༄༅།། ཡེ་དགའ།

རྣམ་དཀར་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-08


ཡེ་དགའ། གར་ལ་རྩེན་པའི་སྒྱུ་རྩལ་གྱི་རྣམ་ཤེས་།
རྣམ་དཀར་ལྷ་མོས་བྲིས་ཤིང་། ཡེ་དགས་པར་མཁོ་འདོན་བྱས།

                                

        སྒྱུ་རྩལ་པ་ཡེ་དགའ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་དུ་སྐྱེས་ཤིང་། ལས་དང་སྐལ་བ་བཟང་པོ་ལས་ཁོ་མོ་ཆུང་དུས་ནས་ཤེས་རིག་གི་སྒོ་ཐེམ་འགྲིམ་པའི་སྐལ་བ་ལྡན་ཞིང་། 1984ལོ་སྟེ་དམའ་འབྲིང་ལོ་རིམ་དང་པོའི་སྐབས་སུ་སྟེས་དབང་གི་གོ་སྐབས་ཤིག་ལས་སི་ཁྲོན་ཞིང་ཆེན་ཞབས་བྲོའི་སློབ་གྲྭར་བདམས་མངགས་བྱས་ཏེ། ལོ་ན་12ལོན་པའི་བུ་མོ་ཆུང་ཆུང་དེས་སྒྱུ་རྩལ་ལ་ཕྱོགས་པའི་འོད་སྣང་དེའི་སྐྱ་རེངས་གསལ་བར་བྱས། རང་གི་ཕ་མ་དང་རེ་ཞིག་ཁ་བྲལ་ཏེ་མི་ཡུལ་ས་ཐག་རིང་པོ་དེར་ཐོག་དང་པོ་སླེབས་པའི་བུ་མོ་ཆུང་ཆུང་མོ་ལ་མཚོན་ན་རང་རྐྱ་ཐུབ་པའི་འཚོ་བ་གསར་པ་ཞིག་གི་འགོ་འཛུགས་དགོས་པས། མདུན་ཕྱོགས་ཀྱི་དཀའ་སྡུག་དང་ལྷག་པར་དུ་ཆེད་ལས་ཁྲོད་ལ་ཞུགས་མ་ཐག་གི་སེམས་ཀྱི་ཁུར་པོ་ཤིན་ཏུ་ལྕི་ན་ཡང་། རང་ཉིད་ཀྱི་ཕུགས་འདུན་དང་ལྷག་པར་དུ་བོད་མི་རིགས་ཀྱི་དཀའ་སྤྱད་འབད་བརྩོན་གྱི་མདུན་ནས་མགོ་བོ་མི་སྒུར་བའི་རང་གཤིས་བཟང་པོས་ཤེས་རབ་ཀྱི་རྟ་ཕོར་བརྩོན་འགྲུས་ཀྱི་ལྕག་གིས་སྐུལ་ནས་ནམ་རྒྱུན་གྱི་སློབ་སྦྱོང་ཁྲོད་ནས་མོས་རང་གི་ཁ་ཡ་ན་ཟླ་རྣམས་ལས་ལྡབ་འགྱུར་གྱི་སེམས་ཤུགས་བསྐྱེད་དེ་རིམ་པ་རེ་རེ་བཞིན་སྦྱོང་བརྡར་བྱས་ཤིང་། ནང་སྒོས་སུ་མོ་རང་གིས་ལྷན་སྐྱེས་ཀྱི་སྒྱུ་རྩལ་གྱི་ཚོར་བ་དང་སློབ་སྦྱོང་ཟུང་དུ་སྦྲེལ་ཏེ་རིག་གཞུང་གི་རྨང་རྡོ་བརྟན་པོ་བཞག དེ་ནས་བཟུང་ཡེ་དགས་རིམ་བཞིན་ཞབས་བྲོའི་རྨང་གཞི་ཤེས་བྱ་དང་གར་སྟེགས་སྟེང་གི་མི་རིགས་ཞབས་བྲོ་བར་གྱི་མཉམ་འདྲེས་གསར་གཏོད་ལ་བསམ་གཞིགས་བྱས་ཏེ། དགེ་རྒན་གྱི་མཛུབ་སྟོན་དང་མོ་རང་ཉིད་ཀྱི་སློབ་སྦྱོང་བརྒྱུད་དེ་ཁྱད་ལྡན་གྱི་བོད་རིགས་གར་སྟེགས་ཞབས་བྲོ་སྒྲིག་སྦྱོར་བྱ་རྒྱུའི་ཐད་ནས་བྱང་ཆ་ལྡན་ལ་རང་ཉིད་ཀྱི་བསམ་བློ་དང་ལྡན་ཞིང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཆེད་ལས་མི་སྣ་ཞིག་ཏུ་གྱུར།

        1988ལོར་ཡེ་དགའ་བདེ་བླག་ངང་སློབ་མཐར་ཕྱིན་ཏེ་རང་ཕ་ཡུལ་དུ་ལོག་ཅིང་དཀར་མཛེས་ཁུལ་ཟློས་གར་ཚོགས་པ་ནས་ལས་ཀར་ཞུགས། གཞུང་ལུགས་ཀྱི་ཤེས་བྱ་བརྟན་པོ་ཡིན་པའི་མོ་རང་ལག་ལེན་གྱི་གར་སྟེགས་ཆེན་མོ་དེར་སླེབས་ཤིང་། འཇོན་ནུས་འབུར་དུ་ཐོན་པས་མི་འགྱངས་བར་ཟློས་གར་ཚོགས་པའི་ཁྲོད་མེད་དུ་མི་རུང་བའི་ཤེས་ལྡན་མི་སྣ་ཞིག་ཏུ་ཆགས། རྟག་པར་གཟབ་རྒྱས་ཀྱི་དུས་སྟོན་དང་འགྲེམ་སྟོན་ཡུལ་དངོས་གལ་ཆེན་ནས་མོའི་གར་གྱི་སྟངས་སྟབས་དང་ལུས་ཀྱི་མཆོར་སྒེག་མཐོང་བ་དང་། ལྟད་མོ་བས་དགའ་མགུ་ཡི་རང་གི་བསྟོད་ཚིག་ཡང་ཡང་ཐོས་སྲིད། དེ་ཡང་1992ལོ་ནི་མོ་ལ་མཚོན་ན་དོན་སྙིང་ལྡན་པའི་ལོ་ཟླ་ཞིག་ཡིན་ལ། ལོ་དེའི་ཟླ་9པར་མོ་རང་སྐབས་གཉིས་པའི་མི་རིགས་དངོས་མང་འགྲེམ་སྟོན་ཚོགས་ཆེན་གྱི་“མི་རིགས་ཀྱི་མེ་ཏོག་”ཅེས་པའི་འགྲན་སྡུར་ཁྲོད་ཞུགས་ཏེ། རང་ངོས་ཀྱི་ཆ་རྐྱེན་དང་ཕྱི་གོས་ཀྱི་མཛེས་སྤྲས་གཉིས་པོ་ལེགས་པར་འཛོམས་ནས་བོད་ཀྱི་གསེར་གྱི་མེ་ཏོག་གི་བྱ་དགའ་དང་ཉམས་འགྱུར་ལེགས་ཤོས་ཀྱི་བྱ་དགའ་བླངས་ཤིང་། མཚན་སྙན་འདི་ཁོ་མོར་སྦྱར་ན་མིང་དོན་དང་མཐུན་པ་ཞིག་ཅིས་ཀྱང་མིན།

        སྒྱུ་རྩལ་གྱི་ལས་ལ་ཞུགས་ནས་ད་ལྟའི་བར་དུ་ཡེ་དགས་གཙོ་བོར་རྣམ་གྲངས་ཇུས་འགོད་དང་འཁྲབ་ཁྲིད། ཞབས་བྲོའི་འཁྲབ་སྟོན་གྱི་འགན་འཁུར་བཞིན་ཡོད་ལ། ལྷག་པར་དུ་འཁྲབ་སྟོན་དང་གསར་གཏོད་ཐད་ཀྱི་དམིགས་བསལ་བྱ་དགའ་དྲུག་དང་། ཨང་དང་པོའི་བྱ་དགའ་ཉི་ཤུ་ལྷག་ཐོབ་མྱོང་སྟེ། དེའི་ཁྲོད་ནས་《ཁྱད་འཕགས་ཁམས་པ། རིག་གནས་སྡེ་དགེ།》དང་《དར་མདོ། མཛའ་གཞས་ཀྱི་ཕ་ས།》《དར་མདོའི་མཛའ་གཞས།》《གངས་རིའི་གཟི་བརྗིད་གླིང་རྗེ་གེ་སར་རྒྱལ་པོ།》《ཁ་བཏགས་དམར་པོ།》《ཁྱད་མཚར་ལྡན་པའི་ཁམས་པ།》《གླུ་ཞིག་ལེན་ཡ་གླུ་ཞིག་ལེན།》ཞེས་པ་དང་ཚོགས་ཆུང་ཞབས་བྲོ་《གེ་སར་ལ་བསྟོད་པ།》དང་《འཕོ་འགྱུར་གྱི་ལམ་བུ།》《མཐོ་སྒང་གི་རླུང་བུ།》《ཉི་སྟེང་རིགས་གསུམ་མགོན་པོ།》ཞེས་པ་སོགས་འཁྲབ་ཚན་ཆེ་གྲས་ཁག་ནས་སྒྱུ་རྩལ་ལྟ་སྐུལ་པ་དང་ཇུས་འགོད་པ། སྒྲིག་ཁྲིད་པའི་འགན་འཁུར་བ་དང་། རྩྭ་ཐང་དངོས་ལྗོངས་དྲིན་གཟོའི་དགོངས་ཚོགས་ཆེན་མོ་《བྱང་སྡེ་ཉི་མ།》ཞེས་པའི་སྤྱིའི་འཁྲབ་ཁྲིད་པའི་འགན་ཁུར་བྱས་མྱོང་།
        དེ་ལས་དམིགས་བསལ་དུ་《དར་མདོ། མཛས་གཞས་ཀྱི་ཕ་ས།》ཞེས་པར་ཁོ་རེ་ཡ་ལྷོ་མའི་སྐབས་དང་པོའི་འཛམ་གླིང་རིག་གནས་སྒོ་འབྱེད་ཚོགས་ཆེན་གྱི་གསར་གཏོད་དང་འཁྲབ་སྟོན་ལེ་ཚན་གྱི་འཛམ་གླིང་ཞི་བདེའི་བྱ་དགའ་ཐོབ་པ་དང་། ཞབས་བྲོའི་བརྩམས་ཆོས་《དབྱངས།——པར་ཤིང་སྟེང་གི་དབྱངས་ཡིག》ཞེས་པར་སི་ཁྲོན་ཞིང་ཆེན་པ་ཧྲུའུ་རིག་རྩལ་བྱ་དགའ་དང་། མཉམ་བྲོ་《ལྷམ་གསར་པ།》ཞེས་པར་སྐབས་བདུན་པའི་རྨ་བྱ་རྟགས་མའི་གྲངས་ཉུང་མི་རིགས་ཞབས་བྲོའི་འགྲན་བསྡུར་ཁྲོད་ནས་རྩོམ་སྒྲིག་གསར་གཏོད་དང་འཁྲབ་སྟོན་གྱི་ཕུལ་བྱུང་བྱ་དགའ་བླངས་བར་མ་ཟད། སྐབས་གསུམ་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རིག་རྩལ་འཁྲབ་སྟོན་ཁྲོད་མི་སྒེར་གྱི་ཕུལ་བྱུང་འཁྲབ་སྟོན་པའི་བྱ་དགའ་བླངས་པ་རེད། 2007ལོར་སྐབས་བཞི་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་དར་མདོ་རུ་འཚོགས་ཤིང་། དཀར་མཛེས་ཁུལ་ཟློས་གར་ཚོགས་པས་ནུས་ཤུགས་ཆེན་པོ་བསྐྱེད་དེ་ཞབས་བྲོའི་ཟློས་གར་ཆེ་གྲས་《གངས་རིའི་གཟི་བརྗིད་གླིང་རྗེ་གེ་སར་རྒྱལ་པོ།》ཞེས་པ་འཁྲབ་སྟོན་བྱས་ཏེ། གེ་སར་གླིང་སྒྲུང་ནི་བོད་རིགས་མི་དམངས་ལ་མཚོན་ན་ཕ་མེས་ཡབ་མེས་ནས་འཚོ་བའི་ཁྲོད་དུ་ས་ཁྱབ་རྡོ་ཁྱབ་ཡིན་པས་ཐོན་སྐྱེད་འཚོ་བའམ་རིག་གནས་ཀྱི་ཕྱོགས་སོ་སོར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པས། མང་ཚོགས་ཀྱིས་དགའ་བསུ་ཐོབ་པ་ནི་སྨྲོས་མ་དགོས་ཤིང་། མོ་རང་གསར་རྩོམ་གྱི་ཐད་ནས་ཀྱང་བློ་བསྐྱེད་དང་དད་འདུན་ཆེན་པོ་བྱུང་བ་རེད་ཟེར།
        དེ་ཡང་2015ལོར་ཁོ་མོ་ཁམས་པའི་བརྙན་འཕྲིན་ཁང་བོད་ཀྱི་་ལོ་སར་དགོང་ཚོགས་ཏེ་དག་གཙང་དཀར་མཛེས་ཞེས་པའི་དགོང་ཚོགས་ཀྱི་འཁྲབ་ཁྲིད་པའི་གྲས་ཡིན་ལ། ལྷག་པར་དུ་2016ལོར་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩ་རོགས་སྐྱོར་རྣམ་གྲངས་ཀྱི་རོལ་མོའི་འཁྲབ་ཚན་《དར་མདོའི་མཛའ་གཞས།》ཞེས་པའི་འགན་འཁུར་པ་དང་སྒྱུ་རྩལ་ལྟ་སྐུལ་བ། དེ་མིན་འཁྲབ་ཁྲིད་པའི་གྲས་བྱས་ཏེ་འགན་འཁུར་བྱས་པ་དང་། འཁྲབ་ཚན་དེ་ནི་དཀར་མཛེས་ཁུལ་གྱིས་དུས་ཡུན་རིང་པོའི་ནང་བཟོ་བཅོས་བཙོ་སྦྱང་བྱས་པ་ཡིན་ཞིང་། སྐབས་དེར་ཁོ་ཚོས་རྒྱལ་སྤྱིའི་གར་སྟེགས་ནས་ཁས་ལེན་ཐོབ་པར་དམིགས་ཡོད་པས། གནོན་ཤུགས་དྲག་པོའི་འོག་འཁྲབ་ཚན་དེ་གླུ་གཞས་ཟློས་གར་ནས་རོལ་མོའི་ཟློས་གར་དུ་བཅོས་སྒྲིག་བྱས་པ་དང་། དེ་བཞིན་རྣམ་གྲངས་འགན་འཁུར་པ་ཡེ་དགའང་ཟློས་གར་ཚོགས་པ་དང་མཉམ་དུ་བོད་ཁུལ་གྱི་ས་ཆ་སོ་སོར་ཆས་ཏེ་ལོ་རྒྱུས་རྒྱུས་ལོན་དང་།
ལས་རིགས་ནང་ཁུལ་གྱི་དགེ་རྒན་ལ་བཀའ་འདྲི་ཞུ་བ། འཁྲབ་སྟོན་པ་འདེམ་པ་དང་རུ་ཁག་འཛུགས་སྐྲུན་དང་འཁྲབ་གཞུང་བཟོ་བཅོས་བྱེད་པའི་ལས་ཀ་ཡོངས་ཀྱི་འགན་གཅིག་ལྕོགས་སུ་ཁུར་ཞིང་། མཐར་བདེ་བླག་ངང་རྒྱལ་ནང་ནས་འཁྲབ་སྟོན་བྱས། 2017ལོར་ཡེ་དགས་གླུ་གར་ཟློས་གར་འཁྲབ་ཚན་ཆེ་གྲས་《ཉི་སྟེང་རིགས་གསུམ་མགོན་པོ།》ཞེས་པར་འཁྲབ་ཁྲིད་པའི་འགན་ཁུར་བ་དང་། ལོ་དེར་དཀར་མཛེས་ཁུལ་གྱི་རྩོམ་རིག་བྱ་དགའ་ཐོབ་མཁན་གྱི་མིང་ཐོ་བཏོན་ཞིང་མོ་ཡང་གཟི་བརྗིད་ངང་གྲལ་དུ་ཚུད་འདུག
        ཉེ་བའི་ལོ་འདི་གའི་རིང་ཡེ་དགས་གློག་བརྙན་འཁྲབ་སྟོན་བརྒྱུད་དེ་ཞབས་བྲོ་སྒྱུ་རྩལ་བ་ཞིག་གི་སྣང་བརྙན་གཞན་ཞིག་བཏོན་འདུག དེ་ལས་གློག་བརྙན་《དགེ་རྟག་སྤྲུལ་སྐུ།》ཁྲོད་ཀྱི་ཡེ་ཤེས་ལྷ་མོ་དང་《གངས་ལྗོངས་མཁའ་ལམ།》ཁྲོད་ཀྱི་ལྷ་མོ་སྐྱིད།《བོད་ཡུལ་དུ་སྐྱོད་པ།》ཁྲོད་ཀྱི་བདེ་སྐྱིད།《གངས་དཀར་རི་བོ།》ཁྲོད་ཀྱི་ཚེ་རིང་གི་ཨ་མ། 《རྒྱུ་སྐུད་སྟེང་གི་རྣམ་ཤེས།》ཁྲོད་ཀྱི་ཁོ་བདེའི་ཨ་མ་སོགས་བརྙན་འཕྲིན་སྣང་བརྙན་མང་པོ་ཞིག་ལྟད་མོ་བར་གཟིགས་བརྟེན་དུ་ཕུལ་འདུག
        དགོན་པའི་གྱང་ངོས་ཀྱི་ལྡེབས་རིས་ལས་མི་སྣའི་གཟུགས་བརྙན་ལས་འཕྲོས་པའི་མཛེས་ཉམས་མཐོང་ཞིང་།བོད་མིའི་རྒྱུན་ལྡན་འཚོ་བའི་ཁྲོད་ནས་ཁོང་ཚོའི་ལྷག་བསམ་དང་བྱམས་སེམས་ལ་མྱོང་ཚོར་བྱས་ཡོད། ཁོ་མོས་ཕ་ཡུལ་གྱི་རི་ཆུ་བརྒལ་ཏེ་བོད་རིག་གནས་ཀྱི་ཉིང་བཅུད་བསྡུ་ལེན་བྱས་ཏེ་གར་གྱི་སྟངས་སྟབས་ལ་བསྒྱུར་ཏེ། རང་མི་རིགས་ཀྱི་ཞབས་བྲོའི་རིག་གནས་ལ་ཚོན་མདངས་བསྩལ་འདུག མོ་ནི་མི་རིགས་ཞབས་བྲོ་རིག་གནས་ཀྱི་བསམ་གཞིགས་པ་དང་ལག་ལེན་པ་ཞིག་ཡིན་ལ། དེའི་གྲས་ཀྱི་སྣེ་ཁྲིད་མི་སྣ་དེ་ཡང་མོ་ལས་མ་འདས་སོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1