ཀྲུང་གོ་དང་ཨ་རབ་ཀྱི་དངོས་མང་སྟོན་ཚོགས་ཟླ་9པར་ཉིང་ཞར་གཉེར་རྒྱུ་ཡིན་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-16


 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་12ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཚེས་12ཉིན་འཚོགས་པའི་ཀྲུང་གོ་དང་ཨ་རབ་ཀྱི་དངོས་མང་སྟོན་ཚོགས་སྐབས་བཞི་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་དང་ཨ་རབ་ཀྱི་དངོས་མང་སྟོན་ཚོགས་སྐབས་བཞི་པ་ཟླ་9ཚེས་5་ནས་8ཉིན་བར་ཉིང་ཞ་དབྱིན་ཁྲོན་དུ་འཚོག་རྒྱུ་ཡིན་པ་དང་དངོས་མང་སྟོན་ཚོགས་ཀྱིས“གོ་སྐབས་གསར་པ་དང་འབྱུང་འགྱུར་གསར་པ”བརྗོད་དོན་གཙོ་བོར་བྱས་ནས་ཚོང་དོན་མ་འཇོག་དང་། དྲ་སྦྲེལ+ རྒྱལ་མཚམས་ལས་སྒྲོལ་བའི་དྲ་ཐོག་ཚོང་དོན། རྨང་གཞིའི་སྒྲིག་བཀོད། ཐོན་ནུས་མཉམ་ལས་སོགས་ཀྱི་ཁྱབ་ཁོངས་ལ་གཙོ་བོར་དམིགས་ཏེ་མ་འཇོག་ཚོང་དོན་ཡར་སྐུལ་དང་། ཚོགས་འདུའི་གླེང་སྟེགས། འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་གཉེར་ནས་གོང་གསལ་ཁྱབ་ཁོངས་ཀྱི་ཀྲུང་གོ་དང་ཨ་རབ་གཉིས་ཀྱི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
     ཚོང་དོན་པུའི་པུའུ་ཀྲང་གཞོན་པ་ཆན་ཁེ་མིང་གིས་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་ཨ་རབ་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་འཕེལ་ཚུལ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། 2018ལོར། ཀྲུང་གོ་དང་ཨ་རབ་ཕྱོགས་གཉིས་དབར་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་2443ཟིན་པ་དེ་དུས་མཚུངས་ལས་28%འཕར་བ་དང་། ཀྲུང་གོའི་ཁེ་ལས་ཀྱིས་ཨ་རབ་རྒྱལ་ཁབ་ནས་ལས་གྲྭ་འགན་གཙང་བླངས་པའི་གན་རྒྱ་གསར་པ་འཇོག་ཚད་ཨ་སྒོར་དུང་ཕྱུར་356ཟིན་པ་དེ་དུས་མཚུངས་ལས་9%འཕར་བ། གོམ་སྟབས་རྗེས་མར་ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་རྒྱལ་ཁབ་ཁག་དང་འཕེལ་རྒྱས་འཐབ་ཇུས་ཀྱི་སྦྲེལ་མཐུད་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་ཀྲུང་གོ་དང་ཨ་རབ་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།
     ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཁོ་ཝེ་ཡིས་ཀྲུང་གོ་དང་ཨ་རབ་ཀྱི་དངོས་མང་སྟོན་ཚོགས་ནི་ཀྲུང་གོ་དང་ཨ་རབ་ཀྱིས་མཉམ་དུ“རྒྱུད་གཅིག་ལམ་གཅིག”བསྐྲུན་པའི་རྒྱབ་ཁབ་རིམ་པ་དང་ཕྱོགས་བསྡུས་རང་བཞིན་གྱི་ལས་སྟེགས་ཤིག་ཡིན་ལ། ཉིང་ཞས་སྒོ་དབྱེ་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གོ་སྐབས་གལ་ཆེན་ཞིག་ཀྱང་ཡིན། ཉེ་བའི་ལོ་5རིང་། ཉིང་ཞའི་ཕྱིར་གཏོང་ནང་འདྲེན་བརྟན་པོའི་ངང་འཕར་ནས་ཕྱི་རྒྱལ་གྱི་ཚོང་པས་ཐད་ཀར་མ་རྩ་ཨ་སྒོར་དུང་ཕྱུར་10.6བཞག་པ་དངོས་སུ་སྤྱད་དེ་རྒྱལ་ཁབ་དང་ས་ཁུལ་30རུ་ས་ཁོངས་ཕྱིའི་ཁེ་ལས་148བཙུགས་ཤིང་། 2018ལོར་ས་ཁོངས་ཕྱིའི་ཁེ་ལས་ཀྱིས་ཐད་ཀར་མ་རྩ་ཨ་སྒོར་དུང་ཕྱུར་5བཏང་ནས་ཉིང་ཞའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
     ཀྲུང་གོ་དང་ཨ་རབ་ཀྱི་དངོས་མང་སྟོན་ཚོགས་སྐབས་བཞི་པ་དེ་ཚོང་དོན་པུའུ་དང་ཀྲུང་གོའི་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་དང་ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་མཉམ་དུ་གཉེར་བ་ཞིག་རེད། བསྡོམས་རྩིས་ལ་གཞིགས་ན། སྐབས་རིམ་བྱུང་གི་ཀྲུང་གོ་དང་ཨ་རབ་ཀྱི་དཔལ་འབྱོར་ཚོང་དོན་གླེང་སྟེགས་དང་ཀྲུང་གོ་དང་ཨ་རབ་ཀྱི་དངོས་མང་སྟོན་ཚོགས་ལ་ཚོགས་ཞུགས་འགྲེམས་ཞུགས་རྒྱལ་ཁབ་དང་། ས་ཁུལ། རྒྱལ་སྤྱིའི་སྒྲིག་གཞི་བཅས་80ལྷག་ཙམ་དང་། ཚོང་ལས་མཐུན་ཚོགས་ཆེ་གྲས་140ལྷག་ཙམ། ཁེ་ལས་ཆེ་འབྲིང་དང་དངུལ་རྩའི་སྒྲིག་གཞིའི་འཐུས་མི་7732 འགྲེམས་ཞུགས་ཚོང་པ་དང་ཉོ་སྒྲུབ་ཚོང་པ་ཁྲི་5.7ལྷག་ཙམ་བཅས་ཡོད་པ་དེས་གྲོས་མཐུན་སྣ་ཚོགས་1129བཞག་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1