གཙོ་ངོས།>> འཕྲོད་བསྟེན།>>བོད་ཀྱི་གསོ་རིག

དོན་འགྲུབ་དཔལ་ལྡན། རྟ་མགྲིན་འཚོ། པད་མ་གཡུ་སྒྲོན། བསོད་ནམས་དར་རྒྱས། ཐུགས་རྗེ་འཚོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༧ཚེས་༡༥ཉིན།

༄༅།། གཞང་འབྲུམ་སེལ་བྱེད་རེང་བུའི་བཟོ་སྟངས་སྐོར་གླེང་བ།


དོན་འགྲུབ་དཔལ་ལྡན། རྟ་མགྲིན་འཚོ། པད་མ་གཡུ་སྒྲོན། བསོད་ནམས་དར་རྒྱས། ཐུགས་རྗེ་འཚོ།
        གཞང་འབྲུམ་ནི་དེང་གི་དུས་འདིར་ཆེས་རྒྱུན་མཐོང་གི་ནད་རིགས་ཤིག་ཡིན། དེ་ནི་གཙོ་བོ་རྒྱུན་ལྡན་གྱི་ཟས་སྤྱོད་ལ་དོ་སྣང་མ་བྱས་པར་ལོ་ན་ཆེ་ཆུང་གང་ལ་ཡང་འབྱུང་བའི་ནད་གཞི་གདུག་ཅན་ཞིག་ཡིན། དཔྱད་རྩོམ་འདིར་དམིགས་སུ་གཞང་འབྲུམ་ནད་ལ་གཏོང་བདེ་ལ་ཉར་ཚགས་སླ་བ། ནད་སྟེང་དུ་ཐད་ཀར་ཕན་ནུས་འདོན་པའི་རེང་བུ་བཟོ་སྟངས་ཀྱི་སྐོར་ལ་རགས་ཙམ་བརྗོད་ཡོད།

གཅིག སྦྱོར་སྡེ་གདམ་གསེས།
        སྨན་སྦྱོར་འདི་ནི་མན་ངག་བཀའ་རྒྱ་མ་ལས་གདམས་པ་ཡིན་ཏེ། དེ་ཉིད་ལས་བྲང་གི་ནད་དམ་འོག་སྒོར་ནི། ། སྲིན་བུས་ཟ་ཞིང་ཚ་བ་དང་། ། ཁྲག་འཛག་གཞང་རུ་ཐོན་སོགས་ལ། །རེ་ལྕག་པ་ཡི་རྩ་བ་དང་། །སྒོག་གཅིག་བཅའ་སྒ་ཐང་ཕྲོམ་འབྲུ། །ཕོ་རིས་ཐར་ནུ་བྱི་ཏང་ག །དེ་རྣམས་ཆ་སྙོམས་ར་ཚིལ་ལམ། །ཕག་ཚིལ་མར་རྙིང་གང་རུང་ལ། །སྦྱར་ཏེ་བལ་དང་རྫས་བསྲེས་ལ། །རིལ་བུ་བཤང་ལམ་ནང་དུ་འཕུལ། ། གོང་གི་ནད་ལ་སླེབས་པས་ཆོག །ཅེས་པ་ལྟར་སྨན་རྫས་དེ་དག་མཉམ་དུ་སྦྱར་བའི་སྨན་སྦྱོར་གྱིས་གཞང་སྲིན་གྱི་དབང་གིས་གཞང་ཁར་ཟ་འཕྲུག་ལངས་པ་དང་ཁྲག་འཛག་པ། གཞང་ཁ་ཚ་བ། གཞང་འབྲུམ་དོན་པ་སོགས་ལ་གསོ་བཅོས་ཀྱི་ནུས་པ་ལེགས་པོ་ལྡན།

གཉིས། སྔོན་འགྲོའི་ལག་ལེན།
        སྡེབ་སྦྱོར་དུ་མཁོ་བའི་གོང་གི་སྨན་སྣ་བདུན་པོ་སོ་སོར་ཚུལ་བཞིན་དུ་སྲོལ་རྒྱུན་ལག་ལེན་ལྟར་དུག་འདོན་བྱ་དགོས། དེ་ནས་ལེབ་གཏུབ་འཕྲུལ་འཁོར་དང་ཕྱེ་རྒྱག་འཕྲུལ་ཆས། ཚགས་ཨང་དྲུག་པ་སོགས་སྤྱད་ནས་སྨན་རྫས་རྣམས་སྐམ་འཐག་ཞིབ་པར་བྱ།དེ་ནས་ཞིབ་བཏགས་ཕྱེ་མ་བདུན་པོ་རྫས་སྦྱོར་གྱི་སྡུར་ཚད་ལྟར་མཉམ་བསྲེས་བྱས་རྗེས་སྔོན་འགྲོ་གྲུབ་བོ། །

གསུམ། འཇམ་འདྲེད་བྱེད་རྫས་བཟོ་ཚུལ
        ཚིལ་བུ་རང་བཞིན་གྱིས་རྨང་རྫས་བྱས་ཡོད་པའི་རེང་བུའི་ཕྱི་ལ་ཆུ་གཤེར་རང་བཞིན་ཅན་གྱི་རྨང་རྫས་བྱས་ཡོད་པའི་འཇམ་འདྲེད་བྱེད་རྫས་བྱུག་དགོས། འཇམ་འདྲེད་བྱེད་རྫས་ལ་དཔེར་ན། མཉེན་ཆལ་དང་མངར་སྣུམ། 95%ཅན་གྱི་ཁ་ཕྲུན་(དེ་གསུམ་གྱི་སྡུར་ཚད་ནི་1:1:5)གསུམ་མཉམ་བསྲེས་བྱས་ནས་གྲུབ་པའི་ཆུ་གཤེར་རང་བཞིན་ཅན་གྱི་བཞུ་ཁུ་ལྟ་བུ། རེང་བུ་འགའ་ཞིག་ལ་ཕྱི་ངོས་གྲུང་བྱེད་རྫས་ཡང་བསྣན་ཆོག་སྟེ། དེས་སྨན་ནུས་ཐོན་མྱུར་བ་དང་ལུས་པོས་འཇུ་སླ་བར་ཕན་ཐོགས་ཆེ།

བཞི། རྨང་རྫས་ལྷད་མའི་རེང་བུ་བཟོ་ཚུལ།
        ཐོག་མར་འདྲེས་གྲུབ་ཕྱེད་མའི་ཚིལ་ཞག10gའཇལ་བ་རླངས་གྱུར་སྣོད་ཆས་ནང་དུ་བཞག་སྟེ་ཚ་སྣོན་ཆུ་ལུམས་རྒྱབ་རྗེས། འཇམ་འདྲེད་བྱེད་རྫས་བྱུག་ཡོད་པའི་རེང་བུའི་དཔེ་དབྱིབས་ནང་དུ་ཕྱི་རུ་འཕྱོ་ཙམ་བླུག་པ་འཁྱག་ཏུ་བཅུག་སྟེ་མཁྲེགས་པོ་ཆགས་པར་བྱ་དགོས། དེ་ནས་ཕྱིར་ལུད་པ་རྣམས་གྲི་ཆུང་གིས་བྲད་དེ་ངོས་སྙོམས་པོར་བཟོ་བ། མཐར་དཔེ་དབྱིབས་ལས་ཕྱིར་བཏོན་པའི་རེང་བུ་དག་གི་ལྗིད་ཚད་སོ་སོར་འཇལ་རྗེས་ཆ་སྙོམས་ལྗིད་ཚད་G (g )བརྩི་དགོས།

ལྔ། སྨན་འདུས་རེང་བུ་བཟོ་ཚུལ།
        ཐོག་མར་སྨན་རྫས་བདུན་པོའི་མཉམ་བསྲེས་ཕྱེ་མ་2gའཇལ་བ་མས་གཏུན་ཆུང་བའི་ནང་བླུགས།དེ་ནས་འདྲེས་གྲུབ་ཕྱེད་མའི་ཚིལ་སྐྱུར་ཞག་8gརླངས་འགྱུར་སྣོད་ཆས་ནང་བཞག་སྟེ་ཚ་སྣོན་ཆུ་ལུམས་རྒྱབ་ནས་2/3ཙམ་བཞུ་རྗེས་དྲོད་གཏོང་མཚམས་འཇོག་དགོས། ཤེལ་ཐུར་གྱིས་དཀྲུགས་ནས་རྨང་རྫས་ཚང་མ་བཞུ་བར་བྱས་རྗེས་མས་གཏུན་ནང་དུ་བླུགས་ཡོད་པའི་སྨན་གྱི་ཕྱེ་མ་དང་མཉམ་བསྲེས་ལེགས་པོ་བྱ། འཇམ་འདྲེད་བྱེད་རྫས་བྱུག་ཡོད་པའི་རེང་བུའི་དཔེ་དབྱིབས་ནང་ཕྱི་རུ་འཕྱོ་ཙམ་བླུག་ནས་འཁྱག་ཏུ་བཅུག་སྟེ་མཁྲེགས་པོ་ཆགས་པར་བྱེད་དགོས། ཕྱིར་ལུད་པ་རྣམས་གྲི་ཆུང་གིས་བྲད་དེ་ངོས་སྙོམས་པོར་བཟོས་པས་གྲུབ། རེང་བུ་རེ་རེའི་ཚད་འཇལ་ནས་ཆ་སྙོམས་སྤུས་ཚད་M(g )བརྩི་དགོས། སྨན་འདུས་ཚད་སྤྱི་འགྲོས་W=M×x%(x%ནི་སྨན་འདུས་བརྒྱ་ཆའི་ཚད་ཡིན)

དྲུག བརྗེ་འགྱུར་བྲིན་བརྩི་ཚུལ།
        གོང་ལས་ཐོབ་པའི་Gདང་M། Wབཅས་མཉམ་བྱའི་ཚུལ་f=W/(G-(M-W))

        ནང་ཞུགས་ནས་སྨན་རྫས་བདུན་པོའི་མཉམ་བསྲེས་ཕྱེ་མའི་ནང་གི་འདྲེས་གྲུབ་ཕྱེད་མའི་ཚིལ་སྐྱུར་ཞག་གི་བརྗེ་འགྱུར་བྲིན་ཐོབ་པར་བྱ། f=སྨན་རྫས་ཀྱི་སྟུག་ཚད/རྨང་རྫས་ཀྱི་སྟུག་ཚད། f=w/(G-(M-w))མཉམ་བྱའི་ཚུལ་ནང་གི་wནི་རེང་བུ་རེའི་ནང་གི་གཙོ་སྨན་འདུས་ཚད་དང་། Gནི་རྨང་རྫས་ལྷད་མེད་ཀྱིས་བཟོས་པའི་རེང་བུ་རེའི་ལྗིད་ཚད། mནི་སྨན་འདུས་རེང་བུ་རེའི་ལྗིད་ཚད། གོང་གི་བརྗེ་འགྱུར་བྲིན(置换价)ལས་ཐོབ་པ་ལྟར། རེང་བུ་རེའི་ནང་འདུས་དགོས་པའི་རྨང་རྫས་ཚད་(E)ནི། E=G(w/f)ལྟར་ཡིན།

བདུན། རེང་བའི་ལྗིད་ཁྱད་ཁྱབ་ཁོངས།


བརྒྱད། ཉམས་འཇོག་དགོས་ས།
        རེང་བུའི་ཁྲོད་ཀྱི་སྨན་རྫས་དང་རྨང་རྫས་གཉིས་མཉམ་བསྲེས་ཆ་སྙོམས་པོ་བཟོ་དགོས། རྒྱུན་དྲོད་འོག་གི་རེང་བུར་འོས་མཚམས་ཀྱི་མཁྲེགས་ཚད་དང་མཉེན་ཚད་ལྡན་དགོས་ལ།ངར་སྐྱེད་རང་བཞིན་མེད་པ། བཞུ་ཚད་ནི་ལུས་དྲོད་37℃དང་ཉེ་དགོས། གཞན་གཞང་ལམ་དུ་གཏོང་སྐབས་བཞུ་སླ་ལ་ཟགས་ཐོན་དངོས་རྫས་དང་འདྲེས་ནས་ལུས་ཀྱི་ཆ་ཤས་སམ་ལུས་ཡོངས་ལ་སྨན་ནུས་རིམ་བཞིན་ཐོན་པར་མཉམ་འཇོག་བྱེད་དགོས།

དཔལ་འབྱོར་གོང་འཕེལ་བྱུང་བ་དང་བསྟུན་མི་རྣམས་ཀྱི་འཚོ་བར་འགྱུར་ལྡོག་བྱུང་སྟེ་ཟས་སྤྱོད་གང་རུང་གི་ཕྱོགས་ནས་དོ་སྣང་མ་བྱས་པར་གོམས་གཤིས་ངན་པ་ཆགས་དང་ཆགས་བཞིན་པའི་དེང་འདིར་གཞང་འབྲུམ་ནི་མིའི་བདེ་ཐང་ལ་གནོད་ཚབས་ཆེ་བའི་རྒྱུན་མཐོང་གི་ནད་རིགས་ཤིག་ཏུ་གྱུར་ཡོད། འདིར་སྲོལ་རྒྱུན་སྨན་སྦྱོར་རྒྱུད་འཛིན་དང་དེང་རབས་རེང་བུའི་ལག་ལེན་ཟུང་འབྲེལ། སྨན་ནུས་ཐོན་མྱུར་ལ་ནད་པར་ན་ཟུག་ཆུང་བ། ལག་ལེན་སྟབས་བདེ་བ་བཅས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་རེང་བུ་སྦྱོར་བཟོའི་གོ་རིམ་གསལ་བར་བཀོད་པས་བོད་སྨན་སྦྱོར་དབྱིབས་གསར་བཟོ་དང་འཕེལ་རྒྱས་ལ་ཕན་པར་སྨོན། །  


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1