༄༅།། བསེ་ངག་དབང་བཀྲ་ཤིས་ཀྱི་འཁྲུངས་ཡུལ་དུ་བསྐྱོད་པ།

གཏེར་ལུང་དཔལ་ལྡན།​ རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 07-12



གཏེར་ལུང་དཔལ་ལྡན།
        ལོ་ཟླའི་བཞུར་རྒྱུན་དང་བསྡོངས་ནས་ཟང་ཟིང་འདུ་འཛི་ལ་དགའ་བའི་སེམས་དེ་ཡང་མག་མོག་རབ་རིབ་ཅིག་ཏུ་གྱུར་ཏེ།མཐའ་ཡས་པའི་རྩྭ་ཐང་དང་ཁྲ་ཚོམ་མེར་བཞད་པའི་མེ་ཏོག་ཚོགས་ཀྱིས་ཡིད་སེམས་གཅིག་ཏུ་འདྲེན། དེ་བཞིན་སྔོན་བྱོན་མཁས་དབང་རྒན་པ་ཚོ་གཤེགས་ཤུལ་བཞུགས་ཤུལ་དག་ལ་བགྲོད་པའི་མོས་པ་ཡང་བླ་ལྷག་ཏུ་འཕེལ། དེ་ནི་རང་སེམས་རྟེན་ས་འཁེན་ས་བརྟན་པོ་ཞིག་གི་ཆེད་ཡིན་ཡང་སྲིད། མི་ལོ་སུམ་ཅུ་བརྒྱུད་པའི་གོ་རིམ་ནང་ཕལ་ཆེར་ཁེར་རྐྱང་གི་རི་ཚོགས་ཀྱི་མུ་ཁྱུད་བརྒལ། ང་ལ་མཚོན་ན་དོན་དག་མང་པོ་ཞིག་སྒྱིད་ལུག་དང་བཏང་སྙོམས་ཀྱིས་མི་རྟག་པར་ཤོར་འགྲོ་བའི་ངང་ཚུལ་ལ་བདེན་ཁ་སྤྲད་དེ་ད་རེས་རིག་གནས་འགྲུད་བཞུད་ཅིག་གིས་རང་སེམས་ལ་དབུགས་དབྱུང་ཐེངས་ཤིག་བསྩོལ་འདོད་པས་ཀྱང་ལོས་ཡིན། བླ་བྲང་ནས་རེབ་གོང་ལ་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་འདིའི་ནང་དུ་མགོ་སེར་ཞིག་གིས་སྔོ་ལ་ཟླུམ་པའི་ཤེལ་མིག་ཅིག་གདོང་ལ་སྣར། སྣ་ཡི་གཟེངས་མཐོ་ལ་སྣ་སྒང་གི་ཟུར་ཁ་ཐིག་བཏབ་པ་ལྟར་དྲང་། བ་སྤུའི་བུ་ག་རེ་རེའི་ནང་དུ་གསེར་མདོག་གི་ཉི་འོད་འཁྱིལ་ཞིང་།མི་སྨུག་པོ་བོད་པ་ཚོ་དང་བསྡུར་ན་དབྱར་དགུན་གྱིས་ཕྱེས་པའི་དུས་ཚིགས་དང་འདྲ་བར་གཟུགས་བྱད་ཀྱི་ཧེ་བག་ཤིན་ཏུ་ཆེ། རི་བོའི་འདབས་དང་གཙང་བོའི་འགྲམ། ལུག་ཁྱུའི་དཀྱིལ་དང་ནོར་གྱི་ལྷས་འདབས་བརྒྱུད་དུས་ཁོས་མཚར་སྣང་གིས་ལྟ་བཞིན་འདྲ་པར་ཀྱང་ཁ་ཤས་ལེན་གྱིན་འདུག ཁོའི་འདུག་གྲོགས་བོད་པ་ལོ་ན་བཞི་བཅུ་ལ་བུད་མ་ཐག་པ་ལྟ་བུ་དེས་མདོ་གདུགས་སྒྲོལ་གསུམ་སྐད་གསེང་མཐོན་པོས་འདོན་པ་རླངས་འཁོར་གང་བོས་ཐོས་ཐུབ། མགོ་སེར་དེས་མཚམས་མཚམས་སུ་ཁ་འདོན་བྱེད་བཞིན་པའི་བོད་པ་དེའི་ངོ་གདོང་ལ་ལྟ་ཙམ་ལྟ་ཙམ་བྱེད། བོད་པ་ནི་བོད་པ་རང་དེ་ཅི་མི་སྙམ་པར་ཁ་འདོན་དེའི་མཇུག་ཡག་པོ་བསྐྱངས་སོང་། ང་ནི་རྡུལ་གྱིས་དཀྲིས་པའི་རླངས་འཁོར་འདི་ཅུང་མ་འཕྲོད་པ་འདྲ་སྟེ་སྐྱུག་མེར་ལངས་ནས་སྔོ་ལྗང་ལྗང་གི་སྤང་ཐང་ལའང་ཡི་ག་ལོག ཁྲག་དམར་གྱིས་བྱུགས་འདྲའི་རི་བོ་བསྟར་ཕྲེང་བརྒལ། ལུང་ཁོག་འདི་ན་བོད་མི་རིགས་ཀྱིས་དཔའ་བོར་བཀུར་མྱོང་བའི་སྐྱེས་བུ་གཉིས་ཀྱི་འབག་གཟུགས་ཀྱང་ཉི་ཟེར་དང་ཆར་རྡུལ་གྱི་ཁྲོད་ན་ཀྲོང་ངེར་འགྱིངས་ཡོད། སློབ་འབྲིང་དེ་རུ་བྱིས་པ་ཚོས་ད་རུང་ཁོ་གཉིས་ཀྱི་དགོངས་པ་འཚོལ་བཞིན་རྔམ་བརྗིད་ལྡན་པའི་གྲོང་ཁྱེར་རེ་རེར་བུད་འགྲོ། རེ་བ་རུམ་གང་སྦྲུམ་ནས་མགྲོན་འཁོར་གྱི་ལྟིག་སྒྲ་དང་ཁྲོག་སྒྲས་རྣ་བ་གཙེ་བཞིན་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་ལ་ཐོན་དུས་ཏག་ཏག་སྔ་དྲོའི་དུས་ཚོད་བཅུ་ཙམ་ཞིག་རེད། སྒོར་ལྔའི་གླ་ཆ་སྤྲད་ནས་རོང་བོ་དགོན་ཆེན་དུ་སླེབས་འཕྲལ་བསུ་མཁན་ཨ་ཁུ་ཆོས་དར་གྱིས་ང་ལ་སྒུག་བཞིན་པ་ལྟར་ནང་དུ་བསྡད་འདུག གྲྭ་ཤག་སྤུས་དག་པོ་ཞིག་གི་ནང་དུ་སྒྲིབ་སྦྱོང་གི་ཆ་རྐྱེན་ཚགས་སུ་ཚུད་འདུག ཕྱག་གདན་དུ་བརྐྱངས་ཕྱག་མང་པོ་འཚལ་བའི་ཤུལ་དོད་འདུག་ལ་འོད་ཀྲིག་ཀྲིག་བྱེད། དེ་ནི་ཡབ་རྗེ་ཤར་སྐལ་ལྡན་རྒྱ་མཚོའི་བྱིན་རླབས་སྙིང་ལ་འཁྱིལ་བས་ལོས་ཡིན། ར་ནང་གི་ཙན་ཏན་ལྗོན་པས་སྐུ་འབུམ་གྱི་ཙན་ཏན་ལྗོན་པ་ལ་ཅོ་འདྲི་བར་བྱེད། ཉམས་དགའ་བའི་ཁང་བཟང་འདིར་ནངས་ཇ་འཐུང་རྗེས་ང་ཚོ་གཞི་ནས་བསེ་ཉ་ལུང་དུ་སོང་། གསར་དུ་ལས་ཀྱིན་པའི་ལམ་གྱི་ས་རྡུལ་གྱིས་སྡེ་དཔོན་གྱི་རླངས་འཁོར་ལ་ཚ་སྒོག་གཡེར་གསུམ་ལྡུད། ལམ་འདིའི་གཡས་གཡོན་གྱི་སྒང་གཤོང་གཉིས་ཀ་བསེ་མཁར་བརྡ་ལྔས་བཟུང་འདུག གསེར་ལྗོངས་རིང་མོ་འདིའི་ཉིན་རི་ཉིན་འདི་བསེ་ཡིས་བཟུང་། སྲིབ་རི་སྲིབ་འདི་རྒྱལ་བོས་བཟུང་ཟེར། བསེ་ཉ་ལུང་ནི་རྨ་ལྷོ་ཁུལ་ཐོག་ནས་སྤྱི་ལེ་ཉི་ཤུ་ཡས་མས་ཀྱི་མཚམས་སུ་ཞི་དུལ་གྱིས་ཆགས་འདུག བསེ་གདུང་རྒྱུད་འདིས་ས་འཛིན་གྱི་དང་པོ་བྱས་ནས་ས་དཔྱད་ཕུན་སུམ་ཚོགས་པར་ལྭ་བ་དབོ་ལུག་བྱས་པའི་གནའ་མི་རྒན་པོ་ཞིག་དང་འདྲ་བར་ཧ་ཅང་བག་ཕེབས་ཀྱིས་གནས་འདུག ལྷོད་ཤ་ཆགས་པའི་སྣང་བརྙན་འདི་ཡིས་ང་ལ་གདོད་མའི་གནས་ལུགས་བག་ཆགས་ཤིག་སྒྲ་མེད་དུ་རྗེན་པར་སྟོན་བཞིན་པ་འདྲ། ཡང་ན་བསེ་ངག་དབང་བཀྲ་ཤིས་ཀྱི་ལོ་རྒྱུས་དག་འཛེམ་མེད་དུ་སྒྲོག་པ་དང་མཚུངས། སྡེ་དཔོན་དང་སྡེ་བའི་བགྲེས་སོང་བདུན་བརྒྱད་ཙམ་འཛོམས་ནས་སྣེ་ལེན་གཟབ་རྒྱས་བྱས་པས་ང་ནི་བསེ་ཉ་ལུང་ཚང་གི་མགྲོན་པོ་གལ་ཆེན་ཞིག་ཏུ་གྱུར་སོང་། གནའ་གྲོང་ལྟ་བུའི་སྡེ་བ་འདི་ནས་ངས་བསེ་ཉ་ལུང་དང་ལྷག་ཏུ་བསེ་ངག་དབང་བཀྲ་ཤིས་ཀྱི་འཁྲུངས་ཤུལ་བརྩད་བཅད། དེ་ནི་ང་ལ་མཚོན་ན་རེབ་གོང་གི་ལོ་རྒྱུས་ལས་ཀྱང་གལ་ཆེན་ཞིག་ཡིན། བདག་གི་ཐེངས་འདིའི་འགྲུད་བཞུད་ཀྱི་དམིགས་ཡུལ་ཀྱང་འདི་ལས་ཅི་ཡོད།

        བསེ་ནི་རྩ་བའི་རུས་ཆེན་དྲུག་གི་ནང་དུ་ཡོད་པ་ཤེས་གསལ་ལྟར་ཡིན་ཞིང་། དེ་ཇི་ལྟར་མདོ་སྨད་ལ་མཆེད་པའི་ཁུངས་སོགས་རེབ་གོང་ལོ་རྒྱུས་ཡོངས་གྲགས་ལྟར་ལགས། འདིའི་སྐོར་ངས་བྲི་འགྱུར་གྱི་ཞིབ་འཇུག་གི་གྲུབ་དོན་དུའང་གསལ་ཡོང་། ཨ་ཁུ་ཆོས་དར་དང་བགྲེས་སོང་དག་གིས་བདག་ལ་བསེ་ངག་དབང་བཀྲ་ཤིས་སྐོར་གྱི་ངག་རྒྱུན་ལོ་རྒྱུས་རིན་ཐང་བྲལ་བ་དག་གསུངས་སོང་། འཁྲུངས་ཤུལ་ཁྱིམ་ཚང་སུ་གང་གིས་མ་ནོན་པར་འཐོར་ཞིག་ཏུ་གྱུར་སོང་སྐད། རིག་གནས་གསར་བརྗེའི་སྐབས་ར་ཁང་བྱས་ཡོད་ལ། དེའི་ཕུག་ཏུ་གསེར་བྲིས་དང་དངུལ་བྲིས་ཀྱི་གླེགས་བམ་སྣ་ཚོགས་ཡོད། དེའི་ནང་གི་རེ་གཉིས་ཁྱིམ་ཚང་ལ་གདོན་ཏེ་དེའི་གྲས་སུ་བཞག་པར་བཤད། སྐབས་ཤིག་བུད་མེད་སྔོན་ཐོན་པ་ཞིག་གིས་གླེགས་བམ་དེ་དག་ཆུ་ལ་བསྐྱུར་སོང་སྐད། ད་ལྟ་སྡེ་བའི་ལུས་རྩལ་ར་བ་བྱས་འདུག འདི་ལ་འབུམ་ཁང་ཞིག་བརྩིགས་ཡོད་ན་ཅི་མ་རུང་སྙམ་བྱུང་། དེ་ལྟའི་རེ་བ་ཞིག་ཀྱང་བཏོན། ལོ་ལོན་དག་ཡར་མར་འགྲོ་སྐབས་སུ་འཁྲུངས་ཤུལ་འདིའི་ཕྱིའི་གྱང་ངོས་སུ་ཐོད་པ་རེ་གཏུགས་ནས་བསེ་ངག་དབང་བཀྲ་ཤིས་མཁྱེན་ཞེས་མཇལ་ཕྱག་འབུལ་སྐད། འཁྲུངས་ཤུལ་ལ་པར་ཞིག་བརྒྱབ་རྗེས་ང་ཚོ་ཁྱིམ་དུ་འཛུལ། གསེར་བྲིས་དེ་རང་རང་གི་ཁྱིམ་དུ་མི་འཁྱེར་བ་ཅི་ཡིན་དྲིས་པར། སུ་གང་གིས་གདོན་དུ་དོགས་ནས་འཁྱེར་ཐུབ་ཀྱིན་མི་འདུག་ཟེར། དེ་ན་དགོན་པའི་ནང་ལ་བྱིན་ན་ཅིས་མ་ཆོག་པ་རེད་དམ་ཟེར་བཞིན་འགྱོད་པ་དང་བཅས་གླེགས་བམ་དེ་དག་ལ་གདུང་སེམས་བསྟན། བསེ་ངག་དབང་བཀྲ་ཤིས་ཀྱི་ཁྱིམ་ཚང་གི་ཤུལ་འཛིན་འདི་ཡིན་ཟེར་རྒྱུ་ཞིག་མི་འདུག སྐྱེས་བུ་དམ་པ་མང་ཕྱོགས་ཀྱི་རྒྱུད་པ་དང་བཅས་པ་ཆད་ནས་འཁོར་བ་མཐའ་ཅན་དུ་བྱེད་ཚུལ་སྟོན་པ་ངོ་མ་ཡིན་འདུག བསེ་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག་སྐུ་ཉིད་ཀྱང་དགུང་ལོ་བདུན་ཅུ་བཞེས་པར་གནས་འདིར་ཕེབས་ཏེ་སྡེ་འདབས་སུ་འབུམ་ཁང་བརྩིགས་ཤིང་སྡེ་བའི་བགྲེས་སོང་དག་ལ་ནང་གཏམ་གྱི་གསུང་མཆིད་མང་དུ་བསྩལ་བ་རྒན་པོ་ཚོའི་ངག་ན་བྱིན་རླབས་ཀྱི་དྲོད་མ་ཡལ་བར་གནས་འདུག “ང་ཡི་སྐྱེ་ཕྲེང་དང་པོ་འདི་ནས་སྐྱེས་ཀྱང་ང་འདི་ལ་ཡོང་བ་ཐོག་དང་པོ་ཡིན”སོགས་རྒན་པོ་དག་གིས་ཚིག་གཅིག་ཀྱང་མ་ལུས་པར་སྐྱོར་བཞིན་ཐལ་མོ་སྙིང་ཁར་སྦྱོར། དེ་དུས་ཀྱི་སྐུ་པར་དག་ཀྱང་སྡེ་བའི་འདུ་ཁང་དང་ཁྱིམ་ཚང་རེ་རེར་རྟེན་སྐལ་དུ་མཇལ་རྒྱུ་འདུག བསེ་དགེ་བཤེས་ཚང་གནས་འདི་ནས་འཁྲུངས་ཤིང་བླ་བྲང་ན་མཁར་མོ་རྒྱལ་རེབ་གོང་ན་རྡོ་རྗེ་རྒྱལ་ཞེས་ཀུན་ལ་རླུང་ལྟར་གྲགས་པའི་དགེ་བཤེས་གསེར་གྱི་རི་ལྟ་བུར་འཛིན་པ་དེས། སྡེ་བའི་ཀླད་ནས་གཏེར་ས་བྱིན་གྱིས་རླབས་ཤིང་མདུན་རི་ནས་བཀྲ་ཤིས་རྟགས་བརྒྱད་ངོས་བཟུང་པའི་ཚིག་རྡོ་རྗེ་གཟེགས་མ་ད་ལྟ་དངོས་སུ་དཔར་ལ་བཀོད་འདུག ད་ལྟ་བསེ་སྡེ་བར་དབྱར་རྩྭ་འཛད་མེད་དུ་ལོངས་སུ་སྤྱོད་རྒྱུ་ཡོད་པ་འདི་ཡང་དམ་པ་དེས་བྱིན་གྱིས་རླབས་པ་ལོས་ཡིན་སྙམ། སྡེ་བ་འདི་ལ་ཁྱིམ་ཚང་བརྒྱ་ལྷག་ཡོད་ལ་བརྒྱ་ཆའི་བདུན་ཅུ་སྔགས་ཁྱིམ་ཡིན་ཟེར། དེ་ལ་སྔགས་དགོན་ཞིག་སྡེ་བའི་གཡས་ཀྱི་སྤྱི་ལེ་གསུམ་ཙམ་གྱི་མཚམས་སུ་ཨོ་རྒྱན་རིན་པོ་ཆེ་སྒོམ་ལ་བཞུགས་པ་ལྟར་བརྗིད་ཆགས་ཀྱིས་འགྱིང་འདུག སྡེ་བ་ལ་མ་ཎི་ཁང་དང་འབུམ་ཁང་། མཆོད་རྟེན་སོགས་སྐྱེས་བུ་དམ་པ་རེ་རེས་བསོད་ནམས་ཀྱི་རྟེན་ལ་ལྷམ་མེར་བཞེངས་པ་དགོན་པ་ཆུང་ཆུང་གིས་འགྲན་དུ་དཀའ་བ་མང་དུ་མཆིས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་གཉིས་པ་འཇམ་མགོན་སྨྲ་བའི་དབང་ཕྱུག་ངག་དབང་བཀྲ་ཤིས་དཔལ་བཟང་བོ་ནི་མདོ་སྨད་རེབ་གོང་གི་སའི་ཆ་བསེ་ཉ་ལུང་ཞེས་པའི་སྡེ་བ་འདི་རུ་ཡབ་རིན་ཆེན་སྐྱབས་དང་། ཡུམ་སྙིང་མོ་བྱམས་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ས་རྟ་སྟེ1678ལོར་འཁྲུངས། ཁོང་ལ་གཅེན་མཁར་རྩེ་བྱ་བ་ཡོད་པ་དེ་ཕྱིས་སུ་བསང་ཁོག་ཏུ་ཡོང་ནས་འབྲོག་བཟུང་རིགས་བརྒྱུད་སྤེལ། ཆུང་ངུའི་དུས་ནས་རྩིས་མཁན་ཞིག་གིས་སེར་གོས་གྱོན་དགོས་ཞེས་པ་ལྟར་ན་བཟའ་དཀར་པོ་ནབ་མ་མྱོང་བར་གསུངས་ཤིང་། སྐུ་རྩེད་མཛད་པ་ན་ཡང་ས་རྡོ་མང་པོ་བསྒྲིགས་ཏེ་གནས་བརྟན་བཅུ་དྲུག་ཡིན་ཟེར་ནས་ཕྱག་མཆོད་བྱེད་པ། མ་ཎི་བ་ཡིན་ཟེར་ནས་བྱིས་པ་མང་བོ་ལ་མ་ཎི་བསྐུལ་བ། ཕྱག་དབང་འཇོག་པ། ཁྲི་ལ་བཞུགས་ནས་ཕྱོགས་སུ་བཀྲ་ཤིས་བརྗོད་པའི་ཚུལ་སོགས་དམ་པའི་སྤྱོད་ཚུལ་ངང་གིས་བརྟས། དེ་དུས་ལྟ་བའི་བག་ཆགས་རང་འཁྲུངས་སུ་ཡོད་ཅེས་ཞལ་བཞེས་མཛད་སྣང་སྟེ། ཕྱིས་སུ་སློབ་མ་འགའ་ཞིག་ལ་ཁྱེད་ཚོས་ལྟ་བ་ཚོལ་འདོད་ན་དགག་བྱ་ངོས་འཛིན་ལ་འབད་དགོས། དགག་བྱ་བདེན་གྲུབ་བཀག་པའི་སྟོང་བ་མ་ཤར་བར་སྟོང་སང་ཕལ་བ་རེ་ཤར་ཡང་དོན་ཆུང་། ང་རང་བྱིས་པའི་དུས་ཕྱུགས་རྫི་རྣམས་ཀྱིས་མེ་འབུད་པ་ལ་འདི་ཅི་ཡིན་དྲིས་པས། མེ་ཡིན་ཟེར། དེ་ངས་ཀྱང་ཤེས་མོད། མེ་ཟེར་དོན་ཅི་ཡིན་དྲིས་པས་མི་ཤེས་ཟེར། དེ་བཞིན་དུ་ས་རྡོ་རི་བྲག་གང་ལ་ཡང་རང་མིང་དེ་མི་འབྱོར་བ་ཞིག་ཡིན།

        ཡང་བདག་གི་ཁུ་བོ་ཞིག་རྟ་ལ་སྒ་སྒྲོན་བཞིན་འདུག་པར་འདི་ཅི་ཡིན་དྲིས་པས་རྟ་ཡིན་ཟེར། འདིའི་མགོ་རྐང་ལག་གང་ལ་རྟ་ཟེར་བ་ཡིན་སྙམ་བསམ་བློ་བཏང་བས་རྟ་དེ་མེད་སོང་བ་ལྟ་བུ་ཞིག་བྱུང་། དེ་ནས་བཟུང་སྟེ་སྣང་བ་དེ་རྒྱུན་དུ་འཆར་ཞིང་། ཕྱིས་སུ་སྐབས་འགར་སྲིད་རྩེ་ནས་མནར་མེད་ཀྱི་བར་འདི་ཐམས་ཅད་སྟོང་ཆམ་གྱིས་སོང་བའི་སྣང་བ་བརྒྱ་འགྱུར་དུ་ཤར་ཡང་དེ་ལྟ་བུའི་ཕྱོགས་ནའང་མི་འདུག་གསུངས། ཞེས་སོགས་ངག་རྒྱུན་ལས་ཐན་ཐུན་ཞིག་བགྲེས་སོང་གིས་ང་ལ་གསོལ་རས་སུ་བསྩལ་བྱུང་། དེ་ནས་བསེ་མཁར་བརྡ་ལྔ་བོ་མཐོང་བའི་རི་སྒང་དེར་བུད་ནས་བསེ་ཉ་ལུང་ལ་ཕྱིར་མིག་འཕངས་དུས་དངོས་གནས་ཡིད་ལ་མི་ཤོང་བ་ལྟ་བུའི་ས་ལ་བཀྲ་ཤིས་པའི་རྟགས་ཀྱིས་ཡོངས་སུ་ཁེངས་འདུག བསེ་དཔོན་པོ་ནི་སྐྲག་ཤོར་ཞིག་ཡིན་སྣང་སྟེ་སྡེ་བ་གཞན་ཁ་ཤས་སྒོ་སྲུང་ལྟ་བུ་བྱེད་དུ་བཅུག་ནས་ཁོ་ཕུག་ཏུ་འཛུལ་བ་ལྟ་བུའི་སྣང་བ་ཞིག་དབང་མེད་དུ་སྟེར། དེ་ལྟར་ཉིན་གང་ལ་ཨ་ཁུ་ཆོས་དར་གྱི་གཙོས་པའི་བགྲེས་སོང་དག་གིས་གསར་བུ་ང་ལ་འགྲོ་རོགས་དང་མགྲོན་བསུ་བྱས་ཏེ་ཅི་ཞིག་ཆད་ཡོད་པ་ལྟར་བཀའ་དྲིན་གྱིས་བསྐྱངས་མཐར་རང་རང་སར་གྱེས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1