གཙོ་ངོས།>> དེང་རབས་མི་སྣ།>>སྒྱུ་རྩལ་པ།

ཛམ་ཐང་བ་ལྕགས་མདའ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༧ཚེས་༡༢ཉིན།

༄༅།། འགྲོ་འདྲེན།




མེས་པོ་དམ་པའི་བཀའ་དྲིན་ལས་བྱུང་བཅུ་ཕྲག་རིག་པའི་གནས་བརྒྱ་ཆེ།།
ལྷ་བཟོ་ལ་སོགས་བཟོ་ཡི་རིག་པ་བརྒྱ་ཕྲག་མང་པོ་བོད་འདིར་དར།།
གངས་ཅན་ཁ་བའི་གཙུག་ལག་རིག་གནས་སྲིད་མཐའི་བར་དུ་བརྟན་གྱུར་ཅིག།


       ལྷ་རིས་པ་འགྲོ་འདྲེན་ལགས་ནི་སྤྱི་ལོ་1972ལོའི་ཟླ་5པར་འཛམ་ཐང་རྫོང་གི་འབའ་མདའ་ཞེས་པའི་སྡེ་བར་སྐྱེས།
      ལྷ་རིས་པ་འགྲོ་འདྲེན་ལགས་ནི་ཆུང་ངུའི་དུས་ནས་རི་མོ་འབྲི་བ་ལ་བག་ཆགས་ཟབ་མོ་ཡོད་ཅིང་། ལོ་ན་བདུན་བརྒྱད་ཙམ་གྱི་དུས་ནས་རང་ཁྱིམ་གྱི་གྱང་ངོས་སུ་བཤམ་པའི་ཐང་ག་དང་། ལྡེབས་རིས་འགའ་རེ་ཡོད་པ་རྣམས་ལ་བལྟས་ཏེ། ལག་ཏུ་ཐོགས་ཚད་ཀྱི་ཤོག་བུ་གང་རྙེད་དུ་དེ་དག་འབྲི་བར་བྱེད་ལ། བྲིས་པ་རྣམས་ཀྱང་གསོན་ཉམས་ལྡན་པ་དང་། བྱིས་པ་ཆུང་ངུ་ཞིག་གིས་འདི་འདྲའི་ཡག་པོ་བྲིས་པ་ལ་ཨང་ཞེས་ཀུན་གྱིས་བསྟོད་པར་བྱེད། རྫི་བོར་འགྲོ་བ་དང་། གྲོང་བར་དུ་རྩེད་མོར་འགྲོ་བ་ཚུན་ཆད་དུའང་རྡོ་དང་ས་ངོས་སོགས་སུ་རི་མོ་འབྲི་བར་གོམས་པ་ཞིག་ཡིན་རབས་འདུག 
       དེ་འདྲའི་བག་ཆགས་ཟབ་མོ་ཡོད་པར་བརྟེན་ཏེ། སྐྱབས་རྗེ་ངག་དབང་ཡོན་ཏན་བཟང་པོའི་ཐུགས་བརྩེ་བས་གཟིགས་ཏེ། དགོན་པའི་ལྷ་རིས་པ་མཁས་ཆེན་རྣམས་དང་ལྷན་དུ་ཐང་ག་འབྲི་བར་སློབ་སྦྱོང་བྱེད་པའི་གོ་སྐབས་རྙེད་པར་དཀའ་བ་སྤྲད་ཅིང་། དེ་དག་གི་མདུན་ནས་ཐིག་རྩ་དང་། སྐྱ་རིས། སྣག་རིས། སྐྱ་ཐང་། ཚོན་སྡེབ་པ། པིར་བཟོ། རས་གཞི་དབུར་བ། ཚོན་འདེབས་པ་སོགས་ཐང་ག་འབྲི་བའི་རྨང་གཞི་ཀུན་ལ་ལེགས་པར་བསླབས་ཤིང་། ཕལ་ཆེར་དེ་དུས་ཙམ་ནས་རང་ཚུགས་ཐུབ་པའི་ལྷ་རིས་པ་ཞིག་ཏུ་གྱུར།
       འབྲི་རྩལ་ལ་གཞན་དང་མ་འདྲ་བའི་ཡར་བསྐྱེད་ཆེན་པོ་ཐོབ་པར་བརྟེན། སྐྱབས་རྗེ་བླ་མ་ངག་དབང་ཡོན་ཏན་བཟང་པོའི་བཀའ་གསུང་ཇི་བཞིན། དགོན་པའི་མགོན་ཁང་གི་གྱང་ངོས་སུ་ལྷ་དང་ཆོས་སྐྱོང་སྣ་ཚོགས་པའི་ལྡེབས་རིས་ལོ་ངོ་གསུམ་གྱི་རིང་ལ་བྲིས་ཤིང་། དེ་དག་ཀུན་ལྟ་ན་སྡུག་ཅིང་། ཡིད་དུ་འོངས་པ་ཤ་སྟག་ཡོད།
     དེ་མིན་ཁོང་ཉིད་དམངས་ཁྲོད་ཀྱི་ལྷ་རིས་པ་དག་དང་འགྲོགས་ཏེ། དགོན་ཁག་མང་པོར་ཁོང་ཅག་དང་མཉམ་དུ་ལྷ་མང་པོ་བཞེངས་པ་དང་། ལྷ་རིས་པ་དེ་དག་གི་བྲིས་རྩལ་གྱི་ལེགས་པའི་ཡོན་ཏན་ཀུན་ལ་ཧ་ཅང་ཁེངས་སྐྱུངས་ཆེན་པོས་བསླབས་པས། སྔར་མེད་ཀྱི་ཉམས་མྱོང་མང་པོ་ཐོབ་ལ། སྐྱབས་རྗེ་བླ་མ་ངག་དབང་ཡོན་ཏན་བཟང་པོ་མཆོག་གིས་ཀྱང་། ཁོང་གིས་བྲིས་པའི་ཐང་ག་དང་ལྡེབས་རིས་སྣ་ཚོགས་ལ་དགའ་ཞེན་ཆེན་པོ་བྱེད་པ་དང་། ཁྱོད་ཀྱིས་བྲིས་པ་ཤིན་ཏུ་ཡག་འདུག་ཅེས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་གཏོར།

     ལྷ་རིས་པ་འགྲོ་འདྲེན་ལགས་ཀྱིས་གཙོ་བོ་བྱས་ཏེ། དུས་འཁོར་གྱི་ལྷ་ཚོགས་636དང་། གཞན་སྟོང་གི་བླ་རྒྱུད་དང་། ཇོ་ནང་གི་བླ་རྒྱུད། སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་སོགས་ཀྱི་ལྷ་སྐུ་དང་། སྒོ་འབྱོར་དུ་རྒྱལ་ཆེན་སྡེ་བཞིའི་བྲིས་སྐུ་དང་བཅས་པ་བཞེངས། དེ་མིན་ཇོ་ནང་བཀའ་འབུམ་ཤིང་བརྐོས་མའི་བར་བཅུག་གི་ལྷ་སྐུ་400ལྷག་དང་། སྒྲོལ་མའི་དཀྱིལ་འཁོར་དང་ཇོ་ནང་ཚོགས་ཞིང་སོགས་བརྩམས་ཆོས་ཁྱད་དུ་འཕགས་པ་ཤིན་ཏུ་མང་པོ་བྲིས་གནང་མཛད་ཡོད།

       ལྷ་རིས་པ་འགྲོ་འདྲེན་ལགས་ཀྱིས་བཞེངས་པའི་ཐང་ག་དང་། ལྷ་ཚོགས་རྣམས་རྔམས་བརྗིད་ཆེ་ལ། གསོན་ཉམས་ལྡན་པ་དང་། ལྷུན་ཆགས་ལ། ཡིད་ཀྱི་དང་བ་འདྲེན་པ་དང་། བྲིས་པ་དྭངས་ལ། ཚོན་མདངས་གསལ་བ་སོགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཡོད་ལ། ལྷ་རིས་པ་ཕལ་གྱིས་བྲིས་པའི་ཐང་ག་དང་། ལྷ་ཚོགས་གཞན་དག་གི་བཀྲག་མདངས་ཟིལ་གྱིས་གནོན་པ་ཡོད།
     དེ་མིན། ཁོང་གིས་ཛམ་བྷ་ལའི་ལྷ་རིས་པ་འགྲོ་འདྲེན་གྱི་ཇོ་ནང་ཐང་ག་བརྒྱུད་སྦྱོང་ཁང་ཞེས་པ་དང་། རྔ་བ་ཁུལ་ཛམ་བྷ་ལའི་ལྷ་རིས་པ་འགྲོ་འདྲེན་གྱི་ཇོ་ནང་ཐང་གའི་ལས་རིགས་ལག་རྩལ་གསོ་སྦྱོང་སློབ་གྲྭ་ཞེས་པ་གཉིས་རིམ་པ་ཁག་གི་འགོ་ཁྲིད་དང་ལས་ཁུངས་དག་གི་རྒྱབ་སྐྱོར་ལ་བརྟེན་ནས་བཙུགས་ཤིང་། དེར་སློབ་མ་ལྷ་རིས་པ་བཞི་བཅུར་ཉེ་བ་ཙམ་གསོ་སྐྱོང་གནང་བཞིན་ཡོད་ལ། དེ་ནི་བོད་ཀྱི་ལྷ་རིས་སྒྱུ་རྩལ་སྤྱི་དང་། ཁྱད་པར་དུ་ཇོ་ནང་ལུགས་ཀྱི་ཐང་གའི་སྒྱུ་རྩལ་རྒྱུད་འཛིན་དང་དར་སྤེལ་གཏོང་བར་སྨན་ངེས་པའི་མཛད་པ་ཕུན་སུམ་ཚོགས་པ་ཞིག་གོ།

      ཁོང་གིས་བྲིས་གནང་མཛད་པའི་བརྩམས་ཆོས་དག་ལ་བྱ་དགའ་མང་དུ་ཐོབ་པ་གཤམ་བཀོད་ལྟར་ལགས་སོ།།
      2003ལོར། བོད་ཀྱི་ལྷ་རིས་པ་གྲགས་ཅན་ལེགས་སྨོན་དང་མཉམ་དུ་ལྡེབས་རིས«མི་ལ་རས་པའི་རྣམ་ཐར»ཞེས་པ་བྲིས་གནང་མཛད་ཅིང་། བརྩམས་ཆོས་དེ་ཉིད་རྒྱལ་ཁབ་སོ་སོར་བཀྲམ།
      2011ལོར། སི་ཁྲོན་རྔ་བ་ཁུལ་གྱི་ཐང་ག་དང་གྲངས་ཉུང་མི་རིགས་ཀྱི་རི་མོའི་བརྩམས་ཆོས་འགྲན་སྡུར་དུ་བྱ་དགའ་ཨང་དང་པོ་ཐོབ།
      2012ལོར། རྒྱལ་སྤྱིའི་ནུབ་རྒྱུད་ཀྱི་འགྲེམ་ཚོགས་བརྩམས་ཆོས་སུ་གདན་ཞུ་བྱས།
      2013ལོར། བརྩམས་ཆོས«དཔལ་དུས་ཀྱི་འཁོར་ལོ»ལ་སྐབས་དང་པོའི་ཀརྨ་བི་ཤོ་བུམ་པ་རྟགས་མའི་བརྩམས་ཆོས་འགྲན་སྡུར་དུ་ཨང་གསུམ་པའི་བྱ་དགའ་ཐོབ།
      2015ལོར། «ཇོ་ནང་ཐང་གའི་དངོས་མིན་ཤུལ་བཞག་རིག་གནས»ཀྱི་རྒྱུན་འཛིན་པར་བདམ།
      2015ལོར། གང་དེའི་བརྩམས་ཆོས་སྐབས་གསུམ་པའི་ཀྲུང་གོའི(མེན་དབྱང)ཚན་རྩལ་དངོས་མང་བཤམ་སྟོན་འགྲེམས་ཚོགས་སུ་གདན་ཞུ་བྱས་པ་དང་། བརྩམས་ཆོས《འཇམ་དཔལ་དབྱངས》ཀྱི་བྲིས་སྐུ་ལ་སྐབས་དགུ་པའི་ཀྲུང་གོའི་སྤྱི་ཕན་དགེ་སྒྲུབ་གོང་མཐོ་ཚོང་ཚོགས་སུ་གདན་དྲངས།
       2016ལོར། འཛམ་ཐང་རྫོང་གི་མི་སྣ་ཕུལ་དུ་བྱུང་བར་བདམ།
       2016ལོར།《དཔལ་དུས་ཀྱི་འཁོར་ལོ》སོགས་ཐང་གའི་བརྩམས་ཆོས་དག་སི་ཁྲོན་གྱི་མཛའ་བརྩེ་ཞེས་པ་སྟེ། ཐེ་ལན་དི་རྒྱལ་ཁབ་ཏུ་བགྲོད་པ་ཞེས་པའི་ཐང་གའི་བརྩམས་ཆོས་ཕུལ་བྱུང་གི་མུ་འབྲེལ་འགྲེམས་ཚོགས་སུ་ཞུགས།
       2016ལོར། རྔ་བ་ཁུལ་དངོས་མིན་ཤུལ་བཞག་རིག་གནས་ཀྱི་ཇོ་ནང་ཐང་གའི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པར་བདམ།
      2016ལོར། རྒྱལ་ཡོངས་ཆུ་བེད་མཛེས་ལྗོངས་ཁུལ་གྱི་དངོས་མང་བཤམས་སྟོན་དུ་གདན་འདྲེན་བྱས།
      2016ལོར། ཁོང་གི་བརྩམས་ཆོས་དག་ཀྲུང་གོའི་མཛའ་མཐུན་ཞི་བདེ་འཕེལ་རྒྱས་ཐེབས་རྩ་ཚོགས་པ་དང་། སི་ཁྲོན་ཞིང་ཆེན་མི་དམངས་ཕྱི་ཕྱོགས་མཛའ་མཐུན་ཚོགས་པ་དང་། ཞང་ཀང་མཉམ་འབྲེལ་སྡེ་ཁག་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་སྒྲུབ་བྱས་པ་སྟེ།  དོམ་གྱི་ཕ་ས། མཛེས་སྡུག་གི་སི་ཁྲོན་ཞེས་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་འགྲེམས་ཚོགས་སུ་གདན་འདྲེན་བྱས།
      2017ལོར། ཀྲུང་གོའི(ཉིང་པོ)ཁྱད་ལྡན་གྱི་རིག་གནས་ཐོན་ལས་དངོས་མང་བཤམ་སྟོན་གྱི་ཐུན་མིན་རིག་གནས་ཀྱི་བྱ་དགའ་ཐོབ།
      2017ལོར། ཀྲུང་གོའི་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་བཤམ་ཚོགས་ཀྱི་རིག་གནས་འགྲེམས་སྟོན་དུ་རིག་གནས་གསར་སྐྲུན་ཞེས་པའི་་བྱ་དགའ་ཐོབ།
      2018ལོར། བརྩམས་ཆོས«གནས་བརྟན་བཅུ་དྲུག»ལ་སྐབས་53པའི་རྒྱལ་ཡོངས་བཟོ་རྩལ་ཐོན་རྫས་ཀྱི་ཉོ་ཚོང་གི་ཚོགས་འདུ་རུ། གསེར་གྱི་ཁྱུང་ཆེན་ཞེས་པའི་བརྩམས་ཆོས་ཇུས་འགོད་གསར་གཏོད་ཀྱི་བྱ་དགའ་ཆེན་པོ་ལས་གསེར་གྱི་བྱ་དགའ་ཐོབ།
      2018ལོར།《དཔལ་དུས་ཀྱི་འཁོར་ལོའི་ཐང་ག》ལ། ཧྲེན་ཀྲེན་གསེར་གྱི་ཁྱུང་ཆེན་བཟོ་རྩལ་ཐོན་རྫས་ཇུས་འགོད་གསར་གཏོད་འགྲན་ཚོགས་སུ་གསེར་གྱི་རྟགས་མའི་བྱ་དགའ་ཐོབ།
      2019ལོར། སི་ཁྲོན་ཞིང་ཆེན་གྱི་བཟོ་རྩལ་མཛེས་རྩལ་གྱི་སློབ་དཔོན་ཆེན་མོའི་གཟི་བརྗིད་དཔང་ཡིག་ཐོབ་པ་བཅས་སོ།།   

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1