ཀའོ་ཀྲི་ཡུང་གི་ལྡེབས་རིས་པར་ལེན་འགྲེམས་སྟོན་ལྷ་སར་སྤེལ་བ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 07-19



          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། དེང་རབས་ཀྱི་པར་ལེན་དང་སྣག་ཚ་གཏོར་བའི་ལག་རྩལ་བརྒྱུད་ནས་བོད་ཀྱི་ཤོག་བུའི་སྟེང་གནའ་བོའི་ལྡེབས་རིས་མངོན་པར་བཅུག་ཚེ་དེའི་རྣམ་པ་ནི་ཅི་ལྟ་བུ་ཞིག་ཡིན་ནམ།
          ཟླ་7པའི་ཚེས་13ཉིན། བོད་ལྗོངས་རྒྱལ་རྩེ་དཔལ་འཁོར་དགོན་པའི་ལྡེབས་རིས་བརྗོད་དོན་གཙོ་བོ་བྱས་པའི“དངོས་ལེགས”ཀའོ་ཀྲི་ཡུང་གི་ལྡེབས་རིས་པར་ལེན་འགྲེམས་སྟོན་དེ་བོད་ལྗོངས་ལྷ་སར་སྤེལ་ཞིང་། འདི་ཡང་བོད་ལྗོངས་སུ་བོད་ཀྱི་སྲོལ་རྒྱུན་ཆོས་ལུགས་ཀྱི་ལྡེབས་རིས་དང་། པར་ལེན། བོད་ཤོག་བཅས་གཞི་རྒྱུ་གསུམ་གྱི་གསར་གཏོད་ཟུང་འབྲེལ་བྱས་པའི་འགྲེམས་སྟོན་ཐོག་མ་ཡིན་ཞིང་། དེས་དེང་རབས་སྒྱུ་རྩལ་ལ་མཛེས་དཔྱོད་ཀྱི་མྱོང་ཚོར་གསར་པ་ཞིག་བྱིན་ཡོད། 
འགྲེམས་སྟོན་གྱི་ཡུལ་དངོས་སུ་ཀའོ་ཀྲི་ཡུང་གིས་ལྟད་མོ་བ་དང་བསམ་ཚུལ་བརྗེ་རེས་བྱེད་པ།

ཡུལ་དངོས་ཀྱི་ལྟད་མོ་བས་ལྡེབས་རིས་ཀྱི་པར་ལེན་བརྩམས་ཆོས་པར་རྒྱག་པ།

ཡུལ་དངོས་ཀྱི་ལྟད་མོ་བས་ལྡེབས་རིས་པར་ལེན་གྱི་བརྩམས་ཆོས་ལ་ལྟ་སྐོར་བྱེད་པ།
          ལྟད་མོ་བས་བོད་ཤོག་སྟེང་གནའ་བོའི་ལྡེབས་རིས་མངོན་པར་བསྔགས་བརྗོད་ཡང་ཡང་བྱས་པ་དང་དུས་མཚུངས་སུ་མཐོང་བ་ནི་སྔར་སོང་གི་མགར་བཟོ་རྣམས་ཀྱི་སྤུས་ལེགས་པའི་རགས་བྲིས་དང་། ཚོན་མདངས་ཀྱི་སྡེབ་སྦྱོར། མཛེས་དཔྱོད་ཀྱི་འདུ་ཤེས་ཁོ་ན་ཙམ་མ་ཡིན་པར། ལོ་ཟླ་མང་པོ་བརྒྱུད་མྱོང་བའི་ཁྲ་རིས་ཀྱི་རྟགས་དེ་དག་ཀྱང་གསལ་བོར་མཐོང་ཐུབ།
          ཐེངས་འདིར་འགྲེམས་སྟོན་བྱས་པའི་ལྡེབས་རིས་ཀྱི་པར་ལེན་བརྩམས་ཆོས་30ལྷག་ཙམ་ནི་ཀའོ་ཀྲི་ཡུང་གིས་བློ་ཁོག་ཆེན་པོས་ཚོད་ལྟ་ཐེངས་མང་བྱས་རྗེས་ཀྱི་སྲོལ་རྒྱུན་ལས་གྲོལ་བའི་རྣམ་པ་གསར་པ་ཞིག་ཡིན་ཞིང་། དེ་བོད་ལྗོངས་ཀྱི་ཁྱད་ལྡན་བོད་ཤོག་གི་གསར་གཏོད་དང་ཟུང་འབྲེལ་བྱས་རྗེས་ལྡེབས་རིས་ཀྱི་ལྗིད་ཏིག་པའི་ལོ་རྒྱུས་ཀྱི་ཚོར་སྣང་གང་ལེགས་སྒོས་མངོན་པར་མ་ཟད། ད་རུང་གནའ་བོའི་ལྡེབས་རིས་ཀྱི་ཚོན་མདངས་ཀྱང་སླར་གསོ་བྱས་ཡོད་པ་རེད།
          འགྲེམས་སྟོན་བྱ་ཡུལ་དུ་ཀའོ་ཀྲི་ཡུང་གིས་ད་ཐེངས་འགྲེམས་སྟོན་བྱས་པའི་ལྡེབས་རིས་ཀྱི་པར་ལེན་བརྩམས་ཆོས་ནི་ཁོང་རང་ཉིད་ཀྱིས་ལོ་བཅུའི་རིང་དཔལ་འཁོར་དགོན་པའི་ལྡེབས་རིས་པར་ལེན་བརྩམས་ཆོས་གྲས་ཀྱི་ཆ་ཤག་ཤིག་ཡིན་པར་བཤད།  ཁོང་གིས་བཤད་རྒྱུར་ལྡེབས་རིས་པར་ལེན་བྱེད་པར་དཀའ་ངལ་ཆེན་པོ་ཡོད་མོད། འོན་ཀྱང་གློག་ཀླད་མདུན་དུ་བསྡད་ནས་པར་རྒྱག་སྐབས་ཀྱི་ཆག་གྲུམ་རྣམས་རིམ་བཞིན་ཆ་ཚང་བའི་རྣམ་པ་བསྒྲིགས་པར་ལྟ་བཞིན་པར་ཆས་ཀྱིས་བླངས་པའི་ཞིབ་ཕྲ་རེ་རེ་བཞིན་མིག་མདུན་དུ་མངོན་ཡོང་དུས། བརྙན་རིས་ཐོག་གི་བག་ཕེབས་དང་། བློ་ཐག་ཆོད་པོ། གུས་བཀུར་བཅས་ཀྱི་ཐིག་རིས་དང་སླ་བཅོས་སྤུ་ཙམ་ཡང་མེད་པའི་ཚོན་ཁྲ་དེ་དག་གིས་ཁོང་ལ་དེ་ནི་བསོད་ནམས་ཆེན་པོ་ཞིག་ཡིན་པའི་ཚོར་བ་བྱིན། ཁོང་གིས་ལྡེབས་རིས་ཀྱི་པར་ལེན་འདི་དག་སྤྱི་དམངས་ཀྱི་མཐོང་སྣེར་རྒྱ་ཁྱབ་ངང་དྲངས་ཏེ། སྒྱུ་རྩལ་མཁས་ཅན་དེ་བས་མང་བར་གསར་རྩོམ་གྱི་གཞི་རྒྱུ་བྱིན་ནས་བོད་ཀྱི་རི་མོའི་སྒྱུ་རྩལ་རྒྱུན་འཛིན་བྱེད་པ་དང་ཆབས་ཅིག་བོད་ཀྱི་རིག་དངོས་སྲུང་སྐྱོབ་བྱ་གཞག་ལའང་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།

ཡུལ་དངོས་སུ་འགྲེམས་སྟོན་བྱས་པའི་ལྡེབས་རིས་པར་ལེན་བརྩམས་ཆོས།

ཡུལ་དངོས་ཀྱི་ལྟད་མོ་བས་ལྡེབས་རིས་པར་ལེན་བརྩམས་ཆོས་ལ་ལྟ་བ།

ཡུལ་དངོས་སུ་འགྲེམས་སྟོན་བྱས་པའི་ལྡེབས་རིས་པར་ལེན་བརྩམས་ཆོས།
          ཀའོ་ཀྲི་ཡུང་ནི་བོད་ལྗོངས་ཀྱི་གྲོ་མོ་རྫོང་དུ་སྐྱེས་པའི“བོད་ལྗོངས་ཀྱི་མི་རབས་གཉིས་པ”ཡིན་ཞིང་། ཁོང་གིས་ལས་ཀའི་ཞོར་ལ་རང་ཉིད་ལོ་ངོ་བཞི་བཅུ་ལྷག་གི་རིང་བོད་ལྗོངས་པར་ལེན་པའི་པར་ཆས་རྙིང་པ་ཞིག་ཏུ་གྱུར་པར་བཅུག་པ་དང་། དུས་རབས་གོང་མའི་ལོ་རབས་90པའི་དུས་འགོར་ཀའོ་ཀྲི་ཡུང་གིས་ཆོས་ལུགས་ཀྱི་ལྡེབས་རིས་པར་ལེན་གྱི་འགྲུལ་བཞུད་བྱེད་འགོ་ཚུགས་ཤིང་། ཁོས་གྲ་ཐང་དགོན་དང་། ས་སྐྱ་དགོན། ཞ་ལུ་དགོན། གོང་དཀར་ཆོས་སྡེ་དགོན། མཐོ་ལྡིང་དགོན་སོགས་བོད་ཀྱི་དགོན་སྡེ་གྲགས་ཅན་20ལྷག་ཙམ་གྱི་ལྡེབས་རིས་པར་དུ་བླངས་མྱོང་། 《མེ་ལོང་ཁྲོད་ཀྱི་ལྷ་ཡུལ་ཏེ། ཀའོ་ཀྲེ་ཡུང་གི་བོད་ཀྱི་ལྡེབས་རིས་ཤུགས་རྐྱེན་གྱི་སྙིང་བཅུད》ཅེས་པའི་བརྩམས་ཆོས་སུ་ལོ་ངོ་བཅུའི་རིང་བླངས་པའི་ཚོན་མདོག་རྣམ་པར་བཀྲ་བའི་ལྡེབས་རིས་དེ་དག་བསྡུས་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1