བོད་ལྗོངས་ཀྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་ནད་པ་30ལ་རིན་མེད་གཤགས་བཅོས་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ སྤེལ་དུས། 07-18


༄༅༎བོད་ལྗོངས་ཀྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་ནད་པ་30ལ་རིན་མེད་གཤགས་བཅོས་བྱས་པ།
     ཟླ་7ཚེས་16ཉིན། བོད་ལྗོངས་ཀྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་ནད་པ་30ལ་རིན་མེད་གཤགས་བཅོས་བྱས་པ་རེད། 
     ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པས་བོད་ལྗོངས་ཧྥུའུ་ཁང་སྨན་ཁང་དང་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་གཉིས་པའི་སྙིང་ཁམས་ཁྲག་རྩའི་ལྟེ་གནས་དང་མཉམ་འབྲེལ་ཐོག་སྤེལ་བའི“ལྷན་སྐྱེས་སྙིང་ནད་ཕོག་མཁན་ལ་རིན་མེད་སྨན་བཅོས་བྱེད་པའི”སྤྱི་ཕན་དགེ་སྒྲུབ་རྣམ་གྲངས་ལྷ་སར་སྤེལ་བ་རེད། 
     ཚེས་16ཉིན་ནས་བཟུང་། སྨན་བཅོས་ཆེད་ལས་མཁས་པའི་ཚོ་ཆུང་གིས་ཉིན་གསུམ་གྱི་དུས་ཚོད་སྤྱད་དེ་ལྷན་སྐྱེས་སྙིང་ནད་ཕོག་པའི་ནད་པ་30ལ་གཅིག་སྡུད་ཀྱི་གཤགས་བཅོས་བྱས་པ་རེད། 
     བོད་རང་སྐྱོང་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པའི་སྐོར་གཟིགས་པ་ལེའོ་དབྱི་ཏུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། དུས་སྐབས་སྔོན་མར། སྨན་བཅོས་འདེམས་བཤེར་ཆེད་མཁས་པའི་ཚོ་ཆུང་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་དང་ལྷ་རི་རྫོང་དུ་བསྐྱོད་དེ་ལྷན་སྐྱེས་ཀྱི་སྙིང་ནད་ཕོག་ཡོད་མེད་འདེམས་བཤེར་བྱེད་པའི་བྱེད་སྒོ་སྤེལ་ནས་བྱིས་པ་1100ལྷག་ཙམ་ལ་ཞིབ་བཤེར་བྱས་པ་དང་འབྲེལ། ཡུལ་དངོས་སུ་ལྷན་སྐྱེས་སྙིང་ནད་དོགས་ཡོད་ནད་པར་སྒྲ་རླབས་ཀྱི་བརྟག་དཔྱད་བྱས་ཏེ། བྱིས་པ་35སྨན་བཅོས་ཀྱི་ཆ་རྐྱེན་དང་མཐུན་པ་གཏན་འཁེལ་བྱས་པ་རེད། 
     དུས་སྐབས་རྗེས་མར། ནག་ཆུ་གྲོང་ཁྱེར་དང་། ལྷ་ས་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར། གཞིས་རྩེ་གྲོང་ཁྱེར་བཅས་ནས་ཡོང་བའི་ནད་པ་30ལ་གཤགས་བཅོས་ཀྱི་ཆ་རྐྱེན་འཛོམས་ཡོད་པ་གཏན་འཁེལ་བྱས་པ་རེད། ནད་པའི་ནང་ལོ་ན་ཆུང་ཤོས་དེ་ལོ་གཅིག་དང་ཟླ་བ་གཉིས་ཡིན་པ་དང་། ལོ་ཆེ་ཤོས་དེ་ལོ་21རེད། 
     ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་པ་སངས་སྒྲོལ་དཀར་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལྷ་རི་རྫོང་གི་ལྷན་སྐྱེས་སྙིང་ནད་ཕོག་པའི་ནད་པ་11ལ་རིན་མེད་སྐྱོབ་བཅོས་བྱ་རྒྱུ་ཡིན་པ་དང་། བོད་ལྗོངས་ཧྥུའུ་ཁང་སྨན་ཁང་གིས་ནད་པ་ཡོངས་ཀྱི་གཤགས་བཅོས་གྲོན་དངུལ་དང་སྨན་རིན་རྩ་ཆག་བཏང་བ་མ་ཟད། ད་དུང་ནད་པ་དང་དེ་བཞིན་ནང་མིའི་འགྲིམ་འགྲུལ་གྲོན་དངུལ་ཡང་སྤྲད་པ་དང་འབྲེལ། འཚོ་བའི་ཁ་གསབ་སྒོར་1000(མི་དམངས་ཤོག་སྒོར་ཡིན་ལ། གཤམ་དུ་ཡང་གཅིག་པ་ཡིན)ཀྱང་སྤྲད་པ་རེད། 
     ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་འདི་ནི་བོད་ལྗོངས་ཧྥུའུ་ཁང་སྨན་ཁང་གིས་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་འབྲེལ་བརྒྱུད་རིམ་ཧྲིལ་པོར་འགན་ལེན་བྱས་པ་ཡིན་ལ། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་ཁྲི་150ཙམ་བཏང་ཡོད་པ་རེད། 
     ལེའོ་དབྱི་ཏུང་གིས་ད་ཐེངས་ཀྱི་བྱེད་སྒོས་བོད་ལྗོངས་ཞིང་འབྲོག་ཁུལ་གྱི“ནད་ཀྱིས་རྐྱེན་པས་དབུལ་པོར་འགྱུར་བ་”དང་“ནད་ཀྱིས་རྐྱེན་པས་སླར་ཡང་དབུལ་པོར་འགྱུར་བའི”གནས་ཚུལ་ལེགས་སུ་བཏང་བ་དང་ཆབས་ཅིག  ནང་སའི་ལྷན་སྐྱེས་སྙིང་ནད་སྨན་བཅོས་ཀྱི་རིགས་གཅིག་མཁས་ཅན་དང་བོད་ཀྱི་སྨན་དོན་མི་སྣའི་དབར་སྤེལ་རེས་དང་མཉམ་ལས་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། ལྷན་སྐྱེས་སྙིང་ནད་ནང་ཞུགས་པའི་སྨན་བཅོས་སྔོན་ཐོན་ལག་རྩལ་གངས་ལྗོངས་ས་མཐོར་ཁྱབ་གདལ་དང་བེད་སྤྱོད་བཏང་ཡོད་པ་རེད།

༄༅༎བོད་ལྗོངས་ཀྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་ནད་པ་30ལ་རིན་མེད་གཤགས་བཅོས་བྱས་པ།

༄༅༎བོད་ལྗོངས་ཀྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་ནད་པ་30ལ་རིན་མེད་གཤགས་བཅོས་བྱས་པ།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1