ་བཀག་པའི་སྒོ་ནས་དགག་བྱ་འགོག་པའི་རིགས་པ་སྟེ། རིགས་ལམ་འཕྲུལ་ལྡེ་ལས། ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན། དགག་པ་ཡང་ཡིན་པའི་གཞི་མཐུན་སྲིད་པ་དེ། ཁྱོད་དེ་སྒྲུབ་ཀྱི་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད།⑩ཅེས་གསུངས་པ་ལྟར། གསོ་རིག་རྒྱུད་བཞི་ལས་གསང་བ་མན་ངག་གི་གནས་ལུགས་བསྟན་པའི་རིགས་ལམ་ཕལ་ཆེ་བ་རིགས་ལམ་འདི་སྟེ། དཔེར་ན། རུས་པའི་གནས་ཆོས་ཅན། བད་ཀན་གྱི་ནད་མེད་དེ། རུས་པའི་གནས་སུ་བད་ཀན་ཞུགས་པ་དཀོན་པའི་ཕྱིར་རོ་ལྟ་བུ་དང་། མོ་ནད་གཙོ་ཕལ་ཆོས་ཅན། ཕོ་ལ་མི་འབྱུང་སྟེ། ནུ་མ་མངལ་དང་ཟླ་མཚན་མེད་པའི་ཕྱིར་རོ་སོགས་གནས་རང་བཞིན་གྱི་ཁྱད་པར་དང་སྣང་མ་སྣང་བའི་མ་དམིགས་པའི་རིགས་ལམ་འདི་ལས་ནད་སོ་སོའི་རང་བཞིན་གྱི་གནས་ལུགས་གཞན་དང་མ་འཁྲུལ་པར་ཐག་གཅོད་པའོ།།
           གཞན་སྒྲུབ་ཚུལ་གྱི་སྒོ་ནས་དངོས་སྟོབས་ཀྱི་རྟགས་ཡང་དག་དང་། གྲགས་པའི་རྟགས་ཡང་དག ཡིད་ཆེས་ཀྱི་རྟགས་ཡང་དག་བཅས་གསུམ་སྟེ། དངོས་སྟོབས་ཀྱི་རྟགས་ཡང་དག་ནི་དངོས་པོའི་ཆོས་ཉིད་ལ་བརྟེན་ནས་རྗེས་སུ་དཔག་པའི་ཚད་མའམ་རིགས་པ་ཡིན་ལ། དཔེར་ན། འབྲས་བུའི་སྒོ་ནས་ནད་ལ་བརྟག་པ་དང་། རང་བཞིན་གྱི་སྒོ་ནས་ནད་ལ་བརྟག་པ། མ་དམིགས་པའི་སྒོ་ནས་ནད་ལ་བརྟག་པ་སོགས་བརྟག་ཐབས་ཀུན་ཀྱང་འདི་ལ་བརྟེན་པ་ཡིན། འདི་ནི་སོ་སོ་སྐྱེ་བོས་རིགས་སྟོབས་ཀྱིས་དཔྱད་ནུས་པ་ཞིག་ཡིན་པས་གསོ་བ་རིག་པའི་ལག་ལེན་ཁྲོད་དུ་སྤྱོད་སྒོ་ཆེ་བ་ཞིག་ཡིན། གྲགས་པའི་རྟགས་ཡང་དག་ནི་འཇིག་རྟེན་ན་གྲགས་པའི་ཆོས་ཉིད་དམ་བརྡ་འམ་འདོད་པ་ཙམ་གྱིས་བཞག་པའི་རིགས་པ་སྟེ། སྨན་ངོ་ངོས་འཛིན་གྱི་སྐབས་སུ་སྨན་སྣ་རེ་རེའི་དབྱིབས་དང་ཁ་དོག་སོགས་གྲགས་པའི་རྟགས་ཡང་དག་གི་རིགས་ལམ་སྒྲུབ་པ་ལྟ་བུ། ཡིད་ཆེས་ཀྱི་རྟགས་ཡང་དག་ནི་དེ་སྒྲུབ་ཀྱི་བསྒྲུབ་བྱ་ལ་ཡིད་ཆེས་ཀྱི་རྗེས་དཔག་ཚད་མ་སྐྱེད་བྱེད་དེ། རང་ཡིད་ཆེས་པའི་ཚད་མའི་སྐྱེས་བུ་ཞིག་ལ་བརྟེན་ནས་རྟོགས་བྱེད་ཀྱི་གཏན་ཚིགས་སམ་རིགས་པ་ཡིན་ལ། དཔེར་ན། གསོ་རིག་རྒྱུད་བཞི་ལས། དང་པོ་རླུང་གི་ལྡང་ཚད་ལྒང་ཕུག་གང་།། མཁྲིས་པའི་ལྡང་ཚད་རང་གི་གསང་སྒྲོ་གང་།། བད་ཀན་ལྡང་ཚད་རང་གི་སྙིམ་པ་གསུམ།།⑾ ཞེས་གནས་ལུགས་རྟོགས་བྱེད་དུ་གསུངས་བ་དཔྱད་པ་གསུམ་གྱི་དག་པའི་ལུང་གི་ཚད་མ་ཡིན་པ་ལས་སོ་སོ་སྐྱེས་བུས་གཞལ་བྱ་མིན་པ་ལྟར། རྒྱུད་གཞུང་གི་དོན་མང་ཆེ་བ་ཡིད་ཆེས་རྗེས་དཔག་གི་རིགས་པ་ཡང་དག་འདི་ལ་བརྟེན་དགོས་པ་ལྟ་བུའོ།། ལྷག་པར་སྨན་རྫས་རིག་པའི་ཁྲོད་དུ་ཡིད་ཆེས་ཀྱི་རྟགས་ལ་བརྟེན་པའི་རིགས་པ་མང་སྟེ། རྡོ་རྗེ་ཕ་ལམ་དང་དངུལ་ཆུའི་འདུལ་སྦྱོང་། མུ་ཏིག་བདུན་ཅུ་སོགས་སྨན་སྦྱོར་སོ་སོའི་ནུས་པ་ལྟ་བུ་རིགས་སོ་སོ་སྐྱེས་བུའི་བློ་ཡུལ་ལས་འདས་བ་དང་། དེང་རབས་ཚན་རིག་གི་འཕྲུལ་ཆས་མང་པོས་ཀྱང་ནུས་པ་མིན་པ་བོད་ཀྱི་གསོ་རིག་གིས་འདུལ་སྦྱོང་ལེགས་པོ་དང་ནུས་པ་དབྱེ་འབྱེད་བྱེད་ཐུབ་པ་ནི་དངོས་པོའི་ཆོས་ཉིད་དང་འབྲེལ་བ་ཡོད་ནའང་སྐྱེས་བུ་ཆེན་པོ་ཞིག་གིས་མངོན་སུམ་དུ་གཟིགས་པ་ལས་ད་ལྟའི་ཚོད་ལྟས་མི་ཐུབ་པ་ལྟ་བུ་ལགས་ལ། ཙན་དན་དཀར་པོས་གློ་སྙིང་འཁྲུགས་ཚད་སེལ།། ཙན་དན་དམར་པོས་ཁྲག་གི་ཚད་པ་སེལ།། ལྟ་བུའི་སྨན་གྱི་ངོ་བོའི་ནུས་པ་འདི་ཡིད་ཆེས་ཀྱི་རྟགས་ལ་བརྟེན་པ་ལས་སོ་སོ་སྐྱེས་བུས་གཞན་བྱ་མིན་པ་ལྟར་གཞན་རྣམས་ཀྱང་རིགས་བསྒྲེ་བར་བྱའོ།།
ལྔ་བ། གསོ་རིག་གཏན་ཚིགས་རིག་པའི་དགོས་པ་དང་ཁྱད་ཆོས།
           གཏན་ཚིགས་རིག་པ་ནི་གཏན་ཚིགས་སམ་རྒྱུ་མཚན་ཡང་དག་ལ་བརྟེན་ནས་བླང་དོར་གྱི་གནས་མ་འཁྲུལ་བར་རིག་པར་བྱེད་པའི་ཐབས་སྟོན་པའི་རིག་གནས་ཤིག་ཡིན་ཕྱིར། མིའི་རིགས་ཀྱིས་ཕྱི་རོལ་ཡུལ་གྱི་ཆོས་རྣམས་རྒྱུ་མཚན་ཡང་དག་གིས་རྟོགས་པར་བྱེད་པའི་ཐབས་དང་རང་གི་གོ་བ་དེ་དག་སྒྲུབ་ངག་དང་སུན་འབྱིན་སོགས་ལ་བརྟེན་ནས་སྐྱེ་བོ་གཞན་ལ་རྟོགས་སུ་འཇུག་པའི་ཐབས་སམ་ལག་ཆ་ལྟ་བུ་ཡིན། གསོ་བ་རིག་པའི་གཞུང་གི་དོན་ཐམས་ཅད་མ་འཁྲུལ་བར་ལྷག་ལུས་མེད་པར་སློབ་པ་ལ་གཏན་ཚིགས་ཀྱི་རིགས་ལམ་འདི་ངེས་པར་མཁོ་བར་འདོད་ལ། གསོ་རིག་དཔལ་ལྡན་རྒྱུད་བཞིའང་རིགས་པ་འདི་དང་འབྲེལ་མེད་དུ་གནས་པས་བརྗོད་བྱ་རྗོད་བྱེད་ཀྱི་ཆ་ཐམས་ཅད་གཏན་ཚིགས་རིག་པ་དང་སྦྱར་བའི་གསོ་རིག་གཏན་ཚིགས་ཀྱི་མ་ལག་གྲུབ་ཐུབ་པ་བྱུང་ན་སླད་ཕྱིན་བོད་ཀྱི་གསོ་རིག་གི་ལོ་རྒྱུས་ཞིབ་འཇུག་དང་སློབ་གསོ་སློབ་ཁྲིད། ནད་ཐོག་ལག་ལེན། རིག་གཞུང་ཞིབ་འཇུག མན་ངག་ལག་ལེན་གྱི་བཀོལ་སྤྱོད་སོགས་ལ་མཛུབ་སྟོན་དང་ལམ་ཁ་གསར་བ་ལྟ་བུ་སྦྱིན་ཐུབ་པའི་དགེ་མཚན་ཁྱད་པར་བ་ལྡན་པ་སྟེ་། གསོ་རིག་རྒྱུད་བཞིའི་གཏན་ཚིག་རིགས་ལམ་ལས་གསོ་རིག་ཞིབ་འཇུག་གི་ཐབས་ལམ་རྒྱུད་བཞི་ལྟར་ཚགས་དམ་པ་དང་ཁུངས་བཙུན་པ། རྒྱ་ཆེ་བའི་ལུགས་ལྟར་ཤེས་རྟོགས་ཐུབ་ལ། གསོ་རིག་སློབ་གསོའི་ལམ་ལུགས་དང་སློབ་ཁྲིད་སྤུས་ཚད་མཐོར་འདེགས་དང་ལག་ལེན་གྱི་རིགས་ལམ་ལ་ཞིབ་འཇུག་བྱས་པས་སྨན་ཁང་གི་ཚན་པ་དང་བཅོས་ལུགས་རིགས་ལམ་ཇི་བཞིན་དུ་འགྲོ་བ། རིགས་ལམ་གྲུབ་སྟངས་ཀྱི་ཁྱད་ཆོས་ལས་གཞུང་ལུགས་ཀྱི་རྨང་གཞི་ཇེ་བརྟན་དང་ནད་ཐོག་ལ་འཇུག་པར་ལམ་ཁ་གསར་བ་དང་མ་འོངས་པར་གསོ་རིག་རྒྱུད་བཞིའི་དགོངས་པ་དང་རིགས་ལམ་ཐད་ལ་ཞིབ་འཇུག་དང་གཙིགས་ཆེན་བྱེད་མཁན་ཇེ་མང་དུ་འགྲོ་བར་སྐུལ་འདེད་བྱེད་ནུས་སོ།།
           གཞན་《གསོ་རིག་རྒྱུད་བཞིའི་》གཏན་ཚིགས་དང་མཐུན་པའི་རྒྱུ་མཚན་ངེས་པའི་སྒོ་ནས་རིགས་ལམ་ཅི་ཡིན་གྱི་ལུགས་སྟོན་པ་སྟེ། སྦྱོར་བའི་སྒོ་ནས་དབྱེ་བའི་འབྲས་རྟགས་ཡང་དག་དང་། རང་བཞིན་གྱི་རྟགས་ཡང་དག མ་དམིགས་པའི་རྟགས་ཡང་དག་བཅས་གསུམ་དང་། སྒྲུབ་བྱེད་ཀྱི་སྒོ་ནས་དངོས་སྟོབས་ཀྱི་རྟགས་དང་། གྲགས་པའི་རྟགས་དང་། ཡིད་ཆེས་ཀྱི་རྟགས་བཅས་གསུམ། ངོ་བོའམ་ཆོས་ཉིད་ཀྱི་སྒོ་ནས་ལྟོས་པའི་རིགས་པ་དང། བྱ་བ་བྱེད་པའི་རིགས་པ། གཏན་ཚིགས་སྒྲུབ་པའི་རིགས་པ། ཆོས་ཉིད་ཀྱི་རིགས་པ་བཅས་བཞི་སྟེ་གཏན་ཚིགས་རིགས་པ་བཅུ་ཡིས་གསོ་རིག་རྒྱུད་བཞིའི་གཞུང་དང་ལག་ལེན་གཉིས་ཀྱི་རིགས་ལམ་སྔོག་འདོན་དང་། རིགས་ལམ་གྱི་གྲུབ་སྟངས་ལ་དངོས་ཡོད་ཚད་མས་རིགས་སྒྲུབ། མངོན་ལྐོག་གཉིས་སུ་འདུ་བའི་རིགས་ལམ་གྱི་ཆ་ཡོངས་ཆོས་ཉིད་མཐར་གཏུག་ཚད་མས་གཏན་ལ་འབེབས་པ་བཅས་གསོ་དཔྱད་ལུང་རིགས་ཚད་མ་གསུམ་གྱི་སྒོ་ནས་གཏན་ལ་ཕབ་སྟེ་བོད་རང་གི་སྲོལ་རྒྱུན་གྱི་རིགས་པའི་འགྲོ་ཕྱོགས་ལྟར་གཏན་ཚིགས་རིག་པའི་ཐབས་ཀྱིས་ཞིབ་འཇུག་གི་མཐའ་ཆོད་པར་བྱེད་པའི་དགེ་མཚན་མངོན་པར་མཐོ་བའོ།།
དྲུག་པ། མཇུག་བསྡུ་བའི་གཏམ།
           བོད་ནི་འཛམ་གླིང་དུ་གཏན་ཚིགས་རིག་པ་ཆེ་ཆེར་དར་བའི་མི་རིགས་ཤིག་ཡིན་ཞིང་། གཏན་ཚིགས་རིག་པ་འདི་ཉིད་རྒྱ་གར་གྱི་ནང་བའི་གཏན་ཚིགས་རིག་པ་ལས་བྱུང་ཞིང་དར་ལ། འཛམ་གླིང་རིག་གནས་འཕེལ་བའི་ལོ་རྒྱུས་ལ་བལྟས་ན་གཏན་ཚིགས་རིག་པ་འདི་ནི་མཚན་ཉིད་རིག་པ་དང་། སྒྲ་རིག་པ། གསོ་བ་རིག་པ་སོགས་གང་དུའང་སྤྱོད་བཞིན་ཡོད་མོད། རང་རེའི་བོད་ལ་མཚོན་ན་དགོན་སྡེའི་ཆོས་གྲྭ་ལས་བདའ་ཐུབ་ཀྱིན་མེད། བོད་ཀྱི་དགོན་སྡེའི་ཆོས་གྲྭའི་ནང་གི་ཚད་མ་རིག་པ་དེས་ནང་དོན་རིག་པ་དང་ཆབ་སྲིད་བཅས་ལ་ནུས་པ་འདོན་ཀྱི་མེད་པ་ཞིག་གཏན་ནས་མིན་ཡང་རིག་ཚན་གཞན་གྱིས་སྤྱོད་པ་ཤིན་ཏུ་དམན། ལྷག་པར་བོད་ཀྱི་གསོ་བ་རིག་པ་དང་བཟོ་རིག་པ་ལ་ངེས་པར་མཁོ་ཞིང་འབྲལ་དུ་མེད་པ་དག་གིས་སྤྱོད་སྒོ་ཤིན་ཏུ་ཆུང་། བོད་ཀྱི་གསོ་བ་རིག་པ་དར་རྒྱས་སུ་འགྲོ་བ་ལ་རྒྱུད་བཞིའི་འབྲུའི་དེད་ཀྱི་ལག་ལེན་ཙམ་གྱིས་མི་ཆོག་པར། 《རྒྱུད་བཞི་》ལས་བྱུང་བའི་སྨན་རྫས་རིག་པ། ནད་རྟགས་རིག་པ། ནད་བཅོས་རིག་པ། ནད་གཡོག་རིག་པ་སོགས་དགོས་པ་མ་ཟད།གསོ་རིག་སེམས་ཁམས་རིག་པ་དང་། གསོ་རིག་སློབ་གསོ་རིག་པ། གསོ་རིག་གཏན་ཚིགས་རིག་པ་སོགས་དེ་བས་ཀྱང་མཁོ། འོན་ཀྱང་ད་སྐབས་དེ་དག་བོད་ཀྱི་གསོ་རིག་ལག་ལེན་དང་གཞུང་ལུགས་ཁྲོད་དུ་ས་བཅད་སྟོང་བར་ལུས་ཡོད་པས་སྐལ་ལྡན་དག་གིས་གཞུང་ལུགས་ཀྱི་ངོས་ནས་དཔྱད་པ་གཏོང་དགོས་ལ། རྗེས་སུ་ལག་ལེན་ལ་ཞུགས་ནས་ཡར་རྒྱས་སུ་བཏང་ན་དེས་བོད་ཀྱི་གསོ་རིག་གི་ཚགས་ཇེ་ཞིབ་ཏུ་གཏོང་བ་ལ་ཕན་པ་ཆེན་པོ་ཡོད། དེ་བས་བོད་ཀྱི་གསོ་བ་རིག་པའི་ལས་གཉེར་གྲལ་མཐའ་བ་བདག་གིས་ཆང་ངན་རུང་གླུ་ཡི་སྣ་འདྲེན་ཞེས་པའི་དཔེ་ལྟར་གླེང་ཞིག་བསླངས་པ་ལགས་སོ།།
མཆན་འགྲེལ།
           ① གཡུ་ཐོག་ཡོན་ཏན་མགོན་པོ།《གསོ་རིག་དཔལ་ལྡན་རྒྱུད་བཞི》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1992ལོ། P82
           ②《དུང་དཀར་བློ་བཟང་འཕྲིན་ལས། 《དུང་དཀར་ཚིག་མཛོད་ཆེན་མོ》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོ། P1909
           ③〈མི་རིགས་དཔེ་སྐྲུན་ཁང་། 《བོད་རྒྱ་ཚིག་མཛོད་ཆེན་མོ》 1993ལོ། P2682
           ④སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 《བོད་རྒྱ་ཚད་མ་རིག་པའི་ཚིག་མཛོད》 1988ལོ། P133
           ⑤རྒྱ་གར་གྱི་གསོ་བ་རིག་པའི་གཞུང་《ཙ་ར་ཀའི་གཞུང་བསྡུས་》ནི་བོད་སྐད་དུ་འགྱུར་མེད་མོད། 2009ལོའི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ། དེབ་གཉིས་པར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཚད་མ་རིག་པའི་དགེ་རྒན་ཆེན་མོ་བློ་བཟང་ཆོས་གྲགས་ཀྱི་《ཙ་ར་ཀའི་སྨན་གཞུང་ལས་བྱུང་བའི་གཏན་ཚིགས་རིག་པའི་དགོངས་དོན་ལ་དཔྱད་པ》ཞེས་པའི་རྩོམ་ཡིག་སྤེལ་ཏེ་གཞུང་འདི་ལས་བྱུང་བའི་གཏན་ཚིགས་རིག་པའི་སྐོར་ངོ་སྤྲོད་ཞིབ་མོ་གནང་ཡོད།
           ⑥ཙ་ར་ཀའི་སྨན་གཞུང་ལས་བྱུང་བའི་རྟོག་གེའི་ཚིག་དོན་ཞེ་བཞི་ནི། 1བརྗོད་པ། 2རྫས། 3ཡོན་ཏན། 4ལས། 5སྤྱི། 6བྱེ་བྲག7འདུ་བ། 8དམ་བཅའ། 9སྒྲུབ་པ། 10ལོག་པར་སྒྲུབ་པ། 11གཏན་ཚིགས། 12དཔེ། 13ཉེ་བར་སྦྱར་བ། 14མཇུག་བསྡུ་བ། 15ལན་གྱིས་འགོག་པ། 16ངེས་པར་བརྗོད་པ། 17སྒྲ། 18མངོན་སུམ། 19རྗེས་དཔག20ལུང་ཚད་མ། 21དཔེ་ཚད་མ། 22ཐེ་ཚོམ། 23དགོས་པ། 24ངེས་པ་མེད་པ། 25ཤེས་འདོད་པ། 26གཏན་ལ་ཕབ་པ། 27དོན་གྱི་གོ་བ། 28རྗེས་སུ་བྱུང་བའི་ཚད་མ། 29འདྲི་བར་བྱ་བ། 30འདྲི་བ་མེད་པ། 31འདྲི་བར་བྱེད་པ། 32དྲིས་པ་ལ་ཕྱིར་འདྲི་བ། 33ཚིག་དོར་བ། 34ཚིག་དག་པ། 35ཚིག་ལ་འཁྲི་ནས་རྩོད་པ། 36གཏན་ཚིགས་ལྟར་སྣང་། 37དུས་ལས་འདས་པ། 38སྐྱོན་སྟོན་པ། 39སུན་འབྱིན། 40དམ་བཅའ་དོར་བ། 41མི་འདོད་པ་འདོད་པར་འཐད་པ། 42གཏན་ཚིགས་ཐ་དད་པ། 43དོན་ཐ་དད་པ། 44ཚར་གཅད་པ་དང་ཞེ་བཞིའོ།།
           ⑦འདི་ནི་སློབ་དཔོན་ཕྱོགས་གླང་གི་སྔོན་དུ་རྒྱ་གར་དུ་ཡོངས་སུ་དར་བའི་སྒྲུབ་ངག་ཅིག་ཡིན་ཞིང་། འདི་ལ་ཡན་ལག་ལྔ་ཡོད་པས་སྒྲུབ་ངག་ཡན་ལག་ལྔ་ལྡན་ཟེར། དེ་ནི་དམ་བཅའ། གཏན་ཚིགས། དཔེ། ཉེ་བར་སྦྱར་བ། མཇུག་བསྡུ་སྟེ། བདག་རྟག་པ་ཡིན་ཏེ། (དམ་བཅའ)བྱས་པ་མ་ཡིན་པའི་ཕྱིར། (གཏན་ཚིགས)དཔེར་ན་ནམ་མཁའ་བཞིན། (དཔེ)ནམ་མཁའ་བྱས་པ་མ་ཡིན་པ་བཞིན་དུ་བདག་ཀྱང་བྱས་པ་མ་ཡིན། (ཉེ་བར་སྦྱར་བ)དེའི་ཕྱིར་བདག་རྟག་པ་ཡིན། (མཇུག་བསྡུ་བ)ལྟ་བུ། སློབ་དཔོན་ཕྱོགས་གླང་ནས་སྒྲུབ་ངག་ཡན་ལག་གཉིས་ལྡན་གཙོ་བོར་བཟུང་སྟེ། གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བྱས་པ་བཞིན། སྒྲ་བྱས་སོ་ཞེས་པ་ལྟ་བུ་སྟེ་ཁྱབ་པ་བརྗོད་པ་དང་ཕྱོགས་ཆོས་བརྗོད་པ་གཉིས་ཏེ་དཔེ་བརྗོད་པ་ཁྱད་པ་བརྗོད་པའི་ནང་དུ་འདུས་སོ།།
           ⑧ཡོངས་འཛིན་ཕུར་ལྕོག་པ་བློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་མཚོ། 《རིགས་ལམ་འཕྲུལ་ལྡེ》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2005ལོ། P310
           ⑨⑩ཡོངས་འཛིན་ཕུར་ལྕོག་པ་བློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་མཚོ། 《རིགས་ལམ་འཕྲུལ་ལྡེ》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2005ལོ། P314 P316
           ⑾གཡུ་ཐོག་ཡོན་ཏན་མགོན་པོ། 《གསོ་རིག་དཔལ་ལྡན་རྒྱུད་བཞི》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1992ལོ། P21

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1