༄༅།། སྲིད་པ་གཉན་གྱི་དད་མོས་བྱུང་འཕེལ་སྐོར་རགས་ཙམ་གླེང་བ།

རྡོ་རྗེ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་རིག་པ། སྤེལ་དུས། 07-15


རྡོ་རྗེ་ཚེ་རིང་།
[ནང་དོན་གནད་བསྡུས།] རྩོམ་འདིར་སྲིད་པ་གཉན་གྱི་གྲོལ་ཕུག་དང་། གནས་ཡུལ། ཆ་བྱད། རིགས་དབྱེ། གསོལ་མཆོད་བཅས་བྲིས་པ་བརྒྱུད་ནས་དེའི་དད་མོས་བྱུང་འཕེལ་སྐོར་བརྗོད་ཡོད།
[བརྡ་ཆད་གཙོ་བོ།] སྲིད་པ་གཉན། དད་མོས། བྱུང་འཕེལ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] B946.6
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2015-03-0113-05
          བོད་མིའི་རིག་གཞུང་དུ་གཉན་ཞེས་བྱ་བ་ནི་སྣང་སྲིད་ཀྱི་ལྷ་དང་། རིགས་རུས་མཆེད་ཁུངས་དང་། རི་དྭགས་གཉན་སོགས་མིང་གཅིག་དོན་དུ་མར་འཇུག་ཚུལ་མང་ཡང་། འདིར་འཇིག་རྟེན་པའི་ལྷ་ཞིག་གི་ངོས་ནས་གླེང་བ་ལ། སྲིད་པ་གཉན་གྱི་གྲོལ་ཕུག་དང་། གཉན་གྱི་ཁྱད་ཆོས། གཉན་གྱི་དད་མོས་བྱུང་འཕེལ་གྱི་མཐའ་དཔྱོད་དང་གསུམ་ལས།
          གཅིག  སྲིད་པ་གཉན་གྱི་གྲོལ་ཕུག བོན་ལུགས་སུ།
           ཀླུ་འབུམ་དཀར་ནག་ཁྲ་གསུམ་ནི་སྟོན་པ་གཤེན་རབ་ཀྱིས་མཛད་ཅིང་ད་བར་མི་ལོ་སུམ་སྟོང་བརྒྱད་བརྒྱ་ལྷག་འདས་སྐད། བོན་གཞུང་དེའི་ནང་དུ་སྲིད་པ་གཉན་ནི་ནམ་མཁའ་སྟོང་ལྡན་དང་། གསལ་བ་འོད་ལྡན། མུན་པ་ཟེར་ལྡན་གསུམ་འདུས་པའི་གཞི་ལས་བྱུང་ཞིང་། ཕན་ཚུན་གཅིག་གིས་གཅིག་བསྐྱེད་པ་ལ་བརྟེན་ནས་གཉན་ཁམས་ཀྱང་བསམ་གྱིས་མི་ཁྱབ་པ་ཞིག་ཆགས་པར་བསྟན་ཡོད་དེ། ཀླུ་འབུམ་དཀར་པོ་ལས་གཉན་ཞེས་བྱ་བ་ནི་ནམ་མཁའ་ལ་གནས། དང་པོ་ཆད་པའི་ཁུངས་ནི་ནམ་མཁའ་སྟོང་ལྡན་དང་། གསལ་བ་འོད་ལྡན་དང་། མུན་པ་ཟེར་ལྡན་དང་། དེ་གསུམ་འདུས་པའི་གཞི་ལས་བྱུང་། ནམ་མཁའ་སྟོང་ལྡན་ནི་ནམ་མཁའ་ཡིན་པས་མཚོན་པའི་དཔེ་རུ་རུང་ལ། སྟོང་བར་ལྡན་པས་ནི་གཟུང་བའི་ཡུལ་ལས་འདས། གསལ་བ་འོད་ལྡན་ནི། གསལ་བ་ཡིན་པས་ནི་གང་དག་སྒོ་རྣམས་འབྱེད། འོད་དང་ལྡན་པས་ནི་ཆོ་འཕྲུལ་ཅི་ཡང་སྟོན། མུན་པ་ཟེར་ལྡན་ནི། མུན་པ་ཡིན་པས་རྨོངས་པའི་གཞི་རྣམས་བྱུང་། ཟེར་དང་ལྡན་པས་ནི་གནོད་པ་སྣ་ཚོགས་བྱུང་། དེ་ལྟར་རྣམ་པ་གསུམ་གཅིག་གིས་གཅིག་བསྐྱེད་ནས། གཉན་ཁམས་བསམ་མེད་བྱུང་①ཞེས་འཁོད་ཅིང་། སྣོད་བཅུད་ཀྱི་ཆགས་རབས་བརྗོད་པའི་བོན་གྱི་དཔེ་རྙིང་གྲགས་ཅན་སྲིད་པའི་མཛོད་ཕུག་དང་། དབུ་ནག་མིའུ་འདྲ་ཆགས་སོགས་སུ་ཡང་སྲིད་པའི་གཉན་ནི་སྲིད་པ་ཀློང་གི་སྒོ་ང་ལས་གྲོལ་བར་བསྟན་པས་ན། གཉན་ལྷའི་གྲོལ་ཕུག་ནི་བོན་གྱི་སྒོང་སྐྱེས་ཀྱི་ལྟ་ཚུལ་ལས་འདའ་མེད་ལ། དེ་བཞིན་བོད་ཀྱི་སྒྲུང་རབས་ཆེན་མོ་གེ་སར་སྒྲུང་དུའང་འབྱུང་ལྔའི་རིག་པ་ལ་བརྟེན་ནས་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་ཤིང་ནང་བཅུད་སེམས་ཅན་ཆགས་ཚུལ་བསྟན་སྐབས་མགོ་ནག་མི་ཆགས་པའི་གཞི་མ་ནི་བྱ་ཆེན་གྱི་སྒོ་ང་ཡིན་ལ། བར་སྲིད་པ་གཉན་ཁམས་ནི་བྱ་ཆེན་གྱི་གསེར་སྒོང་སེར་པོ་ཞིག་ལས་བྱུང་ཚུལ་གླེང་ཡོད་དེ། རྒྱ་གླིང་ལས་དུང་སྒོང་དཀར་པོ་ཡར་འགྲིལ་དེ།། སྟེང་ལྷ་ཁམས་ཆགས་པའི་གཞི་མ་ཡིན། གསེར་སྒོང་སེར་པོ་ཕར་འགྲིལ་དེ།། བར་གཉན་ཁམས་ཆགས་པའི་གཞི་མ་རེད་②ཅེས་བྲིས་ཡོད། གོང་གི་ཡིག་ཆ་ཁག་ལ་གཞིགས་ན་སྲིད་པ་གཉན་དང་དེའི་ལྷ་ཚོགས་ཀྱི་ཁུངས་ནི་བོན་གྱི་སྲིད་པ་ཀློང་སྒོང་གི་ལྟ་བའི་རྨང་གཞིའི་ཐོག་ནས་འཕྲོས་པ་རྟོགས་ཐུབ།
          གཉིས་པ། སྲིད་པ་གཉན་གྱི་ཁྱད་ཆོས།
          1.གཉན་གྱི་གནས་ཡུལ། བོན་གཞུང་ལྟར་ན། སྟེང་ལྷ། འོག་ཀླུ། བར་གཉན་ཞེས་གཉན་ལྷའི་ཐོག་མའི་གནས་ཡུལ་ནི་གནམ་སའི་བར་ན་ཡོད་པར་ངོས་འཛིན་ཏེ། དེ་ཡང་ཀླུ་འབུམ་དཀར་པོ་ལས་གཉན་ཞེས་བྱ་བ་ནི་ནམ་མཁའ་དང་འོད་དང་ཟེར་ལ་གནས་ཏེ། རྫུ་འཕྲུལ་སྣ་ཚོགས་ཕྱོགས་བཅུར་ཡོངས་སུ་འབྱེད་③ཅེས་དང་། གེ་སར་སྒྲུང་ལས་ཀྱང་བར་གཉན་ཁམས་འོད་ཀྱི་ཕོ་བྲང་ནས།། དགྲ་ལྷ་གཉན་སྟག་དམར་པོ་ནི།། མི་དམར་ཁྲག་གི་རལ་བ་ཅན།།④ཞེས་སྲིད་པ་གཉན་ནི་ཐོག་མར་བར་སྣང་དུ་གནས་ཤིང་། དུས་ཕྱིས་སུ་འགྱུར་བ་བྱུང་སྟེ་གཉན་ཞེས་པ་དེ་ཡུལ་ལྷའི་ཁོངས་སུ་བསྡུས་ཤིང་རི་ལ་གནས་པར་བཤད། གེ་སར་སྒྲུང་དུའང་སྲིད་པ་གཉན་ཆེན་གེར་འཛོ་དང་སྔོ་ལ་གཡུ་རྩེ་སོགས་གཉན་རིགས་ཆེན་པོ་དེ་དག་ནི་རི་ལ་གནས་པར་བཤད་དེ། ཧོར་གླིང་གཡུལ་འགྱེད་ལས་རྩེ་མོ་ཡར་ཟུག་ལྷ་ལ་ཟུག། ལྷ་ཚངས་པ་དཀར་པོའི་ཐུགས་སྲས་རེད།། སྐེད་པ་བར་ཟུག་གཉན་ལ་ཟུག། གཉན་སྐུ་ལྷ་གེར་འཚོའི་ཚ་བོ་རེད།། རྩ་བ་མར་ཟུག་ཀླུ་ལ་ཟུག། ཀླུ་གཙུག་ན་རིན་ཆེན་ཡང་ཚ་རེད།།⑤ ཅེས་སྟེང་ལྷ་དང་། བར་གཉན། འོག་ཀླུ་བཅས་འཇིག་རྟེན་ཁམས་གསུམ་དུ་དབྱེ་བ་ལས་གཉན་ཆེན་པོ་དེ་ཀུན་བར་གྱི་རི་མཐོན་པོར་གནས་པར་ངོས་འཛིན་སྲོལ་ཆགས་ཡོད།
          2.གཉན་གྱི་རིགས་དབྱེ། བོན་གཞུང་དུ་འཁོད་པ་ལྟར་ན། སྲིད་པ་གཉན་གྱི་རིགས་ལ་མཁའ་ལ་རྒྱུ་བའི་ཉི་གཉན་དང་། ཟླ་གཉན། སྐར་གཉན། གཟའ་གཉན། འཇའ་གཉན། སྤྲིན་གཉན། རྫི་གཉན། རླུང་གཉན་བཅས་གཉན་དཀར་གྱི་རིགས་དང་། ས་ལ་རྒྱུ་བའི་གངས་རི་དང་། གཡའ་བྲག ནགས་ཚལ་དང་། ས་གཞི། ཆུ་ངོགས་སོགས་ལ་གནས་པའི་གངས་གཉན་དང་། བྲག་གཉན། ནགས་གཉན། ས་གཉན། ཆུ་གཉན། རྡོ་གཉན། ཤིང་གཉན་བཅས་གཉན་ནག་གི་རིགས་གཉིས་ཆེན་པོ་གཉིས་སུ་དབྱེ།
          3.གཉན་གྱི་ཆ་བྱད། སྲིད་པ་གཉན་གྱི་ཆ་བྱད་ལའང་སྣ་ཚོགས་ཅི་རིགས་སྣང་སྟེ། བཀའ་ཐང་སྡེ་ལྔ་ལས་ལུས་པོ་མི་ཡི་ལུས་པོ་ལ།། མགོ་བོ་དུང་གི་མགོ་བོ་ཅན།། དེ་ལ་མིང་དང་མཚན་བཏགས་པ། རྗེའུ་གཉན་ཐོགས་རྒྱལ་བ་ལགས།། མི་བཟང་དེ་ནི་རྟ་རུ་བཟང་།། ལུས་པོ་མི་ཡི་ལུས་པོ་ལ།། མགོ་བོ་ཟངས་ཀྱི་མགོ་བོ་ཅན།། དེ་ལ་མིང་དང་མཚན་བཏགས་པ།། གཉན་བཟང་ཐོགས་རྒྱལ་བྱ་བ་ལགས།།མི་བཟང་དེ་ནི་རྟ་རུ་བཟང་།། ལུས་པོ་མི་ཡི་ལུས་པོ་ལ།།མགོ་བོ་སྤྱང་ཀིའི་མགོ་བོ་ཅན།། དེ་ལ་མིང་དང་མཚན་བཏགས་པ།། གཉན་ཁ་སྤྱང་རྒྱལ་བྱ་བ་ལགས།། མི་བཟང་དེ་ནི་རྟ་རུ་བཟང་།། ལུས་པོ་མི་ཡི་ལུས་པོ་ལ།།མགོ་བོ་སྦྲུལ་གྱི་མགོ་བོ་ཅན།། དེ་ལ་མིང་དང་མཚན་བཏགས་པ།།གཉན་ཁ་སྦྲུལ་འབུམ་ཆེན་པོ་ལགས།། མི་བཟང་དེ་ནི་རྟ་རུ་བཟང་།། ལུས་པོ་མི་ཡི་ལུས་པོ་ལ།། མགོ་བོ་གཡག་གི་མགོ་བོ་ཅན།། དེ་ལ་མིང་དང་མཚན་བཏགས་པ།། གཉན་རྗེ་གོང་སྔོན་བྱ་བ་ལགས།། མི་བཟང་དེ་ནི་རྟ་རུ་བཟང་།། ལུས་པོ་མི་ཡི་ལུས་པོ་ལ།། མགོ་བོ་སྟག་གི་མགོ་བོ་ཅན།། དེ་ལ་མིང་དང་མཚན་བཏགས་པ།། གཉན་སྟག་ཐོད་རྒྱལ་བྱ་བ་ལགས།། མི་བཟང་དེ་ནི་རྟ་རུ་བཟང་།། ལུས་པོ་མི་ཡི་ལུས་པོ་ལ།། མགོ་བོ་སྤྲེའུའི་མགོ་བོ་ཅན།། དེ་ལ་མིང་དང་མཚན་བཏགས་པ།། གཉན་སྤྲེལ་བརྡལ་བ་ཆེན་པོ་ལགས་⑥ཞེས་མི་ཡི་ལུས་ལ་རི་དྭགས་གཅན་གཟན་མགོ་ཅན་དུ་སྣང་བ་མང་ཞིང་། གེ་སར་སྒྲུང་ལས་འབྱུང་བའི་བར་ཁམས་གཉན་གྱི་དགྲ་ལྷ་གཉན་སྟག་དམར་པོ་ཡང་གོང་དང་མཚུངས་པར་མི་དམར་སྟག་གི་མགོ་ལ་ཁྲག་གི་རལ་བ་ཅན་ཞིག་ཡིན་པར་བཤད་དེ། ཧོར་གླིང་གཡུལ་འགྱེད་ལས། བར་གཉན་ཁམས་འོད་ཀྱི་ཕོ་བྲང་ནས།། དགྲ་ལྷ་གཉན་སྟག་དམར་པོ་ནི།། མི་དམར་ཁྲག་གི་རལ་བ་ཅན།། བསེ་ཁྲབ་བསེ་རྨོག་སྐུ་ལ་གསོལ།། སྲིད་གསུམ་གསལ་བའི་མེ་ལོང་བཏགས།། ཁ་ཕོ་རྡོག་ཐེ་རྡེབ་ལིང་ལིང་།། མེ་འོད་གློག་དམར་ཚུབས་སེ་ཚུབ།། སྟག་དོང་གཡས་ལ་གཟིག་ཤུབས་གཡོན།། གཅོད་པའི་དགྲ་སྟ་སྐེད་ལ་བཏགས།། བཙན་རྟ་དམར་ཞུར་ཆིབས་སུ་བཅིབས།། འཁོར་དུ་བཙན་དམག་འབུམ་གྱིས་བསྐོར།།⑦བཞེས་གསལ་བར་བསྟན། གོང་ལས་བསྟན་པ་ལྟར་ན། སྲིད་པ་གཉན་གྱི་ཆ་བྱད་ལ་མི་ལུས་གཉན་མགོ་ཅན་དང་། མི་ལུས་དུང་མགོ་ཅན། མི་ལུས་སྤྱང་མགོ་ཅན་དང་། མི་ལུས་སྦྲུལ་མགོ་ཅན། མི་ལུས་གཡག་མགོ་ཅན། མི་ལུས་སྟག་མགོ་ཅན། མི་ལུས་སྤྲེའུ་མགོ་ཅན་སོགས་སྣང་ཞིང་། གེ་སར་སྒྲུང་གི་སྲིད་པ་གཉན་ལྷའི་རྣམ་པ་ཡང་ནི་ཐོག་མར་སྲོག་ཆགས་གཟུགས་ཡིན་པ་ལ་དུས་ཕྱིས་འགྱུར་བ་བྱུང་སྟེ་མིའི་རྣམ་རོལ་ཏུ་འཕེལ་འགྱུར་ཕྱིན་ཡོད།
          4.གཉན་གྱི་གསོལ་མཆོད། སྲིད་པ་གཉན་གྱི་རིགས་ལ་མཁའ་ལ་རྒྱུ་བའི་གཉན་དཀར་དང་། ས་ལ་རྒྱུ་བའི་གཉན་ནག་གི་རིགས་ཇི་སྙེད་ཅིག་མཆིས་པས་ན། སོ་སོའི་གསོལ་མཆོད་ལའང་རྒྱ་ཆེ་ཞིང་གྲངས་མང་པ་ཞིག་ཡོད་ངེས། འདིར་གཉན་ལྷའི་དམར་མཆོད་སྐོར་ནས་ཅུང་ཙམ་གླེང་ན་ནི།
          དམར་མཆོད་ནི་མི་ལོ་ཁྲི་ཚོ་དུ་མའི་གོང་ནས་འཛམ་གླིང་གི་ཡུལ་གྲུ་སོ་སོར་དར་ཆེ་བའི་ལྷ་གསོལ་འདྲེ་འདུལ་གྱི་ཆོ་གའི་རིགས་ཤིག་ཡིན་ལ། བོད་ལ་མཚོན་ན་ཡང་གདོད་མ་ནས་དར་བའི་བདུད་བོན་གྱི་དམར་ཐབས་དང་། གདོན་བོན་གྱི་ཁྲག་མཆོད། སྟོན་ཀའི་ཤྭ་ཕོ་རུ་རྐྱང་དང་། དགུན་ཁའི་བོན་ལྷ་དམར་མཆོད། དཔྱིད་ཀའི་ཡུ་མོའི་བྱིན་འབྲེག་སོགས་གདོད་མའི་བོན་གྱིས་སེམས་ཅན་བསད་པའི་ཤ་ཁྲག་གིས་སྣང་སྲིད་ཀྱི་ལྷ་ཚོགས་མཆོད་པའི་ལོ་རྒྱུས་སྣང་ཞིང་། དེ་མིན་བོད་རྒྱལ་གཉའ་ཁྲིའི་རིང་ལ་དར་བའི་རྒྱུའི་བོན་ཤེས་པ་ཅན་བཅུ་གཉིས་⑧སུ་གྲགས་པ་ལས་གཙང་ཤེས་སེལ་འདེབས་⑨སུ་འབོད་པ་ལ་ཆབ་ནག་ཆུ་བོའི་སེལ་གྱི་སྒོ་རིགས་བཅུ་གཉིས་དབྱེ་ཞིང་། དེས་ལྷ་ཀླུ་གཉན་སོགས་འགྲས་ཏེ་འཁོན་པ་ལ་མི་དང་ལྷ་ཡི་བར་གྱི་དབྱེན་སེལ་བྱ་བ་དང་། བྱ་དམར་མཚལ་བུའི་གེགས་སེལ་⑩བྱ་བར་དཔག་ན། མི་ལོ་ཉིས་སྟོང་ལྔ་བརྒྱ་ལྷག་གི་གོང་རོལ་ན་བོད་ཡུལ་ན་གློ་བུར་གྱི་གེགས་རྐྱེན་སེལ་བའི་ཐབས་སུ་སྲིད་པ་གཉན་ལ་འདབ་ཆགས་བྱ་ཡིས་མཆོད་སྲོལ་དར་ཆེ་བ་མ་ཟད། སེམས་ཅན་འབྲོང་གཡག་གིས་སྲིད་པ་གཉན་ལྷ་མཆོད་པའི་སྲོལ་ཡང་སྣང་སྟེ། ཀླུ་གཉན་ས་བདག་གཏོད་བཞིའི་དལ་བཀྱག་ལས་གཉན་གཡག་དཀར་པོས་གཉན་གྱི་དལ་བཀྱགོ་⑾ཞེས་ཤ་ཁྲག་གིས་མཆོད་པའི་ལས་ཀྱང་བྱེད། དེ་བཞིན་གེ་སར་སྒྲུང་དུའང་དུས་ཀུན་གླིང་ཡུལ་ལ་མགོན་སྐྱབས་སྡོངས་གྲོགས་བྱེད་པའི་དགྲ་ལྷ་མཐུ་བོ་ཆེ་དེ་དག་དགྱེས་པའི་ཐབས་དང་། རང་གི་འདོད་དོན་འགྲུབ་པའི་ཆེད་དུ་དམར་མཆོད་ཅི་རིགས་ལ་བརྟེན་ནས་གསོལ་མཆོད་བྱ་ཚུལ་ཡང་མང་སྟེ། ཧོར་གླིང་གཡུལ་འགྱེད་ལས་གེ་སར་གྱིས་མདའ་བརྒྱབ་པས་འབྲོང་གི་ཡ་ཐོད་ནས་འཕོངས་ཀྱི་བར་ཏུ་བརྟོལ་ཏེ་སྐད་ཅིག་དེ་ཉིད་ལ་འབྲོང་རོ་བྲག་རྦབ་ཏུ་འདྲིལ་བར་ཤ་ཁྲག་གིས་དགྲ་ལྷ་རྣམས་མཆོད་དེ་ཞལ་དུ་བཞེས་ནས་ཕེབས་⑿ཞེས་སྒྲུང་དུའང་གཉན་ལྷ་དམར་གྱིས་མཆོད་སྲོལ་ཡོད།
          གསུམ་པ། སྲིད་པ་གཉན་གྱི་དད་མོས་བྱུང་འཕེལ་གྱི་མཐའ་དཔྱོད།
          གདོད་མའི་དུས་སུ་མི་རྣམས་ཀྱི་ཕྱི་རོལ་ཡུལ་གྱི་ངོས་ཟིན་ནུས་པ་དེ་བྱིས་བློའི་ཚད་དུ་གནས་པས། ཉི་ཟླ་སྐར་གསུམ་གྱི་འཆར་ནུབ་དང་། གནམ་ས་རི་གཤོང་གི་གྲུབ་ཚུལ། རི་དྭགས་འདབ་ཆགས་ཀྱི་བྱུང་ཚུལ། དབྱར་དགུན་སྟོན་དཔྱིད་ཀྱི་དུས་བཞིའི་འགྱུར་ལྡོག་དང་། ད་རུང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སོགས་ལ་འགྲེལ་བཤད་ཡང་དག་ཅིག་རྒྱག་མ་ཐུབ་པར་བརྟེན། དེ་དག་ནི་རང་བྱུང་གི་མཐུ་ལས་བརྒལ་བའི་ལྷས་ཁ་ལོ་བསྒྱུར་བར་བསམ་ཏེ་སྐྱབས་གསོལ་འཕྲིན་བཅོལ་བྱས་པར་བརྟེན་སྲིད་པའི་གཉན་ལྷ་ཇི་སྙེད་ཅིག་བྱུང་ཞིང་། དེའི་བྱུང་འཕེལ་ལ་གཞིགས་ན་དུས་རིམ་གོང་མའི་སྲིད་པ་གཉན་དང་། དུས་རིམ་བར་མའི་སྲིད་པ་གཉན། དུས་རིམ་རྗེས་མའི་སྲིད་པ་གཉན་བཅས་འཕེལ་རིམ་གསུམ་དུ་དབྱེ་ཆོག་པར་སྣང་སྟེ།
          1.དུས་རིམ་གོང་མའི་སྲིད་པ་གཉན། གནའ་རབས་བོད་མིའི་འདུ་ཤེས་ལ་སྲིད་པ་གཉན་ནི་ནམ་མཁའ་དང་འོད་ཟེར་ལ་གནས་པ་དང་། རྫུ་འཕྲུལ་སྣ་ཚོགས་ཕྱོགས་བཅུར་འབྱེད་པའི་མཐུ་ནུས་ལྡན་ཞིང་། དེ་ལའང་གཉན་དཀར་ནག་ཅེས་གནམ་སའི་བར་སྣང་དུ་གནས་པའི་ཉི་གཉན་དང་། ཟླ་གཉན། སྐར་གཉན། གཟའ་གཉན། འཇའ་གཉན། སྤྲིན་གཉན། རླུང་གཉན་ཏེ་གཉན་དཀར་གྱི་རིགས་དང་། གངས་རི་དང་། གཡའ་བྲག ནགས་ཚལ། ས་གཞི། ཆུ་ངོགས་སོགས་ལ་གནས་པའི་གངས་གཉན་དང་། བྲག་གཉན། ནགས་གཉན། ས་གཉན། ཆུ་གཉན། རྡོ་གཉན། ཤིང་གཉན་ཏེ་ས་ལ་རྒྱུ་བའི་གཉན་ནག་གི་རིགས་གཉིས་སུ་དབྱེ་ཡང་། དུས་རིམ་གོང་མར་བྱུང་བའི་གནམ་ས་བར་སྣང་ལ་གནས་པའི་གཉན་རིགས་ཇི་སྙེད་ཅིག་མཆིས་པ་དེ་དག་གི་གཟུགས་རྣམ་ནི་ཕྱི་སྣོད་ཀྱི་ཉི་ཟླ་གཟའ་སྐར་དང་། ཆུ་བྲག་ནགས་གསུམ་སོགས་གཉན་ལྷའི་རྣམ་འཕྲུལ་དུ་བསྐྲུན་ཡོད་པ་རེད། དེར་བརྟག་ན། དབྱིན་ཇིའི་མིའི་རིགས་རིག་པའི་མཁན་པོ་ཐེ་ལེར་གྱིས་བློ་རིག་མ་སད་པའི་རུས་རྒྱུད་ཅིག་ལ་མཚོན་ན། ཉི་ཟླ་སྐར་གསུམ་དང་། ནགས་ཚལ་ཆུ་ཀླུང་། རླུང་དམར་དང་འཇའ་སྤྲིན་ལ་སོགས་པ་ཡོད་རྒུར་འགྲོ་བ་མི་རང་ཉིད་དང་མཚུངས་པར་བླ་སྲོག་ཡོད་པར་ངོས་འཛིན་བྱེད་⒀ཅེས་གསུངས་པ་ལྟར། གནའ་རབས་བོད་མིས་ཀྱང་རང་བྱུང་ཁམས་ཆེན་པོའི་གསང་བ་མ་རྟོགས་པར་དེ་ཀུན་ལྷ་ག་གེ་མོས་ཁ་ལོ་བསྒྱུར་བར་བསམ་ཏེ་སྣོད་ཀྱི་དངོས་པོ་ཀུན་ལྷའི་རྣམ་རོལ་དུ་བཀུར་བའི་འབྲས་རྟགས་སུ་མངོན།
          2.དུས་རིམ་བར་མའི་སྲིད་པ་གཉན། ཆོས་ལུགས་རིག་པའི་མཁས་པ་ཀྲུའུ་ཐེན་ཧྲོའུ་ལགས་ཀྱིས་གདོད་མའི་ཆོས་ལུགས་ལས་འཕེལ་རྒྱས་ཆེས་མགྱོགས་པ་ནི་སྲོག་ཆགས་སམ་རྩི་ཤིང་གི་དད་མོས་ཡིན་⒁ཞེས་བསྟན་པ་ལྟར། འདིར་བརྗོད་པའི་དུས་རིམ་བར་མའི་ནང་དུ་གནའ་རབས་བོད་མིའི་དད་ཡུལ་ལའང་འགྱུར་ལྡོག་བྱུང་སྟེ། དུས་རིམ་གོང་མའི་ནང་གི་རང་བྱུང་དད་མོས་དེ་རིགས་རིམ་གྱིས་སྲོག་ཆགས་དད་མོས་སུ་འཕེལ་འགྱུར་ཕྱིན་ཞིང་། གཉན་ལྷའི་ཚོགས་ཀྱི་ཆ་བྱད་ལའང་འགྱུར་བ་བྱུང་སྟེ་གཉན་ལྷ་ལ་མི་ལུས་དུང་མགོ་ཅན་དང་། མི་ལུས་སྤྱང་མགོ་ཅན། མི་ལུས་སྦྲུལ་མགོ་ཅན། མི་ལུས་གཡག་མགོ་ཅན། མི་ལུས་སྟག་མགོ་ཅན། མི་ལུས་སྤྲེའུ་མགོ་ཅན་སོགས་སྣང་བ་དེས། གནའ་སྔ་མོའི་དུས་སུ་རི་དྭགས་གཉན་སོགས་ལྷའམ་སྲུང་མར་བཀུར་བའི་བོད་མིའི་སྲོག་ཆགས་དད་མོས་དེ་གཞི་ནས་མཚོན།
          3.དུས་རིམ་རྗེས་མའི་སྲིད་པ་གཉན། དུས་རིམ་རྗེས་མའི་ནང་དུ་རི་དྭགས་གཉན་སོགས་ལྷའམ་སྲུང་མར་བཀུར་བའི་སྲོག་ཆགས་དད་མོས་ཀྱི་འདུ་ཤེས་དེ་རྨང་ནས་ཡལ་ཏེ་སྨྲ་ཤེས་ཤིང་དོན་གོ་བའི་དཔའ་བོའམ་སྐྱེས་བུ་ཆེན་པོའི་རིགས་ལྷའི་རྣམ་རོལ་དུ་འཛིན་པའི་དཔའ་བོའི་དད་མོས་ཆགས་ཤིང་། དེ་ནི་མིའི་རིགས་རིག་པའི་མཁན་པོ་ཐེ་ལེར་གྱིས་གསུངས་པ་ལྟར། རྒྱལ་ཁམས་སོ་སོའི་དབང་འབྱོར་ནུས་སྟོབས་ཆེས་ཆེ་བའི་ལྷ་དག་ནི་འདས་ཟིན་པའི་མི་རང་ཉིད་མཚོན་པ་ཡིན་⒂ཞེས་པ་ལྟར། དེ་ལ་འཁོར་འབངས་དང་། བཙུན་མོ། སྲས་དང་སྲས་མོ། ཆིབས་རྟ་དང་འཁོར་མཚོན་སོགས་ཀྱང་བྱུང་ཡོད། གེ་སར་སྒྲུང་ལས་མངོན་པའི་གཉན་ཆེན་པོ་སྐུ་ལྷ་གེར་འཚོ་ཡང་དེ་བཞིན་མི་དཀར་དར་གྱི་ན་བཟའ་གྱོན་པ། གསེར་གཡུའི་མགུལ་རྒྱན་ཅན། ཕྱག་ན་མདའ་གཞུ་བསྣམས་པ། རྟ་མཆོག་ངང་དཀར་ཆིབས་སུ་བཅིབས་ཤིང་འཁོར་དུ་གཉན་དམག་འབུམ་གྱིས་བསྐོར་ཅིང་དེ་ནི་སྨུག་པོ་ལྡོང་གི་ཡབ་མེས་ལ་ངོས་འཛིན་སྲོལ་ཡོད།མདོར་ན། སྲིད་པ་གཉན་གྱི་དད་མོས་དེའང་དངོས་ཀུན་བླ་སྲོག་གིས་ཁྱབ་པའི་འདུ་ཤེས་ཀྱི་རྨང་ཐོག་ནས་ཐོག་མར་རང་བྱུང་སྣང་ཚུལ་དག་གཉན་དུ་བཀུར་བ་དང་། དེ་ནས་སྲོག་ཆགས་མང་པོ་ཞིག་ལ་སྣང་སྲིད་ཀྱི་གཉན་ལྷའི་འདུ་ཤེས་འཛིན་སྟངས་སམ་དད་མོས་བྱེད་སྟངས་ཆགས་ཤིང་། མཐར་སྤྱི་ཚོགས་འཕེལ་བའི་འགྲོས་དང་བསྟུན་ནས་རིམ་གྱིས་འགྱུར་ལྡོག་བྱུང་སྟེ་མི་གཤིས་ཅན་དང་། སྤྱི་ཚོགས་ཅན་གྱི་ལྷ་མིའི་གཤིས་ཀ་མཉམ་འདྲེས་ཀྱི་ཁྱད་ཆོས་ལྡན་པའི་གཉན་ལྷ་ཇི་སྙེད་ཅིག་བྱུང་ཡོད་དོ།།
          མཆན་འགྲེལ།
          ①③《ཀླུ་འབུམ་དཀར་པོ》 ཤིང་དཔར་སྣ་རིང་། ཤོག་ངོས་3དང་། ཤོག་ངོས་62ན་གསལ།
          ②《རྒྱ་གླིང་》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1984ལོ། ཤོག་ངོས་323ན་གསལ།
          ④⑤《ཧོར་གླིང་གཡུལ་འགྱེད》 སྟོད་ཆ། མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རྩོམ་རིག་ཞིབ་འཇུག་ཚོགས་པས་བསྡུས་ཤིང་བསྒྲིགས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། 1980ལོ། ཤོག་ངོས་12དང་། ཤོག་ངོས་12ན་གསལ།
          ⑥《བཀའ་ཐང་སྡེ་ལྔ》 གུ་རུ་ཨུ་རྒྱན་གླིང་བས་གཏེར་ནས་བཏོན། མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། 1982ལོ། ཤོག་ངོས་19ན་གསལ།
          ⑦《ཧོར་གླིང་གཡུལ་འགྱེད》 སྟོད་ཆ། མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རྩོམ་རིག་ཞིབ་འཇུག་ཚོགས་པས་བསྡུས་ཤིང་བསྒྲིགས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། 1980ལོ། ཤོག་ངོས་12ན་གསལ།
          ⑧རྒྱུའི་བོན་ཤེས་པ་ཅན་བཅུ་གཉིས། བོད་རྒྱལ་གཉའ་ཁྲི་བཙན་པོའི་རིང་ལ་རྒྱུའི་བོན་ཤེས་པ་ཅན་བཅུ་གཉིས་དར་ཏེ། མགོན་ཤེས་ལྷ་བོན། གཡང་ཤེས་ཕྱྭ་བོན། འགྲོ་ཤེས་གླུད་གཏོང་། འདུར་ཤེས་སྲིད་གཤེན། གཙང་ཤེས་སེལ་འདེབས། སྒྲོལ་ཤེས་ལྷ་བོན། ཕན་ཤེས་སྨན་དཔྱད། སྐོས་ཤེས་རྩིས་མཁན། སྨྲ་ཤེས་གཏོ་དགུ ལྡིང་ཤེས་ཤྭ་བ། འཕུར་ཤེས་ཇུ་ཐིག སྒྲོལ་ཤེས་འཕྲུལ་བོན་དེ་རྣམས་ལ་བོན་ཤེས་པ་ཅན་བཅུ་གཉིས་ཞེས་བྱའོ།།
          ⑨གཙང་ཤེས་སེལ་འདེབས་ནི་མནོལ་གྲིབ་འབག་བཙོག་གི་གོས་པའི་རིགས་རྣམས་སྤོས་བསང་ཁྲུས་བསང་སོགས་ཀྱི་སྒོ་ནས་གཙང་མར་སེལ་བ་ལ་གོ།
          ⑩བྱ་དམར་མཚལ་བུའི་གེགས་སེལ་ནི་ཆེས་སྔ་བའི་བོན་ལུགས་སུ་ཁྱིམ་བྱ་ཕོའི་དམར་མཆོད་ལ་བརྟེན་ནས་གློ་བུར་གྱི་གེགས་རྐྱེན་སེལ་བའི་ཐབས་བྱེད་སྲོལ་ལ་གོ།
          ⑾《ཀླུ་གཉན་ས་བདག་གཏོད་བཞིའི་དལ་བཀྱག》 དབུ་མེད་ལག་བྲིས།
          ⑿《ཧོར་གླིང་གཡུལ་འགྱེད》 (སྨད་ཆ) མཚོ་སྔོན་མི་རིགས་པར་སྐྲུན་ཁང་གིས་བསྐྲུན། 1980ལོ། ཤོག་ངོས་113ན་གསལ།
          ⒀⒂【英】爱德华•泰勒著,连树声译:《原始文化》,广西师范大学出版社,2005年,第284、535页。
          ⒁朱天顺著:《原始宗教》,上海人民出版社,1964年,第1页。


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1