༄༅།། ཡོན་ཏན་ཐུགས་ཀྱི་གནས་མཆོག་ཙཱ་འདྲ་རིན་ཆེན་བྲག

ཀརྨ་རྒྱལ་མཚན་ནས་བསྒྲིགས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-08



ཀརྨ་རྒྱལ་མཚན་ནས་བསྒྲིགས། ཀརྨ་བཀྲ་ཤིས་རྣམ་རྒྱལ་གྱིས་པར་བླངས།

           དེ་ཡང་དཔལ་ཨོ་རྒྱན་ཆེན་པོའི་ལུང་གིས་བསྔགས་པའི་ཡོན་ཏན་ཐུགས་ཀྱི་གནས་མཆོག་ཙཱ་འདྲ་རིན་ཆེན་བྲག་ནི་དེང་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་ནས་ཤར་ལྷོའི་ཕྱོགས་དཔལ་སྤུངས་ཤང་ཁོངས་སུ་ལམ་ཐག་སྤྱི་ལེ་54ལྷག་གི་མཚམས་སུ་གནས་ཤིང་། མཚོ་ངོས་ལས་མཐོ་ཚད་སྨི་3788ཡོད། གནས་ནང་དུ་དཔལ་རྒྱལ་བ་དཀའ་བརྒྱུད་པའི་དགོན་སྡེ་དཔལ་སྤུངས་དགོན་པ་སོགས་ཡོད། 1980ལོའི་ཟླ་7པའི་ཚེས་7ཉིན་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་དཔལ་སྤུངས་དགོན་པ་ནི་ཞིང་ཆེན་ཡོངས་ཀྱིས་རིག་རྫས་སྲུང་སྐྱོང་བྱ་བའི་གཙོ་བོའི་སྡེ་ཚན་གྱི་གྲས་སུ་བཞག་པ་དང་། སྤྱི་ལོ་2013ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་རིག་རྫས་སྲུང་སྐྱོང་བྱ་བའི་གཙོ་བོའི་སྡེ་ཚན་གྱི་གྲས་སུ་བཞག་ཡོད་པའོ། །
        ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བཀོད་པ་མདོ་བྱང་། ཞེས་པ་ལས། ཡོན་ཏན་ཐུགས་ཀྱི་གནས་མཆོག་བསྟན་པ་ནི༔ བོད་ཀྱི་མདོ་ཁམས་འབྲི་ཞེས་བྱ་བ་རུ༔ དཔལ་གྱི་རི་ནི་གླང་ཆེན་འགྱིང་བ་འདྲ༔ དེ་བཱི་ཀོ་ཊི་ཙ་འདྲ་རིན་ཆེན་བྲག༔ ཧེ་རུ་ཀ་དཔལ་དགུ་ཡི་ཚུལ་དུ་གནས༔ པདྨའི་སྒྲུབ་ཕུག་མེ་ཏོག་ཁ་བྱེ་འདྲ༔ བྲག་གི་ལོགས་སུ་ཞི་ཁྲོ་རང་བྱོན་དང༔ ཐུགས་ཀྱི་རིག་འཛིན་ནམ་མཁའི་སྙིང་པོ་ཡི༔ སྒྲུབ་པའི་གནས་མཆོག་ཟླ་གམ་དབྱིབས་ཅན་ཡོད༔ མཆོག་སྒྲུབ་འདོད་པས་འདི་རུ་རྩེ་གཅིག་སྒྲུབ༔ ཁྱད་པར་བདག་གི་གཙུག་རྒྱན་བི་མ་ལ༔ བྱིན་གྱིས་བརླབས་པའི་གནས་མཆོག་གུད་དུ་སྦས༔ སྔགས་སྲུང་གནས་པའི་ཤིང་ནི་བྷ་ཊ་ཡི༔ ཉེ་བའི་ཕུག་པར་ཨོ་རྒྱན་བདག་ཉིད་གནས༔ དེ་ཚེ་ཐུགས་ཀྱི་རིག་འཛིན་ཧཱུྃ་ཀ་ར༔ བྱོན་ཏེ་ཞག་གསུམ་བཀའ་ཡི་བསྡུ་བ་མཛད༔ སློབ་དཔོན་ཉིད་ཀྱི་སྐུ་བརྙན་ནང་བྱོན་དང༔ ཡེ་ཤེས་སྐུ་ཡི་ཞབས་ཀྱི་མཚན་མ་གསལ༔ ཁྱད་པར་ཅན་གྱི་ངོ་མཚར་དེ་འདྲ་བདོག༔ ཞེས་གསུངས་པ་དང་།
        ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་མདོ་བྱང་གསལ་བྱེད། ཞེས་པ་ལས། ཡོན་ཏན་ཐུགས་ཀྱི་གནས་ཙཱ་འདྲ་རིན་ཆེན་བྲག་ནི། དཔལ་སྤུངས་དགོན་གྱི་རྒྱབ་རི་ཡོངས་གྲགས་དབུ་ཆེ་བྲག་དཀར་དང་འདབས་འབྲེལ་བ་སྟེ། གནས་རི་སྤྱི་དེ་ཝི་ཀོ་ཊི། ཤར་གྱི་བྲག་རི་ཙཱ་འདྲ་དངོས་ཡིན་ནོ། །བི་མ་ལའི་གནས་མཆོག་གུད་དུ་སྦས་པ་ནི། ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་གི་ཀླད་དེར་ཡོད། འདི་ནས་གསང་ཐིག་སྐོར་གསུམ་དང་གནས་ཡིག་བཞེས་ནས་གནས་ཞལ་ཕྱེས། ཞེས་གསུངས་པའོ། །
        ཐུན་མོང་སོ་སྐྱེ་རྣམས་ཀྱི་མཐུན་སྣང་དུ་ཇི་ལྟར་གྲུབ་པ། གནས་ཀྱི་མཚན་ཉིད་འཆད་པ་ལ་མཆོག་དམན་ཀུན་གྱི་མཐུན་སྣང་དུ་གྲུབ་པར་འཕགས་ཡུལ་དང་རྒྱ་ནག་གི་གཞུང་ལས་ཇི་སྐད་བཤད་པའི་སའི་དཔྱད་ལེགས་རྙེད་པར་དཀའ་བ་ཐམས་ཅད་མ་ཚང་བ་མེད་པ་ས་གཞི་ཐམས་ཅད་འཇམ་ཞིང་ངམ་གྲོག་དང་གཡང་ས་མེད་ཅིང་རྡོ་དང་ཚེར་མ་ཉུང་བ། མི་མ་ཡིན་གདུག་པ་ཅན་དང་གཅན་གཟན་གཏུམ་པོའི་འཚེ་བ་དབེན་ཅིང་ཁྱད་པར་སྦྲུལ་སོགས་མི་སྲུན་པའི་སྲོག་ཆགས་ཉེ་བའི་ཕྱོགས་སུའང་མི་གནས་པ་མཐོ་དམན་ཁད་མཉམ་པ་ཧ་ཅང་ཚ་བ་དང་གྲང་བའི་གནོད་པ་མེད་པ། དབྱར་དགུན་རྟག་ཏུ་ཁམས་དྭངས་ཤིང་རིག་པ་སྤྲོ་བ། ཤིན་ཏུ་མཛེས་པའི་བྲག་རི་དཀར་དམར་སྔོན་པོའི་ཕྲེང་བ་དང་། བཟང་ཤིང་སྣ་ཚོགས་པའི་ནགས་ཚལ་དང་ནེའུ་གསིང་སྤང་ལྗོངས་ཡིད་དུ་འོང་བས་བརྒྱན་པ། རོ་ནུས་ཁྱད་པར་འཕགས་པའི་སྨན་གྱི་རིགས་དུ་མ་འཁྲུངས་པ། ཕུ་མ་ཤོར་ཞིང་མདའ་མ་རལ་བ། དྭངས་ཤིང་བསིལ་བའི་འབབ་ཆུ་སྒྲ་སྙན་པ་དག་གཡས་གཡོན་ནས་རྒྱུ་ཞིང་མདུན་དུ་འདུས་པ། རི་རྒྱུད་གངས་དང་འབྲེལ་ཞིང་ཆུ་རྒྱུད་གཙང་པོ་ལ་ཟུག་པ། སྐད་རིགས་མི་གཅིག་པའི་སྐྱེ་བོ་དུ་མ་འདུས་ཤིང་སྡེ་བཞིའི་དཔལ་ཡོན་ཕུན་སུམ་ཚོགས་པ། ཇི་སྐད་དུ། ཁང་ས་ཞིང་ས་ས་ཡི་དགེ །ཁང་ཤིང་འབུད་ཤིང་ཤིང་གི་དགེ །ཁང་རྡོ་འཐག་རྡོ་རྡོ་ཡི་དགེ །འཐུང་ཆུ་ཡུར་ཆུ་ཆུ་ཡི་དགེ 
        གམ་འབྲོག་རྒྱང་འབྲོག་རྩྭ་ཡི་དགེ །ཞེས་བཤད་པའི་ཡུལ་གྱི་དགེ་བཅུ་མཐའ་དག་ཀྱང་ཐད་ཀར་ཐད་ཀར་འབྱོར་པ་སོགས་ཕྱི་ལྟར་བསྔགས་པར་འོས་པའི་ཡོན་ཏན་དུ་མའི་དཔལ་གྱིས་ཀུན་ནས་སྤུངས་པའོ། །
        གནས་འདུས་སྒོ་བྱང་ལས། འཛམ་བུའི་གླིང་འདིར་དཔལ་ཧེ་རུ་ཀས་བྱིན་གྱིས་བརླབས་ཤིང་གདོད་ནས་གྲུབ་པའི་གནས་ཆེན་ཉི་ཤུ་རྩ་བཞི། ཡུལ་མཆོག་སུམ་ཅུ་སོ་གཉིས་རྣམས་སུ་བཞུགས་པའི་ནང་ཚན་བོད་ཡུལ་འདིར་བཅོམ་ལྡན་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དངོས་སུ་བཞུགས་པའི་གནས་ཆེན་གཅིག་ཁོ་ན་ཡོད་པ་ནི་དཔལ་གྱི་ཙཱ་རི་ཏྲ་ཡིན་ལ། དེའི་བཀོད་པ་གཉིས་པ་དེ་བཱི་ཀོ་ཊཱ་ཙཱ་འདྲ་རིན་ཆེན་བྲག་འདི་ཡིན་པའི་ཚུལ་མངའ་བདག་མར་པ་ལོ་ཙཱས། འདི་དང་ཉེ་བ་ན་དཔལ་གྱི་ཙཱ་རི་ཏྲ་ཡོད། དེའི་ཤར་ཕྱོགས་ན་དེ་བཱི་ཀོ་ཊི་ཞེས་བྱ་བ་ཡོད། མ་འོངས་པ་ན་ངའི་བུ་བརྒྱུད་ཀྱིས་འཛིན་པར་འགྱུར་ཅེས་ལུང་བསྟན་པ་བཞིན་སྐྱོབས་པ་འཇིག་རྟེན་གསུམ་གྱི་མགོན་པོའི་ཐུགས་སྲས་དཔལ་ལྡན་བྱང་ཆུབ་གླིང་པས་ཆོས་འཁོར་བཏབ་ཅིང་དར་རྒྱས་ཆེན་པོ་བྱུང་།
ཕྱིས་སུ་ཐམས་ཅད་མཁྱེན་པ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་གདན་ས་མཛད་ཅིང་དཔལ་སྤུངས་དགོན་ཅེས་ཡོངས་སུ་གྲགས་པ་ཆགས་པའི་གནས་ཆེན་འདི་ཉིད་མདོ་ཁམས་གནས་ཆེན་ཉེར་ལྔའི་ནང་ནས་ཡོན་ཏན་ཐུགས་ཀྱི་གནས་ཆེན་འབྲེལ་ཚད་དོན་དང་ལྡན་པ་ཡིན་ནོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1