གཙོ་ངོས།>> རྩོམ་རིག>>ལྷུག་རྩོམ།

རྩོམ་སྒྲིག་པ།ཡོང་ཁུངས།ཁྲི་སྐལ་བཀྲ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༧ཚེས་༠༨ཉིན།

༄༅།། གད་སྙིགས།


མཚོ་ལྷོ། ཁྲི་སྐལ་བཀྲ།
        མདང་དགོང་གད་སྙིགས་ཞེས་པའི་ཐ་སྙད་འདི་སེམས་སུ་རུམ་ནས་གཉིད་ཞིམ་པོ་ཞིག་རོལ་བའི་ཚོར་སྣང་ཡེ་ནས་མ་བྱུང་ལ། རྨི་ལམ་ནང་དུ་འཕྱན་ཏེ་བདེ་བ་དེའང་མྱང་རྒྱུ་རྩ་ནས་རྫོགས་སོང་བ་དང་འདྲ། ཆུང་མ་དང་བུ་ཆུང་གཉིས་ཀ་སྔར་ནས་གཉིད་ཀྱི་ཞིང་དུ་ཡུར་བ་དེ་ནི་ང་ལ་འབྲེལ་བ་ཅི་ཡང་མེད་པས། ང་རང་གཉིད་མ་ཁུག་པའི་སེམས་ཁུར་དེའང་མ་བུ་གཉིས་ཀར་འབྲེལ་བ་མེད། ང་རང་སྤྱིར་བཏང་གི་དགེ་རྒན་ཞིག་ཡིན་རུང་གཞན་གྱི་བྱིས་པ་རང་གི་བུ་རུ་གཅེས་རྒྱུར་ཧ་ཅང་དཀའ་ནའང་སེམས་ཁུར་བྱ་ཡུལ་ལ་ངེས་པར་དུ་འགན་འཁྲི་ཞིག་འདུག་པའི་ཚོར་སྣང་མ་བཅོས་ཟོལ་གྱིས་འཁོར་བས་ཡིན་ངེས། ད་ནངས་མལ་ལས་ལངས་མ་ཐག གད་སྙིགས་ནི་མི་གཙང་བའི་དངོས་པོ་དང་མི་མཁོ་བའི་དངོས་པོ་སྟེ། བསྲེགས་ཐལ་དང་ས་རྡུལ། ཤོག་ཧྲལ། རུལ་ཟས། ཟས་ལྷག་འཐུང་འཕྲོ། ཐུམ་སྣོད། འགྱིག་ཤོག འཕྱི་ཤོག སྣབས་ཤོག་ལ་སོགས་པ་མིས་ལོངས་སུ་སྤྱད་དེ་བཀོལ་ཟིན་པའི་དངོས་པོ་གཅིག་ཏུ་སྤུངས་པ་དེ་ལ་གོ་བཞིན་འདུག་ཙང་།མཐའ་མར་སུ་ལའང་མི་མཁོ་ཞིང་སུས་ཀྱང་ལྟ་མི་བཟོད་པ་དང་སུས་ཀྱང་མིག་ནང་དུ་མི་འཇོག་པ་ནི་རྒྱུན་འབྱམས་སུ་སོང་བའི་གོམས་སྲོལ་ཁྲོད་ན་ལྷག་པའི་ཆད་སྣང་དང་སུན་སྣང་ཅན་དུ་གྱུར་པ་དེ་ལའང་གོ་མི་ཆོག་ས་མི་འགྲོ་བ་རེད།
        ངས་ཁ་སང་ཕྱི་དྲོར་ང་རང་གཅིག་པུ་ཕྱི་རུ་འཆམ་འཆམ་དུ་འགྲོ་དུས། ཏག་ཏག་ལམ་འགྲམ་གྱི་ངལ་གསོ་སའི་རྐུབ་སྟེགས་སྟེང་དུ་བསྡད་པའི་སྙིང་རྗེ་བའི་བུ་མོ་ཆུང་ཆུང་དེ་དང་དེའི་ཆ་མི་ཚང་བའི་ཁ་བརྡ་དག་ཡིད་ལ་འཁོར་འོང་། དེ་རིང་གཟའ་ཉི་མ་ཡིན་པས་སྔ་དྲོ་ང་ལ་བྱ་བ་ཙག་ཙིག་ཅི་ཡང་མེད་ལ་ཉིན་གུང་གྲོགས་པོའི་བརྡ་ཡོང་ཚེ། ལྷན་དུ་སྤྱི་ལེ50ཡོད་པའི་གཡག་ལུང་སྡེ་བའི་དབུལ་ཁྱིམ་ཞིག་ལ་དབུལ་སྐྱོར་དངོས་པོ་གནང་སྦྱིན་གཏོང་བར་འགྲོ་དགོས་པ་དེ་མ་གཏོགས་ལས་ཀ་མི་འདུག ད་ནི་མལ་ལས་ལངས་སྔ་བས་ཕྱི་རུ་ལུས་ཕུང་འགུལ་སྐྱོད་ལ་སོང་། སྲང་ལམ་ན་གད་སྙིགས་འདྲུད་པའི་རླངས་འཁོར་གྱི་སྙིགས་སྒམ་དུ་ཤོག་ཧྲུལ་ལག་པས་འཐུས་ཏེ་འཕེན་པའི་བྱིས་པ་ཞིག་དང་སྡུད་མས་ཕྱགས་ཏེ་གད་སྙིགས་སྤུངས་ཐོ་ཕོས་པའི་ཨ་ནེ་རྒན་མོ་གཉིས་ཀ་མཐོང་བ་ན། གློ་བུར་དུ་ཡིད་ལ་ཁ་སང་གི་བུ་མོ་ཆུང་ཆུང་དེ་དྲན་པ་དང་། ཐག་ཅུང་མི་རིང་སའི་ཁ་སང་གི་ངལ་གསོ་སར་སོང་ནས་ཙོག་པུར་བསྡད་དེ་གཅིག་པུས་ཐ་མག་རྐང་གཅིག་རྔུབ་འཐེན་བྱས། “དགེ་རྒན་གྱིས་ང་ལ་གཅར་རྡུང་བཏང་རྗེས། སློབ་གྲོགས་ཚོའི་མདུན་ནས་སྐྱག་ཕྲུག་འདི་ལུང་བ་དེའི་གད་སྙིགས་རེད་ཡ། གད་སྙིགས་ངོ་མ་རེད་ཟེར་བས། ཨ་ཁུ་ལགས། ངའང་གད་སྙིགས་ལྟར་འབོ་ས་ཞིག་ཡོད་ན་ཅི་མ་རུང་འདོད”ཅེས་དང་། ཡང“དགེ་རྒན་གྱིས་ད་རུང་ངས་ལས་བྱ་བྲིས་མ་ཚར་བ་དང་འབྲི་མ་ཤེས་པའི་གནས་ཚུལ་དག་ཁྱིམ་བདག་ཚོགས་འདུའི་སྟེང་དུ་ངའི་ཨ་མར་བཀའ་བཀྱོན་གནང་སྟེ་འདི་ཁྱེད་ཚང་གི་གད་སྙིགས་རེད། ཡི་གེ་བྲིས་བྲིས་ཚང་མའང་གད་སྙིགས་རེད་ཟེར། ཨ་ཁུ་ལགས། ང་ཡི་གེ་འབྲི་མི་ཤེས་པ་ཞིག་གཏན་ནས་མིན་ལ། ངའི་ལག་པར་སྐྲངས་འབུར་བཟོས་ནས་འབྲི་མ་བདེ་བས་ཡིན། གཅར་ནས་སྐྲངས་འབུར་བཟོས་པ་དེ་ལ་བཟོད་བསྲན་བྱས་ན་ཆོག་མོད། སྐྲངས་འབུར་དེས་ང་ལ་གད་སྙིགས་ཀྱི་མིང་ཐོགས་སུ་བཅུག་པ་རེད་འདོད”ཅེས་སྙིང་རྗེ་བའི་སྐད་ཆ་དག་གིས་ང་ཡང་བསྐྱར་སད་དུ་བཅུག་ལ། ལན་རེར་ང་རང་བུ་མོ་ཆུང་ཆུང་ལ་སེམས་འགུལ་གཏིང་ནས་ཐེབས་འོང་། རྒྱུ་མཚན་ནི་ཁོ་མོས་རང་གི་དགེ་རྒན་དེ་ལ་བཀུར་བརྩི་དང་རང་ཉིད་ལན་ཆགས་ཤིག་ཡིན་པའི་འདུ་ཤེས་བཟུང་འདུག ཡིན་ནའང་། ང་ནི་ཕལ་ཆེར་མདང་དགོང་གི་གཉིད་མ་ཁུགས་པའི་མཚན་མོའི་ཁ་དོག་དང་ད་ནངས་སྔོ་ལྷོག་ལྷོག་ཏུ་འཕྱུར་བའི་ཁ་ནང་གི་དུ་བའི་ཀློང་ནས་གད་སྙིགས་བོས་པའི་ན་ཟུག་གི་མཚང་མིང་དེས་ནད་པར་བཏང་འདུག་སྙམ།
        ལས་བྱ་ནི་སློབ་གྲྭ་ནས་བྲིས་མ་ཚར་ན་ཁྱིམ་ནས་བྲིས་ཚར་རམ། ལས་བྱ་ནི་ཁྱིམ་ནས་བྲིས་ཚར་ན་སློབ་གྲྭ་ནས་བྲིས་ཚར་རམ། ཨ་ཁ་ཁ། དགེ་རྒན་ཞིག་ཡིན་ན་རང་གི་ལག་པ་རང་གི་སེམས་ཁར་བཞག་ནས་འདང་རྒྱག་ཧ་ཅང་ཆེ་དགོས། བུ་མོ་ཆུང་ཆུང་གིས་ཀྱང་སློབ་གྲྭ་རུ་ཟླ་ཕྱེད་གནང་གཏོང་གི་ཉིན་བཅུའི་བར་དུ་བསླབ་གཞི་ག་ཙམ་ཞིག་ལ་ལས་བྱའི་ཁ་གྲངས་མང་མེད་ན་ཉུང་ངུ་ཞིག་བྲིས་ཡོད་ས་མ་རེད། གཅིག་ཉིན་གཅིག་ལ་མཐུད་དེ་ཟླ་ཕྱེད་ཀྱི་གནང་བར་ཡང་ངལ་གསོ་མི་སྟེར་བར་བསླབ་དེབ་རེ་རེ་དག་བསྡོམས་ན་ལག་འབྲི་ལས་བྱ་རི་ལྟར་བརྩིགས་ཏེ་མི་ཚར་བའི་སྟེང་དུ་བློ་འཛིན་ལས་བྱ་ཐོག་འདྲ་རེ་འཕངས་ནས་བཞག དེ་ནི་དགེ་རྒན་ཚོས་རང་གི་བྱ་བ་ཡག་པོ་ཞིག་འགྲུབ་སོང་སྙམ་པ་ལས་དོན་དུ་སློབ་མའི་སེམས་ཁམས་བདེ་ཐང་དང་ལུས་པོ་ངལ་གསོ་བྱ་དགོས་པར་སེམས་ཁུར་ཅི་ཡང་མི་འདུག དོན་ངོ་མར་བཤད་ན་བུ་མོ་ཆུང་ཆུང་གི་དགེ་རྒན་དེ་ལྟ་བུ་ཡིན་ན་ལས་བྱ་མང་པོ་བཞག་ནས་ཁྱིམ་བདག་ལ་བཙན་འདེད་བྱས་ཏེ། བཀག་སྡོམ་དང་བཀའ་བཀྱོན་གནང་ནས་སློབ་གསོ་ཟེར་བ་ཁྱིམ་ཚང་ལ་སློབ་གསོ་མེད་སོང་བ་མ་གཏོགས་སློབ་གྲྭའི་དགེ་རྒན་ལ་མེད་སོང་བ་མ་རེད། ཁྱེད་ཚང་གི་བྱིས་པ་གད་སྙིགས་ལྟ་བུ་རེད་ཟེར་དུས། ཡང་ང་ཚོའི་འཛིན་བདག་མི་གཅིག་གིས་སློབ་ཁང་ནང་དུ་བཀང་འདུག་པའི་སློབ་མ་བཞི་ཅུ་ལྔ་བཅུ་ལྷག་ལ་སློབ་གསོ་གཏོང་ཐུབ་པ་ལ་ཁྱིམ་བདག་ཕ་མ་གཉིས་ཀས་རང་གི་བུ་བུ་མོ་གཅིག་པུ་ལའང་ངན་ལངས་སྐྱག་ལངས་སུ་བཏང་ནས་སློབ་གསོ་གཏོང་མི་ཐུབ་ན་ངོ་མ་གད་སྙིགས་མ་རེད་དམ་ཟེར་དུས། ངའི་སེམས་སུ་སྙིང་རྗེ་བའི་བུ་མོ་ཆུང་ཆུང་དེ་གད་སྙིགས་སུ་གཏན་ནས་མི་འདོད་ལ། དགེ་རྒན་དེ་ནི་ད་གཟོད་བསམ་བློ་གཏོང་མི་ཤེས་ཤིང་ཐབས་བཀོད་དང་བློ་རྒྱའང་ཅི་ཡང་མེད་པའི་གད་སྙིགས་ལྟ་བུ་རེད་དེ། ནར་མ་སོན་པའི་ལག་པ་ཆུང་ཆུང་དེའི་སྟེང་ལ་དགེ་རྒན་རང་ཉིད་ཀྱི་མཐེ་ཆེན་དང་འདྲ་བའི་དབྱུག་པས་བཙན་ཤེད་ཀྱིས་བརྡེགས་ནས་སྐྲངས་འབུར་བཟོས་ཏེ་ལས་བྱ་འབྲི་རུ་བཅུག་པ་ནི་གད་སྙིགས་ལས་བཙོག་པའི་བྱ་སྤྱོད་ཅིག་མ་ཡིན་ནམ། དགེ་རྒན་ལགས། གད་སྙིགས་ནི་མི་ཚང་མས་འཇོག་སྟངས་ནོར་བའི་དངོས་པོ་ཞིག་རེད་ལ། ཁྱེད་ཀྱིས་རང་གི་སློབ་མར་གད་སྙིགས་བོས་ཏེ་མཚང་མིང་བཏགས་པ་དེ་ནི་དངོས་གནས་ཁྱེད་ཀྱིས་བུ་སློབ་སྐྱོང་ཚུལ་ནོར་བའི་སློབ་གསོ་ཞིག་རེད་ཨང་།
        གློ་བུར་དུ་ངའི་ལག་པ་ཚ་ལམ་མེར་བཏང་བས། ད་གཟོད་ཞིབ་མདང་དང་སེམས་ཁུར། ཁོང་ཁྲོ་སོགས་ལས་ཕྱིར་ཕུད་པ་ལྟར་ཐ་མག་རྐང་གཅིག་ཇི་ལྟར་བརྔུབས་ནས་ཚར་བ་མ་ཤེས་ཤིང་། མྱུར་དུ་ཐ་མག་གི་དུ་སྣེ་ཐང་ནས་བླངས་ནའང་རང་ཉིད་ཀྱི་མཐའ་འཁོར་ཡོངས་དུ་བས་མག་མོག་ཏུ་བཟོས་སོང་ལ། སྐྱ་ཆིལ་ཆིལ་གྱི་དུ་བ་དག་རིམ་བཞིན་ཞོགས་རླུང་ཁྲོད་མངོན་མེད་དུ་གྱུར། འོ། ད་ནི་ཕྱིར་ཁྱིམ་དུ་ལོག་ནས་གཡག་ལུང་སྡེ་བའི་དབུལ་ཁྱིམ་བཀྲ་ཤིས་ཚང་གི་བུ་མོ་ཆུང་ཆུང་ཆོས་སྐྱིད་དབང་མོ་ལའང་གད་སྙིགས་ལྟ་བུའི་མཚང་མིང་ཞིག་བཏགས་ཡོད་མེད་མི་ཤེས་རུང་། ཕལ་ཆེར་དགེ་རྒན་དེ་ལྟ་བུར་ཡོད་མེད་ལ་འདྲི་རྒྱུ་ཐེངས་འདིའི་དབུལ་སྐྱོར་ཁྱིམ་ཚང་དུ་ལྷག་པའི་སེམས་སྡུག་བྱ་ཡུལ་ཅིག་ཏུའང་འཁོར་འོང་ལ། ཞིབ་འདང་རེ་བརྒྱབ་ན་གཞི་རིམ་གྱི་བྱིས་པའི་གནོན་ཤུགས་དེ་ནི་ཁྱིམ་བདག་གི་གནོན་ཤུགས་ཡིན་སྟབས། རང་གི་གནོན་ཤུགས་ཀྱང་ཡིན་པའི་འདུ་ཤེས་སྐྱེས་ཤིང་། སློབ་གྲྭ་ན་ཡོད་སྐབས་གོང་རིམ་ནས་བར་ཤོར་སློབ་མ་རྩིས་འདེད་བྱས་ཚེ། སློབ་གྲྭས་ཀྱང་བར་ཤོར་སློབ་མ་ནི་རྗེས་ལུས་སློབ་མ་དེ་དག་སློབ་མཚམས་བཞག་པའི་གནས་ཚུལ་ཚབས་ཆེན་ཡིན་ཚུལ་ཞུ་བཞིན་ཡོད། དོན་དུ་སློབ་མ་ལ་ལ་རབ་ཏུ་བྱུང་བ་དང་ལ་ལ་ཕ་མར་འགྲོགས་ནས་དབྱར་རྩྭ་རྐོ་རུ་སོང་བ། ལ་ལ་ཁྱིམ་ཚང་ས་ཆ་གཞན་དུ་གནས་སྤར་ནས་ཞོར་ལས་ལ་སོང་བ། ལ་ལ་ཕ་མ་བཟའ་འཐོར་བྱུང་ནས་ཁ་བྲལ་བ། ཡང་ལ་ལ་ནད་ཀྱིས་གཟིར་ནས་སློབ་སྦྱོང་བྱེད་པར་བསྐལ་བ་ཕྲོགས་པ་སོགས་ཀྱི་གནད་དོན་འདྲ་མིན་སྣ་ཚོགས་ཡོད་པ་ཡིད་ལ་དྲན་པའི་མོད་ལ། གད་སྙིགས་ཀྱི་མཚང་མིང་ཁུར་མི་འདོད་པའི་སློབ་བུ་དེ་དག་དགེ་རྒན་གྱི་གད་སྙིགས་སློབ་མ་ཡིན་ན་སློབ་གྲྭའི་གད་སྙིགས་ཡིན་པ་དང་། ཕ་མའི་གད་སྙིགས་བྱིས་པ་ཡིན་ན་སྤྱི་ཚོགས་ཀྱི་གད་སྙིགས་ཀྱང་མ་ཡིན་ས་མི་འགྲོ་བའི་དཔེ་རུ་གྱུར་ཡོད་ལས་ཆེ།
        ཨ་ཁ་ཁ། ད་ནངས་རྒྱ་སྲང་གི་གད་སྙིགས་དག་མཐོང་བའི་མོད་ལ་ཁ་སང་གི་བུ་མོ་ཆུང་ཆུང་ལ་གད་སྙིགས་ཞེས་བཏགས་པའི་མཚང་མིང་དེ་ནི་མིང་ཡག་པོ་ཞིག་མ་རེད། ཐ་སྙད་དེ་ནི་སློབ་མ་ཞིག་གི་ཚེ་བསོད་དང་རླུང་རྟ་རྒུད་པའི་རྟགས་སུ་མངོན་ཞིང་། ངང་ཐུང་ཅན་གྱི་དགེ་རྒན་སུ་ཡིན་རུང་རང་ལ་ཡོན་ཏན་གནམ་གྱིས་མི་ཁེབས་པ་ཞིག་འདུག་པ་བདེན་མོད། རང་གི་སློབ་མར་སྡང་སེམས་བཟུང་ནས་ཟུར་ཟ་དང་འཕྱ་སྨོད། བརྙས་བཅོས་སོགས་ཀྱི་གནོད་སེམས་སྤོང་རྒྱུ་ནི་གལ་ཆེ་བར་བསམས་སོང་། སྐབས་དེར་ཞོགས་རླུང་འཁྱག་པོས་ང་རང་ཁྱིམ་དུ་དེད་པ་དང་འདྲ། ང་རང་རྒྱ་སྲང་ནས་ཕྱིར་ཁྱིམ་དུ་བསྐྱོད་པའི་ལམ་ཐག་ཧ་ཅང་ཐུང་ནའང་། གཡག་ལུང་སྡེ་བའི་ཕྱོགས་ཀྱི་ངའི་ཆ་སྒྲིག་རོགས་སྐྱོར་ཚང་གི་བུ་མོ་ཆོས་སྐྱིད་དབང་མོའི་སློབ་སྦྱོང་གི་གནས་ཚུལ་ག་འདྲ་འདུག་པ་དང་ཁོ་མོར་ཡང་གད་སྙིགས་ལྟ་བུའི་མཚང་མིང་ཐོགས་ཡོད་མེད་སོགས་ཀྱི་སེམས་ཁུར་དེ་ཡང་གད་སྙིགས་སྒྱོ་བ་གང་ཁུར་ནས་ཁྱིམ་དུ་ལོག་པའི་ཚོར་བ་ལྟ་བུ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་བྱུང་ངོ་། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1