དཀར་མཛེས་སོགས་སུ་ལོ་60ཡན་གྱི་གཞུང་ལུགས་འཆད་ཁྲིད་དགེ་རྒན་400བསྡུས་ནས་གྲོང་གསེབ་ཀྱི་སློབ་གྲྭའི་སློབ་གཉེར་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-17



     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་7ཚེས་14ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཉེ་ཆར་སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར། ཞིང་ཆེན་དེས་ལོ་60ཡན་གྱི་གཞུང་ལུགས་འཆད་ཁྲིད་ཀྱི་འཆར་གཞི་ལག་བསྟར་བྱེད་འགོ་བཙུགས་ནས། ཕུལ་བྱུང་གི་རྒན་ཡོལ་ཞུས་པའི་དགེ་རྒན་400འདི་ལོ་གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་དུ་གཞུང་ལུགས་འཆད་ཁྲིད་བྱེད་མཁན་ལ་བསྡུས་ཏེ་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སློབ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་རེད། ལོ་60ཡན་གྱི་གཞུང་ལུགས་འཆད་ཁྲིད་དགེ་རྒན་གྱི་ལས་ཀའི་འགྲོ་གྲོན་ཚད་གཞི་ལོ་རེར་མི་རེར་ཆ་སྙོམས་སྒོར་ཁྲི་2ཡིན་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་དགེ་རྒན་བསྡུ་ཡུལ་ནི་རྒན་ཡོལ་ཞུས་པའི་སློབ་སྤྱི་དང་། སློབ་དཔྱོད་པ། དམིགས་བསལ་རིམ་པའི་དགེ་རྒན། རྐང་འཛིན་དགེ་རྒན་བཅས་ཡིན་པ་དང་། ལོ་65མན་ཡིན་དགོས་ལ་རྩ་དོན་ཐོག་དགེ་རྒན་གྱི་ལས་ཀའི་གོ་མིང་འབྲིང་རིམ་དང་དེ་ཡན་ལྡན་དགོས་པ་དང་། དགེ་རྒན་གྱི་འོས་བབ་ལག་ཁྱེར་ལྡན་པ་མ་ཟད་སློབ་གསོ་སློབ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་དགོས་པའི་རེ་བ་བཏོན་ཡོད།
     གསར་འགོད་པས《སི་ཁྲོན་ཞིང་ཆེན་གྱི་ལོ་60ཡན་གྱི་གཞུང་ལུགས་འཆད་ཁྲིད་འཆར་གཞི་2019——2020སློབ་ལོའི་བར་གྱི་དགེ་རྒན་བསྡུ་བའི་དགོས་མཁོའི་རེའུ་མིག》ཐོག་ནས་མཐོང་བར། རེ་འདུན་ཞུ་མཁན་གྱི་སློབ་གྲྭའི་ཁོངས་སུ་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་སྡེ་རོང་རྫོང་ཆ་ཚང་སློབ་ཆུང་གཉིས་པ་དང་། ལེ་ཧྲན་གྲོང་ཁྱེར་མ་པེན་དབྱིས་རིགས་རང་སྐྱོང་རྫོང་གི་དམའ་འབྲིང་དང་པོ། ལེང་ཧྲན་དབྱིས་རིགས་རང་སྐྱོང་ཀྲོའུ་ཕུའུ་ཀེ་རྫོང་མི་རིགས་དམའ་འབྲིང་སོགས་གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་ཚུད་ཡོད་པ་རེད།
     བསྡུས་ཟིན་པའི་ལོ་60ཡན་གྱི་གཞུང་ལུགས་འཆད་ཁྲིད་དགེ་རྒན་གྱིས་རང་ཉིད་ཀྱི་ཆེད་ལས་ཀྱི་ཁྱད་ཆོས་ལ་གཞིགས་ནས་སློབ་ཁང་སློབ་ཁྲིད་གཙོ་བོར་བྱེད་པའི་འཆད་ཁྲིད་བྱེད་སྒོ་སྤེལ་ཆོག་ལ། ཡང་རོགས་སྐྱོར་བྱ་ཡུལ་སློབ་གྲྭའི་སློབ་གསོ་སློབ་ཁྲིད་ཀྱི་དགོས་མཁོར་གཞིགས་ནས་སློབ་ཁྲིད་ཉན་པ་དང་སློབ་ཁྲིད་ལ་གདེང་འཇོག་དང་། ཡོངས་བསྒྲགས་སློབ་ཚན་འཚོགས་པ། བགྲོ་གླེང་སློབ་ཚན་ནམ་ཡང་ན་ཆེད་དོན་འཆད་ཁྲིད་བཅས་བྱེད་ཆོག གཞུང་ལུགས་འཆད་ཁྲིད་དགེ་རྒན་གྱིས་ན་གཞོན་དགེ་རྒན་དང་གཞོགས་འདེགས་བྱ་ཡུལ་སློབ་གྲྭར་སློབ་ཁྲིད་དོ་དམ་ནན་ཏན་དང་སློབ་དཔྱོད་བྱེད་སྒོ་སོགས་སྣ་མང་ཕུན་སུམ་ཚོགས་པའི་གཞུང་ལུགས་འཆད་ཁྲིད་ཀྱི་བྱེད་སྒོ་སྤེལ་རྒྱུར་མཛུབ་ཁྲིད་བྱས་ཏེ་རོགས་སྐྱོར་བྱ་ཡུལ་སློབ་གྲྭའི་སློབ་གསོ་སློབ་ཁྲིད་དང་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྣེ་ཁྲིད་བྱེད་ཆོག
     བཀོད་སྒྲིག་ལ་གཞིགས་ན། ལོ་60ཡན་གྱི་གཞུང་ལུགས་འཆད་ཁྲིད་དགེ་རྒན་གྱི་མིང་ཐོ་འགོད་པའི་དུས་ཚོད་ནི་ཟླ་7ཚེས་1ཉིན་ནས་ཟླ་8ཚེས་20ཉིན་བར་ཡིན་པ་དང་། 2019ལོའི་སྟོན་དུས་སུ་སློབ་གྲྭར་འབྱོར་ནས་ཞབས་ཞུའི་དུས་ཚོད་རྩ་དོན་ཐོག་སློབ་ལོ་1ལས་ཉུང་མི་རུང་། རོགས་སྐྱོར་བྱ་ཡུལ་རྫོང(གྲོང་ཁྱེར་དང་ཆུས)ཁག་གི་སློབ་གསོ་ཅུས་ཀྱིས་བསྡུ་རྩིས་ཡོད་པའི་ལོ་60ཡན་གྱི་གཞུང་ལུགས་འཆད་ཁྲིད་དགེ་རྒན་དང་ལོ་60ཡན་གྱི་གཞུང་ལུགས་འཆད་ཁྲིད་ཀྱི་ཞབས་ཞུའི་གྲོས་མཐུན་བཞག་སྟེ་ལོ་རེར་གྲོས་མཐོན་ཐེངས་རེ་འཇོག་རྒྱུ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། ལོ་60ཡན་གྱི་གཞུང་ལུགས་འཆད་ཁྲིད་དགེ་རྒན་གྱིས་ཞབས་ཞུ་བྱེད་རིང་། མི་དོན་གྱི་འབྲེལ་བ་དང་གླ་ཆ་སོགས་ཀྱི་ཐོབ་ཐང་ལ་འགྱུར་བ་མེད་པ་དང་ལས་ཀའི་འགྲོ་གྲོན་ཚད་གཞི་ལོ་རེར་མི་རེར་ཆ་སྙོམས་སྒོར་ཁྲི་2ཡིན་ཞིང་། ཟླ་རེ་བཞིན་སྤྲོད་རྒྱུ་རེད། རོགས་སྐྱོར་བྱ་ཡུལ་རྫོང་གིས་ལོ་60ཡན་གྱི་གཞུང་ལུགས་འཆད་ཁྲིད་དགེ་རྒན་ལ་ལས་ཤག་སྤྲད་ནས་དགོས་ངེས་ཀྱི་འཚོ་བའི་སྒྲིག་ཆས་སྒྲིག་སྦྱོར་བྱ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1