བོད་ཁང་སྒྱུ་རྩལ་གྱི་ཕ་ས་རྟའུ་རྫོང་གི་འཕེལ་རྒྱས་ལ་ཕྱི་མིག་བལྟས་པ།

ཨོ་རྒྱན་དོན་འགྲུབ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-16



བོད་ཁང་སྒྱུ་རྩལ་གྱི་ཕ་ས་རྟའུ་རྫོང་། 
བོད་ཀྱི་འགྲུལ་ཁང་གིས་ཕྱི་ནང་ཡུལ་སྐོར་པའི་ཡིད་དབང་འཕྲོག
        2017ལོའི་ཟླ་7པར་གློག་བརྙན་སྐར་ཆེན་ཅང་དབྱི་ཡན་རྟའུ་རུ་བསླེབས་ཤིང་། བརྗིད་ཆགས་བཀོད་ལེགས་ཀྱི་བོད་ལུགས་འགྲུལ་ཁང་གིས་ཁོའི་ཡིད་དབང་གཏིང་ནས་འཕྲོག་པ་དང་། རང་གི་འཕྲིན་ཕྲན་སྤྱི་ཨང་དུ་པར་ཡིག་སྦྲགས་མའི་རྩོམ་ཡིག་ཅིག་བྲིས་ཏེ་ཐུན་མོང་མ་ཡིན་པའི་མྱོང་ཚོར་བཤད་པ་རེད།
        ཅང་དབྱི་ཡན་སྡོད་སའི་འགྲུལ་ཁང་གི་མིང་ལ་རྟའུ་བོད་རིག་གནས་གཙོ་གཉེར་དོན་འགྲུལ་ཁང་ཞེས་པའི་རྟའུ་ཡི་མཚོན་ཚབ་རང་བཞིན་ཅན་གྱི་བོད་ལུགས་འགྲུལ་ཁང་ཞིག་ཡིན་པ་རེད། འདི་ནི་འགྲུལ་ཁང་རྐྱང་པ་ཙམ་མ་ཡིན་པར་ཡུལ་སྐོར་ལ་དགའ་མཁན་གྲགས་ཅན་ཚོའི་དྲྭ་ཐོག་ཐོ་འགོད་བྱེད་ཡུལ་ཡང་ཡིན། འགྲུལ་ཁང་དུ་བསྐྱོད་པའི་སྐབས་མི་གཉིས་ཀྱིས་ལག་སྦྲེལ་ན་གཞི་ནས་འཁྱུད་ཐུབ་པའི་ཀ་བའི་ཐོག་གི་ངོ་མཚར་བརྐོས་རིས་མིག་ལམ་དུ་ཤར། སྒོ་དང་སྒེའུ་ཁུང་། གནམ་གཅལ། མཆོད་བཤམས། བར་ཁྱམས་སོགས་སུའང་ཚོན་མདངས་རྣམ་པར་བཀྲ་བའི་བཀྲ་ཤིས་པའི་རི་མོ་དང་རི་ཆུ་རྩི་ཤིང་སོགས་ཀྱི་བརྐོས་རིས་དང་ཡང་ན་ཚོན་རིས་བྲིས་ཡོད་ཅིང་། རི་མོ་རེ་རེ་ལས་དམངས་སྲོལ་ཡུལ་སྲོལ་དང་ཆོས་ལུགས་དད་པ། མཛེས་དཔྱད་ཀྱི་རིན་ཐང་གཉེར་ཕྱོགས། མི་ཚེའི་རིན་ཐང་འདུ་ཤེས་སོགས་མངོན་ཞིང་། བཀོད་པ་ཡག་ཅིང་བརྐོས་བྲིས་ཞིབ་ཚགས་ལ། མཛེས་པའི་མཆོར་ཉམས་དོད་ལ་བཀོད་ལེགས་ཡིད་འོང་འཕྲོག་པ་རེད།
        1981ལོར་རྟའུ་རྫོང་ལ་ས་ཡོམ་རིམ་པ6.9བྱུང་བས་ས་རྡོ་ལས་གྲུབ་པའི་ཁང་པ་ཕལ་ཆེར་ཞིག་པ་རེད། དེའི་དུས་རྟའུ་རྫོང་གི་ཁང་པ་ནི་ཁ་ཤོ་སྣ་རལ་ཡིན་ཞིང་། ཐ་ན་རྫོང་མཁར་གྱི་ཁྲོམ་ལམ་གཡས་གཡོན་དུ་ཆགས་ཡོད་པའི་ཁང་པ་རྣམས་ལས་སྤུས་དག་པོ་ཞིག་མིག་ལམ་དུ་མཐོང་རྒྱུ་མེད་ཅེས་རྟའུ་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་ཁྲེན་ཡུང་གིས་དྲན་གསོ་དེ་ལྟར་བྱས་པ་རེད།
        ཏང་ཨུ་དང་སྲིད་གཞུང་གིས་བཀོད་འདོམས་ནུས་ལྡན་དང་ཐུགས་ཁུར་རོགས་རམ་འོག་ཏུ། རྟའུ་རྫོང་གིས་གནོད་རྗེས་བསྐྱར་འཛུགས་ལས་ཀ་མགྱོགས་པོར་བསྒྲུབས་པ་རེད། ཁྲེན་ཡུང་གིས་སྐབས་དེར་ལུས་རྩལ་ཁང་དང་རིག་གནས་ཁང་། སློབ་གྲྭ། སྨན་ཁང་སོགས་སྤྱི་པའི་རྨང་གཞི་སྒྲིག་ཆས་ཚན་པ་འབོར་ཆེན་ཞིག་བསྐྲུན་པ་དང་། དུས་རབས་གོང་མའི་མཇུག་ཏུ་རྟའུ་རྫོང་ལ་གཞི་ནས་རྫོང་མཁར་གྱི་བྱེད་ནུས་འཛོམས་པ་རེད། ད་ལྟ་རྫོང་མཁར་རྙིང་པས་མང་ཚོགས་ཀྱི་ཉིན་རེ་བཞིན་འཕར་བའི་སྡོད་ཁང་གི་དགོས་མཁོ་སྐོང་མི་ཐུབ་པས། རྫོང་གིས་ཤེལ་ཆུའི་འགྲམ་དུ་མེ་ཏོག་གླིང་གྲོང་གསར་སྐྲུན་གྱི་འཆར་འགོད་བྱས་པ་རེད། 2013ལོ་ནས་ད་ལྟའི་བར། རྟའུ་རྫོང་མཁར་གྱི་རྒྱ་ཁྱོན་ལྡབ་1.5འཕར།
        1981ལོའི་ས་འགུལ་རྗེས་ནས་རྟའུ་རྫོང་གིས་ས་གནས་དེ་གའི་སྲོལ་རྒྱུན་སྡོད་ཁང་གི་སྒྲིག་བཀོད་དང་མཛེས་རྒྱན་ཐད་ལ་གསར་གཏོད་བྱས་ནས་བང་ཁང་བསྐྲུན། བང་ཁང་ལ་ས་འགུལ་འགོག་ཐུབ་པའི་ཁྱད་ཆོས་ཡོད་པར་མ་ཟད་གནའ་ཉམས་དོད་ཅིང་བག་ཆགས་པོ་ཡོད་པ་རེད། ད་ལྟ་རང་བྱུང་ནགས་རི་སྲུང་སྐྱོང་ལས་གྲྭ་ཁྱོན་ཡོངས་ནས་ལག་ལེན་བསྟར་བ་དང་། སྔར་ལྷག་གིས་སྐྱེ་ཁམས་ལ་སྲུང་སྐྱོང་བྱ་ཆེད། 2019ལོ་ནས་བཟུང་དཀར་མཛེས་ཁུལ་གྱིས་ཁྱོན་ཡོངས་ནས་ཤིང་ཆ་ཁོ་ནས་ཁང་པ་སྐྲུན་པ་བཀག་སྡོམ་བྱས་པས། རྒྱུ་ཆ་ཡོངས་རྫོགས་ཤིང་ལས་གྲུབ་པའི་རྟའུ་ཡི་བོད་ཁང་དེ་བས་རྩ་ཆེན་དུ་གྱུར་དང་འགྱུར་བཞིན་ཡོད།
        བཅོས་བསྒྱུར་སྒོ་འབྱེད་བྱས་རྗེས་རྟའུ་ཡི་བོད་ཁང་སྔར་བས་དར་རྒྱས་ཕྱིན་པའི་རྣམ་པ་མངོན་ཞིང་། འགུལ་འགོག་དང་སྡོད་ཁང་གི་བྱེད་ནུས་འཛོམས་པའི་རྨང་གཞིའི་ཐོག དཀར་མཛེས་ཁུལ་གྱིས་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་སྐབས་དང་བསྟུན་ནས། རྟའུ་ཡི་བོད་ཁང་ནི་མི་རྣམས་ཀྱིས་ཞིབ་འཇུག་དང་གཟིགས་མོ། རོལ་མྱོང་བཅས་བྱ་ཡུལ་དུ་གྱུར་ཅིང་། བོད་ཁུལ་ས་ཆ་གཞན་དག་ལ་ཡང་ཤུགས་རྐྱེན་ཐེབས་ཏེ་བོད་ཀྱི་སྡོད་ཁང་གསར་པའི་མཚོན་བྱེད་དུ་གྱུར། རྫོང་མཁར་དུ་གཅིག་བསྡུས་ཡུག་ཅིག་ཏུ་འབྲེལ་བའི་བོད་ཁང་ལས་གྲུབ་པའི་ཤེལ་ཆུའི་གནའ་གྲོང་དེ་ནི་སྲོལ་རྒྱུན་སྡོད་ཁང་གི་སྲུང་སྐྱོང་བྱེད་ཡུལ་དུ་གྱུར་ཡོད། ས་གནས་དེ་གའི་ཡུལ་མི་ཚོས་བོད་ཁང་བཟོ་བཅོས་བྱས་ཏེ་འགྲུལ་ཁང་བཙུགས་ཤིང་ཡུལ་སྐོར་ལས་རིགས་གཉེར་བཞིན་མཆིས།
        མ་འོངས་པའི་རྟའུ་རྫོང་ནི་བོད་ཁང་སྒྱུ་རྩལ་གྱི་འབྱུང་ཡུལ་ཙམ་དུ་མ་ཟད། སྐྱེ་ཁམས་ཡུལ་སྐོར་དར་བའི་གནས་མཆོག་ཅིག་ཀྱང་ཡིན་ནོ།།
ཁྱད་ཆོས་འབུར་དུ་ཐོན་པའི་རྟའུའི་བོད་ཁྱིམ་སྡོད་ཁང་། 

ཤིང་གཅོད་བཟོ་པ་ནས་སྡོང་འཛུགས་ནགས་སྲུང་བྱེད་མཁན་དུ་གྱུར་པའི་མི་རབས་ཤིག
        ཤིང་གཅོད་བཟོ་པ་ནས་སྡོང་འཛུགས་ནགས་སྲུང་བྱེད་མཁན་དུ་གྱུར་པའི་མི་རབས་ཤིགབཅོས་བསྒྱུར་སྒོ་འབྱེད་བྱས་ཏེ་ལོ་40འཁོར་བའི་རིང་ལ་ཤིང་གཅོད་པ་ནས་སྡོང་འཛུགས་ནགས་སྲུང་བྱེད་པ་ཐམས་ཅད་ནི་ང་ཚོས་རྒྱལ་ཁབ་ལ་ལེགས་སྐྱེས་ཕུལ་བ་ཡིན་ཞིང་། མི་འདྲ་བ་ནི་ལས་ཀའི་ངོ་བོར་འགྱུར་ལྡོག་བྱུང་བ་དེ་ཕྱོགས་ངོས་ནས་སྤྱི་ཚོགས་ཀྱི་ཡར་ཐོན་དང་དཔལ་འབྱོར་འཕེལ་རྒྱས་ཡོང་བར་མཚོན་ཡོད་པ་རེད། ད་ལྟར་ལོ་55སོན་པའི་ཏེང་ཀུའོ་རུང་ནི་1980ལོར་ལས་ཀར་ཞུགས་དུས་ནས་རྟའུ་རྫོང་ནགས་ལས་ཅུས་སུ་ཤིང་གཅོད་མཁན་བཟོ་པ་ཞིག་ཏུ་གྱུར། ལས་གྲོགས་རྣམས་དང་མཉམ་དུ་ཤིང་གཅོད་བཟོ་པ་ཞིག་ནས་ནགས་སྲུང་བ་བྱེད་པའི་ཐོབ་ཐང་གྱུར་ཡོད། ད་ལྟ་ཁོ་ནི་རྟའུ་རྫོང་ནགས་ལས་ཅུས་ཀྱི་རང་བྱུང་ཐོན་ཁུངས་གསོ་སྐྱོང་དོ་དམ་གཞུང་ལས་ཁང་གི་ཀྲུའུ་རེན་ཡིན་པ་རེད།

        དུས་རབས་སྔོན་མའི་ལོ་རབས་བདུན་ཅུ་དང་བརྒྱད་ཅུ་པའི་སྐབས་སུ་རྟའུ་རྫོང་ལ་དཔལ་འབྱོར་ཡོང་ཁུངས་མང་པོ་ཞིག་མེད་པས་ཤིང་ཆ་གཅོད་པ་དེ་སྐབས་ཤིག་ལ་དཔལ་འབྱོར་འཕར་སྣོན་གཏོང་སའི་འབྱུང་ཁུངས་གཙོ་བོར་གྱུར་ནས་ཤིང་ཆའི་ནོར་སྲིད་ཟེར་སྲོལ་ཡོད། ཤིང་ཆ་བཅད་དེ་ཡོང་འབབ་ཆེས་མཐོན་པོ་ཐོབ་པ་དེ་རྫོང་ཡོངས་ཀྱི་ནོར་སྲིད་ཡོང་འབབ་ཀྱི་བརྒྱ་ཆ60ཡན་ཆད་ལ་ཟིན་གྱི་ཡོད། ཏེང་ཀུའོ་རུང་གིས་ཕྱིར་དྲན་བྱས་ནས་བཤད་རྒྱུར་ང་ཚོས་ཤིང་གཅོད་དུས་ཤིང་སྡོང་ཆ་ཤས་གཅོད་པ་དང་ཆ་ཤས་ནགས་གསོ་བྱ་རྒྱུ་ཟུང་འབྲེལ་བྱེད་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་བེད་སྤྱོད་བྱེད་པའི་བྱ་ཐབས་སྤྱད་དེ་ཐོག་མར་ཤིང་སྡོང་ཕྱེད་ཀ་གཅོད་པ་དང་ཕྱེད་ཀ་ནགས་གསོ་བྱེད་པ། ཕྱི་རུ་70%ཙམ་གཅོད་པ་དང་30%ནགས་གསོ་བྱེད་པ། དཔལ་འབྱོར་འཕར་སྣོན་གཏོང་བའི་དགོས་མཁོ་སྐོང་ཆེད་སྔོན་དུ་ནགས་གསོ་བྱེད་པའི་30%ཡི་ཤིང་སྡོང་ཆ་ཤས་ཀྱང་གཅད་དགོས་པ་རེད།

        ཤིང་ཆ་ཆེས་འབེལ་པོ་གཅོད་པའི་ལོ་རབས་སྔོན་མའི་དུས་རབས་བརྒྱད་ཅུ་པའི་སྐབས་སུ་རྟའུ་རྫོང་ནགས་ལས་ཅུས་ཀྱི་ལས་བཟོ་མི་3500ལྷག་ཡོད་ཅིང་། སྤྱི་བདེ་ཅུས་དང་། ཞིབ་དཔྱོད་ཁང་། ཁྲིམས་ཁང་། སློབ་གྲྭ སྒྱུ་རྩལ་རུ་ཁག སྨན་ཁང་སོགས་ལས་ཁུངས་ཆ་ཚང་བཙུགས་ཡོད་པས། ནུས་པ་ཆ་ཚང་འཛོམས་པའི་སྡེ་ཚན་ཆེ་གྲས་ཤིག་ཏུ་ཧ་ལམ་ཆགས་ཡོད་པ་རེད།
        དུས་རབས་གོང་མའི་ལོ་རབས་90པར་སླེབས་དུས་ཤིང་ཆ་རིམ་བཞིན་ཟད་སོང་ཞིང་། ཤིང་ཆའི་ཐོན་ཁུངས་ཉུང་དུ་ཕྱིན་པ་དང་ཤིང་ཆ་གཅོད་པའི་ཡོང་འབབ་ཡང་ཉུང་དུ་སོང་བས། ཤིང་ཆ་གཅོད་མཁན་བཟོ་པ་ཕལ་ཆེར་གྱིས་ཟླ་རེར་གླ་ཕོགས་ཀྱི་བཅུ་ཆ2དང3ཙམ་མ་གཏོགས་ལེན་རྒྱུ་མི་ལོན་པ་རེད། སྐབས་དེར་མི་ཚང་མའི་སེམས་སུ་ཤིང་གཅོད་པར་བརྟེན་ནས་ཐོབ་པའི་ནོར་སྲིད་ནི་ཡུན་རིང་གི་ཐབས་ཇུས་མིན་པའི་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་བྱ་བ་ཡིན་པའི་ངོས་འཛིན་ཆགས་པ་རེད།
        1998ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སི་ཁྲོན་དུ་དང་ཐོག་རང་བྱུང་ནགས་ཚལ་ཐོན་ཁུངས་ལ་སྲུང་སྐྱོང་བྱེད་པའི་ལས་གྲྭ་སྤེལ་འགོ་བཙུགས་པ་དང་ཆབས་ཅིག །རྒྱལ་ཡོངས་སུ་དང་ཐོག་རང་བྱུང་ནགས་ཚལ་ཐོན་ཁུངས་ལ་སྲུང་སྐྱོང་བྱེད་པའི་ལས་གྲྭ་སྤེལ་མཁན་གྱི་ནགས་ཚལ་བཟོ་ལས་ཁེ་ལས་ཀྱི་ཡ་གྱལ་ཡིན་པའི་རྟའུ་རྫོང་ནགས་ལས་ཅུས་ཀྱིས་རང་བྱུང་ནགས་ཚལ་གཅོད་རྒྱུ་མཚམས་འཇོག་པ་དང་། ནགས་ལས་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་དང་ཁེ་ལས་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཐོག་གི་དུས་རབས་གསར་པ་ཞིག་གཏོད་ཡོད། ལས་བཟོ་ཐམས་ཅད་ནགས་ཚལ་ལ་དོ་དམ་དང་སྲུང་སྐྱོང་བྱེད་པ་དང་། སྤྱི་ཕན་ནགས་ཚལ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ལས་གནས་སུ་ཁག་བགོས་ནས་མངགས་མཐར། ལས་ཀ་དེ་ཤིང་ཆ་གཅོད་པ་ནས་སྡོང་འཛུགས་ནགས་སྲུང་བྱེད་མཁན་ལ་འགྱུར་ཡོད་ཅིང་། སྐྱེ་ཁམས་ལ་སྲུང་སྐྱོང་དང་སླར་གསོ་བྱེད་པའི་ལས་ཀ་སྤེལ།
        རྟའུ་རྫོང་ནགས་ལས་ཅུས་བཙུགས་ཏེ་1998ལོའི་བར་རྟའུ་རྫོང་ནགས་ལས་ཅུས་ཀྱིས་རྒྱལ་ཁབ་ལ་ཁྱོན་བསྡོམས་ཤིང་ཆ་སྨི་ཁྲི་རྒྱ་དཔངས་གྲུ་བཞི་མ་292.5སྤུས་འཚོང་བྱས་ཡོད་ཅིང་། དཔྱ་ཁྲལ་ཀྱི་ཁེ་སྤོགས་སྣ་ཚོགས་མ་དངུལ་སྒོར་ཁྲི་6411.8སྤྲད་ཡོད། ནགས་བཟོའི་གཞི་ཁྱོན་སྤྱི་ཆིངས་33539.2ལ་བསླེབས་པ། ནགས་ཁུལ་གྱི་གཞུང་ལམ་སྤྱི་ལེ་359ལས་ཡོད། རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལ་རོགས་སྐྱོར་དང་། ས་གནས་ཀྱི་དཔལ་འབྱོར་དར་རྒྱས་གཏོང་བ། མི་རིགས་ཡར་ཐོན་ཡོང་བར་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད་པ་རེད།
        རང་བྱུང་ནགས་ཚལ་ལ་སྲུང་སྐྱོང་བྱེད་པའི་ལས་གྲྭ་སྤེལ་ནས་ད་ལྟའི་བར་དུ། རྟའུ་རྫོང་ནགས་ལས་ཅུས་ཀྱིས་མིའི་ཐབས་ཀྱིས་ནགས་གསོ་ཁྱོན་བསྡོམས་མུའུ་ཁྲི་16.7བྱས་ཡོད་པ་དང་། རི་རྒྱ་ནགས་གསོ་མུའུ་ཁྲི་46.4བྱས་ཡོད། ནགས་ཚལ་མུའུ་ཁྲི་14.6གསོ་སྐྱོང་བྱས་ཡོད། རྫོང་ཁོངས་སུ་གཏོགས་པའི་ས་ཁུལ་གྱི་ནགས་ཚལ་ཁྱབ་ཚད་དེ་རང་བྱུང་ནགས་ཚལ་ལ་སྲུང་སྐྱོང་བྱེད་པའི་ལས་གྲྭ་མ་སྤེལ་སྔོན་གྱི་12.36%ནས་ད་ལྟའི་52.24%ཡི་ཐོག་མཐོ་རུ་ཕྱིན་པ་རེད། ལོ་རིམ་བྱུང་གི་ཤིང་ཆ་བཅད་དེ་གྱུར་བའི་རི་རྒོད་ལ་ད་ཆ་སྔོ་ལྗང་ལྗང་གིས་ཁེབས་ཏེ་དཀར་མཛེས་ས་མཐོའི་ཐོག་གི་སྔོ་ཐིང་ཐིང་གི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད་པ་རེད།
        རྒྱལ་ཁབ་ཀྱི་དཔལ་འབྱོར་ཆ་རྐྱེན་བཟང་བ་དང་། མཁའ་རླུང་སོས་པོ་ཡིན་པར་བརྟེན། སྔོན་མར་རི་བོ་མང་པོ་སྐོང་ཡང་མཐོང་མི་ཐུབ་པའི་རི་སྐྱེས་སྲོག་ཆགས་ཏེ། བྱ་ཝང་དང་། ཕག་རྒོད། སྤྲེལ་སོགས་གང་སར་མཐོང་རྒྱུ་ཡོད་ཅིང་། རང་བྱུང་ནགས་ཚལ་ལ་སྲུང་སྐྱོང་བྱེད་པའི་ལས་གྲྭ་ལག་ལེན་བསྟར་བའི་གྲུབ་འབྲས་ནི་ང་ཚོས་མཐོང་ཐུབ་པ་དང་ཚོར་སྣང་ཡང་མྱོང་ཐུབ་པ་རེད་ཅེས་ཏེང་ཀུའོ་རུང་གིས་མྱོང་ཚོར་ཟབ་མོ་ཡོད་པའི་སྒོ་ནས་དེ་ལྟར་བཤད་པ་རེད།།

ཚོན་རིས་འབྲི་བཞིན་པ།


གྲོང་སྡེའི་གཞུང་ལམ་ཡུལ་སྐོར་ཐོན་ལས་ཀྱི་ལམ་ཆེན་དུ་གྱུར་པའི་དྲན་གསོ་དུམ་བུ།
        ཉེ་ཆར། ཡུལ་ཤོག་མི་དམངས་སྲིད་གཞུང་གིས་བསྐུར་ཡོང་བའི་འཕྲིན་བཟང་ཞིག་རྟའུ་རྫོང་ཞི་བདེ་ཡུལ་ཤོག་ཆགས་ནང་གྲོང་གི་ཡུལ་སྐོར་གནས་ཚང་གི་ཚོང་དཔོན་རྡོ་ཁོའི་རྣ་ལམ་དུ་ཐོས་པ་རེད། ཞི་བདེ་ཡུལ་ཤོག་མི་དམངས་སྲིད་གཞུང་ཡོད་ས་ནི་མི་ཉག་མགར་ཐར་མཛེས་ལྗོངས་དངོས་སུ་ཞིབ་བཤེར་རྩིས་ལེན་བྱས་ཏེ་རྒྱལ་ཁབ་ཀྱི་4Aརིམ་པར་གྱུར་པའི་མཛེས་ལྗོངས་ཁུལ་དུ་ཡིན་པ་རེད། རྡོ་ཁོས་ཁ་པར་བཏང་ནས་འཕྲིན་བཟང་འདི་གྲོང་སྡེའི་ནང་གི་ཞིང་ཁྱིམ་སྤྲོ་གསེང་གླིང་ག་ཁ་ཤས་ཀྱི་ཚོང་པར་བཤད་པ་རེད།
        རིང་ཚད་བསྡོམས་འབོར་སྤྱི་ལེ་3.8ཡོད་པའི་གྲོང་སྡེ་ཨུ་ཡོན་ལྷན་ཁང་ནས་སྡེ་འདབས་ལ་བསྲིངས་པའི་འགྱིག་སྣུམ་གཞུང་ལམ་ལ་ཡུལ་མི་ཚོས་ཡུལ་སྐོར་ཐོན་ལས་ཀྱི་ཐབས་ལམ་ཆེན་པོ་ཞེས་བསྔགས་བརྗོད་བྱེད་བཞིན་ཡོད། རྡོ་ཁོས་ངོ་སྤྲོད་བྱས་དོན། སྔོན་ཆད་གཞུང་ལམ་འགྲིམ་འགྲུལ་སྟབས་མི་བདེ་བའི་དབང་གིས་ཞི་བདེ་ཡུལ་ཤོག་ཀྱང་རྟའུ་རྫོང་གི་ཡུལ་ཤོག་ཕལ་ཆེར་ནང་བཞིན། ཕྱི་ལ་འགྲོ་དུས་རྐང་ཐང་དང་རྟ་ལ་བརྟེན་དགོས་ཤིང་། བཟའ་རྒྱུ་ནི་ནས་མ་གཏོགས་འདྲ་ཆགས་པོའི་ཐོན་ལས་གཅིག་ཀྱང་མེད་པར་བརྟེན། དབུལ་གྲོལ་ཕྱུག་འགྱུར་ནི་བཤད་རིན་གང་ན་ཡོད།
        ཉེ་བའི་ལོ་ཤས་རིང་ལ་སྡེ་མི་སེར་ལ་བདེ་སྐྱིད་སྐྱོང་བའི་ཆེད་དུ། རྟའུ་རྫོང་གིས་འགྲིམ་འགྲུལ་འཕེལ་རྒྱས་གཏོང་རྒྱུ་དེ་འཕེལ་རྒྱས་ལ་སྐུལ་འདེད་དང་དམངས་འཚོ་ལེགས་བཅོས། བརྟན་བརླིང་སྲུང་སྐྱོང་བྱེད་ཡས་ཀྱི་སྔོན་འགྲོའི་ཆ་རྐྱེན་ལ་བརྩིས་ནས་ནུས་ཤུགས་ཡོད་རྒུས་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་དང་འགྲིམ་འགྲུལ་སྔོན་དུ་སྤེལ་བའི་འཐབ་ཇུས་ལས་གཞི་ལག་ལེན་བྱས་མཐར། རྫོང་ཡོངས་ཀྱི་ཞིང་འབྲོག་ས་ཁུལ་གྱི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་ཆས་ལེགས་བཅོས་ཆེན་པོ་བྱུང་། 2018ལོའི་ཟླ10པའི་བར། རྫོང་ཡོངས་ཀྱི་གཞུང་ལམ་རིང་ཚད་བསྡོམས་འབོར་སྤྱི་ལེ1650ལ་ཟིན་པ་དང་། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ22ཀྱི་སྲིད་འཛིན་གྲོང་སྡེ158ལ་གཞུང་ལམ་བསྐྲུན་པའི་ནང་སྲིད་འཛིན་གྲོང་སྡེ152ཀྱི་གྲོང་སྡེ་ཨུ་ཡོན་ལྷན་ཁང་ཡོད་སར་ཨར་འདམ་གཞུང་ལམ་གྱི་རིང་ཚད་བསྡོམས་འབོར་སྤྱི་ལེ897ལ་ཟིན་པ་རེད།
        གཞུང་ལམ་ལ་བརྟེན་ནས་ཕྱུག་པོར་ཆགས་པའི་ཆེད་དུ། རྟའུ་རྫོང་གིས་རྒྱལ་སྲུང་གཞུང་ལམ350པ་དང་རྒྱལ་སྲུང་གཞུང་ལམ248པ་རྫོང་གི་མངའ་ཁོངས་སུ་བརྒྱུད་པའི་དགེ་མཚན་བཀོལ་སྤྱོད་ཡག་པོ་བྱས་པ་རེད། རྟ་རྒྱུག་འགྲན་བསྡུར་གྱི་སྲོལ་རྒྱུན་ཞི་བདེ་ཤང་དུ་སྔོན་འགྲོའི་ཚོད་ལྟ་བྱས་ཏེ་2017ལོར་མུའུ་རེར་ཁ་གསབ་རོགས་དངུལ་སྒོར་300རེ་སྟེར་རྒྱུའི་སྲིད་ཇུས་ལག་ལེན་བྱས་མཐར། གྲོང་དམངས་ཚོར་ཡོངས་ཁྱབ་ཏུ་ཡུངས་དཀར་འདེབས་རྒྱུའི་སྐུལ་སློང་བྱས་པ་རེད། གཞི་ཁྱོན་མུའུ་ཁྲི་ལ་ཟིན་པའི་ཡུངས་དཀར་བཏབ་རྗེས་མཐོ་སྒང་གི་ཚོན་ཁྲའི་ལམ་བུའི་ཨར་ལས་ལག་རྩལ་གྱི་དཀའ་གནད་སེལ་ནས་ཞི་བདེ་ཡུལ་ཤོག་གི་མུའུ་ཁྲི་ལ་ཟིན་པའི་ཡུངས་དཀར་རྟེན་གཞིའི་ཐོན་ལས་ལམ་བུ་བཟོས་པའི་དུས་མཚུངས་སུ། ཞི་བདེ་ཡུལ་ཤོག་གིས་བདེ་བླགས་ངང་ནས་ཡུངས་དཀར་དུས་ཆེན་དང་རྟ་རྒྱུག་དུས་ཆེན་འཛུགས་གཉེར་བྱས་ཏེ་མཛེས་སྡུག་ཡིད་དབང་འཕྲོག་པའི་མཛེས་ལྗོངས་དང་སྲོལ་རྒྱུན་རིག་གནས་ཀྱི་ཡུལ་སྐོར་ཕྱི་རོལ་ནས་འོངས་པའི་ཡུལ་སྐོར་འགྲུལ་པ་ཚོའི་མིག་ལམ་དུ་དྲངས་པ་རེད།
        ལོ་རྟག་པའི་སྤྱི་ཟླ་7པའི་ནང་གཞི་ཁྱོན་མུའུ་ཁྲི་ལ་ཟིན་པའི་ཡུངས་དཀར་མེ་ཏོག་བཞད་ནས་ཁམས་མི་ཉག་མགར་ཐར་ཉིད་གསེར་གྱི་ཀླུང་ཐང་གི་དཔལ་ལ་འགྲན། དེ་དང་ཆབས་ཅིག་རྟ་རྒྱུག་འགྲན་བསྡུར་འཛུགས་གཉེར་བྱས་པའི་སྐབས་སུ་མཚོ་སྔོན་དང་ཡུན་ནན། ཀན་སུའུ་བཅས་ནས་འོངས་པའི་རྟ་རྩལ་པ་དང་། ཁྲེན་ཏུའུ་དང་ཁྲུང་ཆིང་སོགས་ནས་འོངས་པའི་ཡུལ་སྐོར་འགྲུལ་པ་ཆུ་རྒྱུན་གྱི་རིགས་སུ་མཐུན་པར་བརྟེན། མགྲོན་ཁང་དང་གནས་ཚང་མཐའ་དག་ལ་ཚོང་ལམ་ཧ་ཅང་བྲིན་པ་རེད། ཞི་བདེ་ཡུལ་ཤོག་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཀྲོའུ་ཞའོ་ཀོང་གིས་གྲོང་དམངས་མང་ཆེ་ཤོས་ཀྱིས་ཁྱིམ་གཞིས་སྤྲོ་སེང་གླིང་ག་ཚོང་གཉེར་བྱས་ཏེ་ལོ་རེའི་ཡོང་འབབ་སྒོར་ཁྲི་10ལས་བརྒལ་བ་རེད་ཅེས་ངོ་སྤྲོད་བྱས་པ་རེད།

        ཡུལ་སྐོར་ཐོན་ལས་ཀྱི་ཐབས་ལམ་ཆེན་པོ་གཉེར་སྐྱོང་བྱས་ཏེ་མི་སེར་ཚོའི་ཡུལ་སྐོར་ཡོང་འབབ་འཕར་བར་མ་ཟད། ཞིང་ལས་ཐོན་རྫས་ཀྱི་དཔལ་འབྱོར་རིན་ཐང་ཡང་འཕར་སྣོན་བྱུང་བ་རེད། སྨྱུག་འཛིན་པས་ཆགས་ནང་གྲོང་སྡེའི་ནང་བཙུགས་པའི་ཡུངས་དཀར་བཟའ་སྣུམ་ལས་སྣོན་བྱེད་སའི་བཟོ་གྲྭའི་ནང་བཅར་འདྲི་བྱེད་སྐབས། གྲོང་དམངས་ཕུན་ཚོགས་རབ་བརྟན་དང་བཀྲ་ཤིས་རབ་འཕེལ་གཉིས་ཀྱིས་སྣུམ་བཙིར་འཕྲུལ་ཆས་བཀོལ་སྤྱོད་བྱས་ནས་གྲོང་དམངས་ཚོར་ཡུངས་དཀར་བཟའ་སྣུམ་བཙིར་རོགས་བྱེད་བཞིན་འདུག འདིར་གླ་རྒྱག་ན་ཉིན་རེར་གླ་ཕོགས་སྒོར120ཡོད་པར་བརྟེན། དུས་ཡུན་རིང་པོའི་ནང་ཟུར་ལས་ཡོང་འབབ་མི་དམའ་བ་ཞིག་ཡོད་པ་རེད། ཡུངས་དཀར་འདེབས་འཛུགས་བྱེད་མཁན་གྱི་གྲོང་དམངས་དེ་བས་མང་པོས་ཉིན་རྟག་པར་ཡུལ་སྐོར་ཐོན་ལས་ཀྱི་ལམ་ཆེན་བརྒྱུད་ནས་ཕྱི་རོལ་ལ་འདྲེན་པའི་ཡུངས་དཀར་བཟའ་སྣུམ་གྱི་ཡོང་འབབ་ཆ་སྙོམས་མུའུ་རེར་སྒོར500རེ་འཕར་སྣུམ་བྱུང་བ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1