གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

འཇམ་དབྱངས་ཉི་མ། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༧ཚེས་༡༢ཉིན།

༄༅།། གེ་སྨད་ཡུལ་གྱི་གཤིན་ཆོས་ཀྱི་སྐོར་གླེང་བ།


འཇམ་དབྱངས་ཉི་མ།       

        གཤིན་པོ་དུར་འཇུག་སོགས་ཀྱི་སྐོར་ལ། བོད་རྗེ་ཐོག་མར་གྲགས་པའི་གཉའ་ཁྲི་བཙན་པོ་ནས་གྲི་གུམ་བཙན་པོའི་བར་དུ་ནམ་མཁར་དམུ་ཐག་ལ་གཤེགས་པས་པུར་རམ་གདུང་མེད་པར་གྲགས་ཤིང་། གྲི་གུམ་བཙན་པོས་མངའ་ཁོངས་རྒྱ་སྐྱེད་དེ་མྱང་ཆུའི་རྒྱུད་དུ་དམག་འདྲེན་པའི་སྐབས་སུ། མཁར་མྱང་རོ་ཤམ་པོ་ན་གནས་པའི་ལོང་ངམ་དང་འཐབ་པས། གྲི་གུམ་བཙན་པོ་བཀྲོངས། པུར་ཟངས་རྒྱ་མ་ཁ་སྤྲོད་ནང་བཅུག་སྟེ་གཙང་བོའི་གཞུང་ལ་བཏང་། གྲི་གུམ་བཙན་པོ་བཀྲོངས་པས་རྒྱལ་ཕྲན་རྣམས་འཐོར་ཞིག་ཏུ་སོང་སྟེ། ཕྱིར་སྤོ་བོའི་ཕྱོགས་སུ་བཞུད་ལམ་མེད་པས། འཕྱོངས་རྒྱས་སུ་བང་སོ་བཏབ་པས་བོད་ཀྱི་བང་སོ་ཐོག་མར་གྲགས། འདི་ནས་རྒྱལ་པོ་འུ་དུམ་བཙན་པོའི་བར་དུ་བང་སོ་བྱུང་ཞིང་། བང་སོའི་ནང་ལའང་རྒྱས་སྤྲོས་ཆེན་པོ་ཡོད་ཚུལ། བོད་ཀྱི་སྲིད་དོན་རྒྱལ་རབས་དུ། “པུར་ལ་གསེར་བྱུགས་ཏེ་དངུལ་ལམ། རྡོ། རྫའི་སྤུར་སྒམ་མམ། གའུར་བཅུག བང་སོའི་ནང་དུ་རིའི་མིག་དགུ་པའི་དབུས་ཀྱི་བཞག་སྟེ་མཐའ་སྐོར་ན་རྒྱལ་པོའི་དཀོར་ནོར་བཀང་ནས་བང་སོར་བཞུགས་ཤིང་། དེ་ལ་ལོ་དུས་ཀྱི་མཆོད་པ་བྱེད་པའི་སྲོལ་ཡོད”ཅེས་བྲིས་འདུག        

        ཕུང་པོ་ཇི་ལྟར་བྱ་བའི་སྐོར་ལའང་རིགས་ལྔ་ཙམ་ཡོད་པར་འདྲ་སྟེ། ས་འོག་ཏུ་སྦ་བ། ཆུར་སྐུར་བ། མེར་སྲེག་པ། བྱ་རྒོད་ལ་སྦྱིན་པ། སྐུའམ་པུར་དམར་གདུང་ལ་འཇོག་པ་བཅས་ནི་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་དར་ཆེ་བ་འགའ་ཡིན་གྱི། གཅིག་ཏུ་ངེས་པ་མིན་སྙམ། དཔེར་ན། ལྷ་སའི་ཕྱོགས་སུ་ཁྱིམ་གྱི་བགྲེས་པོ་རྣམས་ཀྱི་ཕུང་པོ་ཕྱིར་སྐྱེལ་སྲོལ་མེད་པ་ལྟ་བུ་རེད། ཡུལ་དེ་དག་གི་བཤད་སྲོལ་ལ་བགྲེས་པོ་རྣམས་ནམ་ཡང་ཁྱིམ་གྱི་གཡང་རྟེན་ལྟ་བུར་རྩིས་པ་རེད། ཕྱིར་སྐྱེལ་ཚེ། ཁྱིམ་གྱི་གཡང་ཉམས་འགྲོ་བར་བཤད་དེ། དུར་སྒམ་དུ་བཅུག་སྟེ་ཁང་འོག་ཏུ་འཇོག་སྲོལ་ཡོད་པ་རེད་ཅེས་ཟེར་བའང་ཐོས།

        བོད་དུ་ཤྭཀྱའི་ཆོས་ལུགས་མ་དར་སྔོན་ལ་དུར་འཇུག་གི་ལས་རྣམས་ཆོས་ལུགས་དང་འབྲེལ་བ་ཆེར་མེད་དམ་སྙམ། རྗེས་སུ་ཤྭཀྱའི་ཆོས་ལུགས་དར་ཚེ། དུར་ལས་རྣམས་ཆོས་ལུགས་དང་མ་འབྲེལ་བ་ཞིག་ཀྱང་ཕལ་ཆེར་མེད་སྙམ། དེའང་ཡིན་ཏེ། དཔེར་ན། བྱ་སྟོན་བྱེད་པ། བཅོམ་ལྡན་འདས་ཀྱིས་སྟག་མོ་ལུས་སྦྱིན་གྱི་རྣམ་ཐར་དེས་བོད་མི་རྣམས་ལ་བག་ཆགས་ཆེས་ཆེར་བཞག་པས། རང་ཉིད་ཤི་བའི་རྗེས་ཀྱི་ཕུང་པོ་བྱ་རྒོད་ལ་སྦྱིན་པ་གཏོང་བས་སྦྱིན་པའི་ལས་སམ་མཆོད་སྦྱིན་གྱི་ལས་སུ་རྩི། མེར་སྲེག་ཚེ། བསྲེགས་པའི་དུ་བ་དྲི་ཟར་སྦྱིན་པ་བཤད། ས་འོག་ཏུ་སྦས་པ། འབུ་སྲིན་ལ་སྦྱིན་པར་འགྲོ་བར་བཤད་ཅིང་། ཆུར་སྐུར་བའང་། ཉ་སྲམ་ལ་སྦྱིན་པ་འགྲོ་བར་བཤད། སྐུ་དམར་གདུང་འཇོག་སྲོལ་འདི་ནམ་ཙམ་ལ་དར་བ་མི་ཤེས་མོད། བླ་སྤྲུལ་ཆེ་ཁག་གི་སྐུ་མཆོད་རྟེན་ནང་དུ་བཞུགས་སུ་གསོལ་ཏེ། སྐུ་དམར་གདུང་ལ་འཇོག་སྲོལ་འདུག ད་དུང་། རིགས་དང་རུས་ཆེན་དམིགས་བསལ་བ་དག་ཀྱང་དམར་གདུང་ལ་འཇོག་སྲོལ་ཡོད་པ་བཤད་དེ། སྡེ་དཔོན་མདོ་མཁར་བ་ནི་བོད་ཀྱི་རུས་ཆེན་བཅོ་བརྒྱད་ཁོངས་ག་ཟིའི་རྒྱུད་པ་ཡིན་པ་བཤད་པས་གདུང་རྟེན་ལ་འཇོག་པ་རེད་ཟེར།
        འདིའི་ཡན་ལ་བོད་སྤྱིའི་གཤིན་ཆོས་སྐོར་ཅུང་ཙམ་གླེང་བས། ད་གེ་སྨད་ཡུལ་གྱི་གཤིན་པོ་དུར་འཇུག་དང་ཆོ་གའི་སྐོར་རགས་ཙམ་གླེང་ན། ནད་པ་གང་དབུགས་ཀྱི་རྒྱུ་བ་མ་ཆད་པའམ་ཆད་ལ་ཉེ་ཚེ་བྱིན་རྟེན་སོགས་ཁར་སྦྱིན་པ་དང་། རྣ་བར་སངས་རྒྱས་ཀྱི་མཚན་བསྒྲགས་པ། བར་དོ་ཐོས་གྲོལ་ཆེན་མོ་སོགས་ཀྱི་འདོན་པར་བྱེད། དབུགས་ཆད་རྗེས། མཚན་ཉིད་ཚང་བའི་བླ་མ་རྣམས་གདན་དྲངས་ཏེ། འཕོ་བ་འདེབས་པ་དང་མཚན་བསྒྲགས་འདོན་སྲོལ་ཡོད། དེ་ནས། རྩིས་ལ་མཁས་པའི་བླ་མ་ཞིག་གིས་གཤིན་པོ་རོ་རྩིས་ལ་བརྟེན་ནས་གཤིན་རྩིས་བྱེད། གཤིན་པོ་དེ་གཟའ་སྐར་དང་སྤར་ཁ་སྨེ་བ་གང་གི་ཐོག་ཏུ་ཤི་ན་དེ་བཞི་པོ་རེ་རེར་བཅོས་ཀ་བྱེད། ད་དུང་། འགྲམས་ཆེན་ཉི་ཤུ་རྩ་ལྔ་ཟེར་བ་ཞིག་ཡོད། དེ་གཙོ་བོ་སྤར་ཁའི་སྟེང་དུ་ལྟ་དགོས་པ་ལས་གཟའ་སྐར་ལ་བལྟ་རྒྱུ་མེད་པ་འདྲ། འདིའི་དཔེ་མཚོན་ཙམ་འདྲེན་ན། གིང་ལ་ལུག་ལོ་ཤི་ན། ས་རྡོ་གངས་རི་ཉིལ་བ་ཡིན། དུར་གསུམ་འགྲམས་ཞེས་པ་དང་། ཟོན་ལ་ཁྱི་ལོ་ཤི་ན། གནམ་ལྕགས་ཐོ་བ་བརྡུང་འདྲ་ཡིན། དུར་བཅུ་འགྲམས་ཞེས་པ་སོགས་ལ་བལྟས་ན་ཕྱོགས་ཙམ་གོ་ནུས། འགྲམས་ཆེན་ནང་གི་འགྲམས་ཆེན་ནི། དུར་བཅུ་དང་། འགྲམས་ཆུང་ནི། དུར་གསུམ་ཡིན་འདུག དེ་ལའང་ཕྱི་འགྲམས་དང་ནང་འགྲམས་ཞེས་བཤད་སྲོལ་ཞིག་ཡོད་དེ། གཤིན་རྩིས་ལས། འགྲམས་ཆེན་བཞི་ནི། ནམས་ལང་ཡོས་ནས། ཉི་ཕྱེད་རྟའི་ཚུན་ཆད་ནང་འགྲམས་ཡིན། ཕྱེད་ཡོས་ལུག་ནས། ཉི་ནུབ་བྱའི་ཚུན་ཆད་ཕྱེད་འགྲམས་ཡིན། ཕྱེད་ཡོས་གླང་གི་ཕན་ཆད་ནས། ཐོ་རངས་སྟག་གི་ཚུན་ཆད་ཕྱིར་འགྲམ་ཡིན།ཞེས་པ་འདི་གཉིས་དཔེ་མཚོན་ཙམ་ཞིག་དྲངས་པ་ཡིན། དུར་འགྲམས་རྣམས་ཕྱིར་བཟློག་ཕྱིར་དུ། བཀྲ་བརྩེགས་དང་དགྲ་མནན་བྱ་སྟེ། འགྲམས་ཆེ་ཆུང་གང་ཡིན་ཡང་བཅོས་དགོས་པ་ཡིན། དུས་ཚོད་ཀྱི་སྒོ་ནས་གཤེད་འགྲོ་ཚུལ་ནི། ཉིན་ཞག་གཅིག་ལ་ཆ་བཅུ་གཉིས་བགོས་ཏེ་དེའི་ནང་དུ་རེ་རེར་ལའང་ཇི་ལྟར་འགྲོ་བ་བལྟ་རྒྱུ་ཡོད་པ་རེད། གཤེད་སོང་བའི་ཁྱིམ་ཚང་དེས་བླ་མ་ཞིག་གདན་དྲངས་ཏེ་གཤེད་ཕུད་བྱེད། གཤེད་ནི་གང་དུ་འགྲོ་བ་དང་གང་ནས་ཡོང་བ་ངེས་ཏན་མེད་དེ། གཤེད་འཁྱམ་ཡང་འོང་རྒྱུ་ཡོད་པ་རེད། གོང་གི་གཟའ་སྐར་སོགས་བཅོས་བྱེད་དུ་བཅོས་ཀ་མང་ཙམ་འདོན་བགྱི་ཡོད་པ་རེད། ཕུང་པོ་ཁྱིམ་ནང་དུ་ཉིན་གསུམ་དང་བདུན་ཡན་ལས་ཕལ་ཆེར་འཇོག་སྲོལ་མེད། དེའི་ནང་གི་མི་ཕལ་བ་དག་གཟའ་སྐར་ངན་པར་མ་ཐུག་ཚེ། ཉིན་གསུམ་ལས་འཇོག་སྲོལ་མེད། བླ་མ་དང་མཁན་པོ་སྤྲུལ་སྐུ་སོགས་གང་ཡིན་ཡང་གསང་རྒྱའི་ངང་ནས་ཉིན་བདུན་ལ་འཇོག་སྲོལ་ཡོད་པ་ལྟ་བུ་རེད། ཕུང་པོ་ཕུད་པའི་དུས་ཚོད་སོགས་གཤིན་རྩིས་མཁན་པོས་རྩིས་གཞུང་ལྟར་བྱེད་ལ། ཕུད་ཚེའང་སྤྱི་བཅོས་སུ་ཇི་སྐད་བྲིས་པ་ལྟར་ལས་བྱེད་པ་རེད། ཕུང་པོ་ཁུར་རྗེས་ཤུལ་དུ་གཡག་སྒའི་སྟེང་དུ་མར་མེ་ཞིག་བཞག་སྲོལ་ཡོད་པ་དེ་དམངས་སྲོལ་ཞིག་ཡིན་ནམ་ཅི་ཡིན་ཆ་མ་མཆིས། ཕུང་པོ་བསྲེག་གམ། ཡང་ན། སྦ་དང་བཏང་བ་སོགས་རྩིས་གཞུང་ལྟར་བྱེད་པ་ལས་བྱུང་རྒྱལ་དུ་བྱ་རྒྱུ་ཞིག་མ་ལགས་སོ། ། གལ་ཏེ། བསྲེག་མི་རུང་བ་དང་། སྦ་མི་རུང་བ། བཏང་མི་རུང་བ་སོགས་གང་ཡིན་ཡང་། དེར་ལྟར་མི་བྱེད་ཐབས་མེད་པ་བྱུང་ན། དེ་འབྲེལ་གྱི་བཅོས་ཀ་བྱེད་དགོས་པ་རེད། བཅོས་ཀ་འདི་རོ་གཅིག་པུར་མ་ཡིན་པ། བག་མ་གཏོང་བ་དང་། མཁར་ལས་བྱེད་པ། སྟོན་མོ་སོགས་གཤིན་གསོན་གཉིས་ཀའི་བྱ་བ་ཐམས་ཅད་ལ་རྟེན་འབྲེལ་གྱི་གདམ་པ་ཁྱད་པ་ཅན་ཡིན་ཞེས་བྲིས་འདུག དེ་ནས་བླ་མ་རེ་རེས་བདུན་ཚིགས་རེ་ཞི་ཁྲོ་དང་རྡོར་སེམས་ཆོ་གར་བརྟེན་ནས་བདུན་འདོན་པར་བྱེད། བདུན་ཚིགས་རེའི་ཐོག་ཏུ་གྲྭ་བ་རྣམས་གདན་ཏེ་ཞི་ཁྲོ་དང་སྡུག་བསྔལ་རང་གྲོལ་གང་རུང་གིས་གནས་བརྒྱ་དང་གནས་སྟོང་འདོན་པར་བྱེད། བདུན་རྗེས་མའམ་བདུན་བདུན་པ་ཧྲིལ་གྱིས་སམ་ཡང་ན། མཇུག་གི་ཉིན་གསུམ་དང་ལྔ་ལ་རྡོར་སེམས་ཆོ་གར་བརྟེན་ནས་ཚ་སྒྲུབ་རུས་སྒྲུབ་བྱས་པ་རེད། འདིའི་སྐོར་ནས་ཞིབ་ཆའི་གནས་ཚུལ་མང་ཡང་། ཚིག་ཚོགས་ལ་དོགས་ཏེ་འདིར་རེ་རེ་བཞིན་བཀོད་མེད། ཞེ་དགུའམ་ཉིན་ཞག་བཞི་བཅུ་ཞེ་དགུ་ཉིན་བླ་གྲྭ་གང་འཚམས་ཞིག་གདན་ཏེ་གནས་བརྒྱའམ་གནས་སྟོང་གང་རུང་གིས་གཟབ་རྒྱས་ངང་ཞེ་དགུ་མཇུག་བསྡུས་སྲོལ་ཡོད། བཏབ་པའི་སྭཙྪ་རྣམས་རི་མཐོ་ས་གཙང་ཞིག་ལ་སྐྱེལ་སྲོལ་ཡོད་པ་རེད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1